Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་བྷ་ལ་དམར་པོའི་དབང་བསྐུར་བ།next

ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ།


CMR045_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༼ཡ༽ ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ་ནི། གནས་དབེན་པར་མཎྜལ་མདའ་གང་བྱས་ནས༔ པདྨ་འདབ་བརྒྱད་བྱ༔ དེའི་སྟེང་དུ་ཆང་ཐོད་པ་གང་ལ་བུ་རམ་བཏབ་པ་ཞིག་བཞག༔ གཏོར་མ་རིན་ཆེན་འབར་བ་ཤ་དང་བུ་རམ་མར་གྱིས་བརྒྱན༔ ཤར་དུ་བུམ་པ༔ ནུབ་ཏུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞག་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ༔ ཐོད་པ་ལག་ཏུ་བཞག༔ ཁམས་གསུམ་སྙིང་ཁྲག་འདུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃཨ་བྷི་ཥིཉྩ་ཨཱ༔ གཏོར་མ་རིན་ཆེན་འབར་བ་བྱིན་ལ༔ གཏོར་མ་རིན་ཆེན་འབར་བ་ནི༔ མིང་ནི་རིན་ཆེན་འབར་བ་ཡི༔ ཁམས་གསུམ་ཀུན་གྱི་ནོར་བསྡུས་པས༔ འདོད་དགུའི་ཆར་འབེབས་དབང་གི་རྒྱལ༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃཨ་བྷི་ཥིཉྩ་ཨཱཿ ལྷ་བསྒོམ་པ་དང་སྔགས་འགྲེས་སོ༔ དེ་ནས་ཆུ་སྦྱིན་བྱས་ལ་ཆུ་སྦྱིན༔ ལྷ་བསྒོམ་པ་དང་སྔགས་འདྲེན་པའི་རྗེས་གནང་སྦྱིན་པར་བྱ༔ དེ་རྗེས་ཚོགས་འཁོར་ལ་རོལ༔ ཛཾ་བྷ་ལ་དམར་པོའི་ལུང་འབོགས་པ་ལ་


CMR045_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་མེད་པར་སྦྱིན་མི་རུང་༔ ཆེ་འབྱོར་ཆུང་འབྱོར་ཕུལ་ལ་ལུང་བླངས༔ དེ་ལྟར་བྱས་པས་སློབ་མ་ལ་བྱིན་རླབས་འཇུག་གོ༔ ཨྠྀི༔ ཆོས་འདི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི༔ པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་སྦས༔ གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཏོན་པ་ལས་རིམ་གྱིས་བརྒྱུད་པའོ༔ གཏོར་མ་གཞན་གཉིས་གཅིག་ཡི་དམ་ལ་འབུལ༔ ཛཾ་བྷ་ལ་དམར་པོའི་རྗེས་གནང་ནི༔ མཎྜལ་ཚོམ་བུ་དམར་པོ༔ ཛཾ་གཏོར་སྨུག་རྩི་ཅན༔ ཐོད་ཆང་༔ ཤར་དུ་བུམ་པ་ཆུ་གཙང་གིས་བཀང་བ༔ ནུབ་ཏུ་ཟངས་གཞོང་ནང་དུ་སྐུ་བཅས་བཤམས༔ མཆོད་གཏོར་གྱིས་བསྐོར༔ དངོས་གཞི་མཎྜལ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ལ་ཛཾ་ལྷ་དམར་པོ་ཡི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ རྒྱུད་བཤད༔ སློབ་མ་ཛཾ་དམར་དུ་བསྐྱེད༔ ཡེ་ཤེས་པ་གཞུག༔ དམིགས་པས་དབང་བསྐུར་རྒྱས་གདབ༔ སྐུ་སློབ་དཔོན་ཛཾ་བྷ་ལའི་ཐུགས་ཀར་ཉི་མ་ལ་ཛཾ་ཡིག་དམར་པོའི་མཐར་སྔགས་ཀྱིས་བསྐོར་བ་སོགས་བཟླ༔ ལུས་ཀྱི་སྤྱི་འགྲོའི་གཟུངས་སུ་སྦྱིན༔ གསུང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་དྲུག་སྤྲོས༔ འོད་དུ་ཞུ་བ་


CMR045_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སློབ་མའི་སྙིང་གར་བསྟིམ༔ མཉམ་པར་བཞག༔ ཐུགས་བདུད་རྩི་གསང་བ་སྦྱང་ངོ་བོ་ཛཾ་བྷ་ལ་རྣམ་པ་བདུད་རྩི་ཁ་དོག་དམར་པོས་ཁམས་གསུམ་དབང་དུ་འདུས་པར་དམིགས་ལ་སྦྱིན༔ ཁམས་གསུམ་སོགས་ཤོ་ལོ་ཀ་སྔགས་བཟླ༔ ཡོན་ཏན་གཏོར་མ་ལྷར་གསལ་བ་མགོར་བཞག༔ བཀའ་བསྒོ་དངོས་གྲུབ་རྗེས་སྦྱིན༔ ཆུ་སྦྱིན་བྱ༔ ཁས་བླངས་ཡོན་འབུལ་རྗེས་ཆོག་སྤྱི་དང་འདྲའོ༔ ཡིག་ཆར་མི་གསལ་བའི་ཞལ་ལུང་སྤྱི༔ བརྒྱུད་པ་ནི༔ སློབ་དཔོན་པདྨ༔ གྲྭ་པ་མངོན་ཤེས་ཅན༔ ཉེ་གནས་བྲག་ནག་པ༔ བླ་མ་མངའ་རི་པ༔ གོ་ལུང་པ་ནམ་མཁའ་རྒྱལ་མཚན༔ གོ་ལུང་པ་མདོ་སྡེ་དཔལ། གྲུབ་ཆེན་ཨོ་རྒྱན་དཔལ། ཚ་ཚ་མོ་ཤེས་རབ་རིན་ཆེན། བྱང་སེམས་གཞོན་ནུ་ཚུལ་ཁྲིམས། ལྷ་མཐོང་རིན་ཆེན་དཔལ། ཉུག་པ་ཆོས་གྲགས་དཔལ། མཁན་ཆེན་རྒྱལ་བ་ཕྱག་ན། གེ་མོ་རིན་ཆེན། རིའུ་པ་རིན་ཆེན་ཆོས་རྒྱལ། ཁྲམ་པ་རིན་ཆེན་རྒྱལ་མཆོག །རྗེ་བཙུན་གྲོལ་མཆོག་ཞབས། མཁན་ཆེན་ལུང་རིག་རྒྱ་མཚོའོ།། །།


previousཛཾ་བྷ་ལ་དམར་པོའི་དབང་བསྐུར་བ།next