Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ།next

ཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ།


CMR045_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༼ར༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ་བཞུགས་སོ། །


CMR045_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་ས་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ་ནི། གནས་དབེན་པར་མཎྜལ་མདའ་གང་བྱས་ལ་པདྨ་འདབ་བརྒྱད་བྱ། དེའི་ནང་དུ་ཆང་ཐོད་པ་གང་ལ་བུ་རམ་བཏབ་པ་ཞིག་བཞག །གཏོར་མ་རིན་ཆེན་འབར་བ་ལ་ཤ་དང་བུ་རམ་དང་མར་གྱིས་བརྒྱན། ཤར་དུ་བུམ་པ། ནུབ་ཏུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞག་ལ༔ ཞེས་གསུངས་པས་མཎྜལ་འཛོམས་ན་གཞི་བཏིང་ཞིང་། མ་འཛོམས་ན་འབྲུའི་ཚོམ་བུའི་ཆོག །དབང་སྒྲུབ་ནི་ལས་བྱང་ཚར་གཅིག་བཏོན་པས་བདག་མདུན་བུམ་གསུམ་གཏོར་མའི་རྩེ་དང་ཐོད་པའི་ནང་དུ་ཛམྦྷ་ལ་ལྷ་


CMR045_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སོ་སོར་དུས་གཅིག་བསྒོམས་པས་ཆོག །དེ་ནས་བསྙེན་པ་བརྒྱ་རྩ་ཡན་ཆད་ཅི་འགྲུབ་བྱས་ལ། བུམ་ལྷ་འོད་དུ་ཞུ་ནས་བདུད་རྩི་དཀར་པོ་དང་། ཐོད་པའི་ལྷ་འོད་དུ་ཞུ་ནས་བདུད་རྩི་དམར་པོར་གྱུར་པར་བསྒོམ། དེ་ནས་སློབ་མ་ཁྲུས་བྱས། རིན་པོ་ཆེའམ་ཟངས་ཀྱི་རིགས་སོགས་དབང་ཡོན་དུ་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འབྱུང་ངོ་། །སྟོང་པར་ཕུལ་མི་རུང་རྟེན་འབྲེལ་གྱིས་གནད་ཆེ་བས་རང་ལ་མེད་ན་གཞན་ནས་གཡར་པོའི་ཚུལ་བྱས་ནས་མདུན་དུ་བཞག་པ་གལ་ཆེ། མཎྜལ་ཕུལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཛཾ་དམར་ཡབ་ཡུམ་གྱི། །དབང་རྣམས་རྫོགས་པར་བསྐུར་དུ་གསོལ། །དཀོན་མཆོག་གསུམ་


CMR045_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷ་ཝ་སོགས་ནས། །སློབ་མ་མི་དམིགས་པར་སྟོང་པར་གྱུར་ནས་མངོན་རྟོགས་ལས་བྱང་ལྟར་ལ་དབྱེར་མེད་སྤྱན་དྲངས། རོལ་མོ་དབྱངས་དང་བཅས། སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །རྩ་སྔགས་དང་། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། བུམ་པ་ལག་ཏུ་ཐོགས་ལ། ཇི་ལྟར་བལྟམས་པ་རྩམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་ནི་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་


CMR045_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོའི་འཁོར་གྱིས་བསྐོར། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་སྐུ་ཡི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་འོག་མ་ཀུན་ལ་འགྲེས། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །འདིའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུར་འགྲུབ་པར་དབང་ངོ་། །ཐོད་པ་ལག་ཏུ་བཞག་ལ། ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བླུད། །ནོར་གྱི་དབང་ཕྱུག་སོགས། གསུང་གི་བཀྲ་ཤིས་ཤོག །དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ། ངག་ལ་ནུས་པ་འབྱུང་། འབྲས་བུ་ལོངས་སྐུ་འགྲུབ་པར་དབང་ངོ། །གཏོར་མ་རིན་ཆེན་འབར་བ་སྦྱིན་ལ། ཡིད་བཞིན་རིན་ཆེན་འབར་བ་ཡི། །ཁམས་གསུམ་ཀུན་གྱི་ནོར་བསྡུས་པས། །འདོད་དགུ་ཆར་འབེབས་དབང་གི་རྒྱལ། །བུ་ལ་བྱིན་པས་


CMR045_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ། །ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ནོར་གྱི་དབང་ཕྱུག་སོགས། ཐུགས་ཀྱི་བཀྲ་ཤིས་ཤོག །འོ་དེས་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། །འབྲས་བུ་ཆོས་སྐུ་འགྲུབ་པར་འགྱུར་བའོ། །དེ་ནས་ཆུ་སྦྱིན་བྱས་ཏེ། མདུན་དུ་པཱ་ཨཱི་མ་ཡིག་ལས་བྱུང་བའི། །ཞེས་པ་ནས། གནས་ཁེངས་པར་གྱུར་གྱི་བར་འདོན་སྔགས་བཟླ་ཞིང་སློབ་དཔོན་གྱིས་ཆུ་ཅུང་ཟད་ཕྱར་ཞིང་། སློབ་མ་ལ་ཕྱར་བཅུག །སློབ་དཔོན་སློབ་མ་གཉིས་ཀས་སྔགས་བརྒྱ་ཚར་བརྗོད། སློབ་མས་རྗེས་ཟློས་བྱ་ཞིང་། ཨརྒྷཾ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་སོགས་ཤཱ་ལོ་ཀ་གཅིག་གི་རྗེས་ཟློས་བཅུག །དེ་ནས་ཇི་བྷ་ལའི་ཞལ་དང་ནེའུ་ལེ་ནོར་སྐྱུགས་གསུམ་ལ་རེག་པར་བསྒོམ། བྱང་ཆུབ་སེམས་ཀྱི་ཆུ་དམར་པོ་ལྕེ་ཐོག་ལ་བཞག་སྟེ་དངོས་གྲུབ་བླངས། ཨོཾ་ཨཱཿཧཱུྃ། ཆུ་དེ་རང་གིས་ཅུང་ཟད་ལོངས་སྤྱོད། །ཆུ་དེ་རང་གི་འཐུང་ཆུ་ནང་དུ་བླུགས། དེ་ནས་ལྷ་སྒོམ་པ་དང་སྔགས་འདྲེས་པའི་རྗེས་གནང་ནི། ཨོཾ་སྭ་བྷ་ཝས་སྦྱངས། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར། དེའི་ངང་ལས་ཁྱེད་རང་གི་མདུན་གྱི་གཏོར་མ་འདི་ཞེས་པ་ནས་ནོར་སྐྱུགས་གཉིས་མནན་པ་དེ་ལྟ་བུ་ཞིག་བསྒོམ། ཞེས་པའི་བར་ཆུ་སྦྱིན་རྒྱས་པའི་ནང་ལྟར་རོ། །དེ་ནི་ལྷ་བསྒོམ་པའི་རྗེས་གནང་ངོ་། །ད་ཁྱེད་རང་གིས་ངེད་ལ་མེ་ཏོག་


CMR045_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་ཕྲེང་བ་ཞིག་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཛཾ་དམར་ཡབ་ཡུམ་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་མགོར་བཞག་ལ། ཇོ་དམར་ཡབ་ཡུམ་འདི་ལ་བསྩལ་ལགས་ཀྱིས། ཞེས་སོགས་སྔོན་ལྟར་བརྗོད། །རྒྱུད་སྡེ་རྣམས་ནས་འབྱོར་པ་ཐོབ་པའི་དབང་གི་གཙོ་བོ་རྒྱལ་སྲིད་སྣ་བདུན་ཡིན་པར་བཤད་པ་མཐའ་བརྟེན་ནི། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སྤྲོ་ན་བསྐུར། ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། གཏོར་མ་འདི་ཉིད་ཛཾ་དམར་ཡབ་ཡུམ་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པར་བསྒོམ། ཞེས་གཏོར་མ་སྤྱི་བོར་བཞག །ཡིད་བཞིན་རིན་ཆེན་གཏེར་འདི་བསྒྲུབ་པ་ལ། །མ་ལུས་འགྲོ་བའི་དབུལ་བ་སེལ་བའི་ཕྱིར། །ནོར་ལྷ་ཀུན་གྱི་ནང་ནས་ཛཾ་བྷ་ལ། །དམར་པོ་ཡབ་ཡུམ་འཁོར་བཅས་དབང་བསྐུར་རོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་ཚོགས་ཀྱི་དངོས་གྲུབ། སློབ་


CMR045_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དྷ་ན་ཀོ་ཤ། རྒྱལ་པོ་སུ་ཁ་དེ་ཝ། སློབ་དཔོན་པདྨ་འབྱུང་གནས། གཏེར་སྟོན་གྲྭ་པ་མངོན་ཤེས། ཉེ་གནས་བྲག་ནག་པ། བླ་མ་མངའ་རི་པ། གོ་ལུང་པ་ནམ་མཁའ་རྒྱལ་མཚན། གོ་ལུང་པ་མདོ་སྡེ་དཔལ། གྲུབ་ཆེན་ཨོ་རྒྱན་དཔལ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། རིགས་བདག་སྣང་བ་མཐའ་ཡས། མགོན་པོ་ཛཾ་བྷ་ལ་དམར་པོ། གཡས་ཞལ་དཀར་པོ་ཛཾ་དཀར། གཡོན་ཞལ་ཛཾ་ནག །གསང་ཡུམ་སྒྲོལ་མ་དམར་མོ་རིག་བྱེད་མ། སྐུ་རྒྱན་ཡེ་ཤེས་ཀླུ་བརྒྱད། གདན་ཁྲི་ནོར་སྐྱུགས་ཕོ་མོ། །བཀའ་སྡོད་ཨ་པར་ཙིཏྟ་ལ་སོགས་པ་ནོར་ལྷ་བྱེ་བ་བདུན་འབུམ་གྱི་ཚོགས་དང་བཅས་པས་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། དབུལ་ཕོངས་སྐལ་ངན་མུ་གེ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་འཁོར་དང་ལོངས་སྤྱོད་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། གོད་ཁ་སྙིང་སྟོང་ཐམས་ཅད་བཟློག་པར་མཛད་དུ་གསོལ། ཚེ་


CMR045_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཐམས་ཅད་དུ་འབྱོར་པ་ཕུན་སུམ་ཚོགས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་སངས་རྒྱས་པར་མཛད་དུ་གསོལ། རྩ་སྔགས་དང་། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཤིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གནས་ལྔར་གཏུགས། བསོད་ནམས་རི་བོ་བཞིན་དུ་སོགས་བརྗོད། འོ་དེས་ཛི་དམར་གྱི་དབང་རྒྱས་པ་ཐོབ་པ་ཡིན་པས་འདི་ཉམས་སུ་ལེན་ནས་དཀོན་མཆོག་ལ་མཆོད་པ་དང་། དབུལ་ཕོངས་ལ་སྦྱིན་པ་གཏོང་། དངོས་གྲུབ་ཀྱི་ཕུད་ཀྱིས་ལྷ་དང་བླ་མ་ཡང་མཆོད་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་དང། མཎྜལ་བྱ། རྗེས་ལ་ཛཾ་དམར་གྱི་ཚོགས་འཁོར་བྱས་ལ་རོལ། ཛཾ་བྷ་ལ་དམར་པོའི་དབང་གི་ལུང་འདི་འབོགས་པ་ལ་འབུལ་བ་མེད་པར་བྱ་མི་རུང་ངོ་། །ཆེ་འབྱོར་ཆུང་འབྱོར་འབུལ་ལ་དབང་བླངས། དེ་ལྟར་བྱས་པས་སློབ་མ་ལ་བྱིན་རླབས་འཇུག་གོ །ཨྠ྄ྀི། གཏེར་གཞུང་ལ་དབང་གི་རྩ་ཚིག་ལས་མེད་དེ། ངག་ལས་ཤེས་དགོས་པས་དགེ་སློང་སྦྱིན་པས་བསྐུལ་ནས། རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་བསྐུལ་བ་པོས་ཡི་གེ་བྲིས་པའོ། །སརྦ་མངྒ་ལཾ་བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ།next