Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ།next

ཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ།


CMR045_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ་བཞུགས་སོ༔ ཧཱུྃ༔ ཧཱུྃ་ལས་ཛམྦྷ་ལ་ནག་པོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁྲག་གིས་བཀང་བའི་ཐོད་པ་དང་༔ གཡོན་པས་ནེའུ་ལེ་རབ་ཏུ་འཛིན༔ སྤྱན་གསུམ་དམར་ཟླུམ་ཅུང་ཟད་ཁྲོ༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔ སྐུ་ལ་རིན་ཆེན་རྒྱན་ཆ་གསོལ༔ གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་རྗེས་ནོར་གྱི་ཆར་པ་འབེབས༔ ཨཱརྱ་ཛཾ་ལྷ་ནག་པོ་ཁྱེད༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱྭ་དང་གཡང་གི་དངོས་གྲུབ་ནི༔ རི་རབ་ལྟ་བུར་སྤུངས་ཤིང་བྱོན༔ རྒྱ་མཚོ་ལྟ་བུར་འཁྱིལ་ཞིང་བྱོན༔ བར་སྣང་ཆར་བཞིན་འབེབས་ཤིང་བྱོན་བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ སྙིང་རྗེའི་ཤུགས་ཀྱིས་མྱུར་དུ་བྱོན༔ སྦྲ་ཁྱིམ་གཡང་རྟེན་འདི་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མ་བྱིན་བླངས་དང་སེར་སྣ་བཤགས༔ རི་རབ་གླིང་བཞིའི་ཕྱུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་


CMR045_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་རྟེན་ཆོས་ཤིག༔ ཨཱརྱ་ཛི་ལྷ་ནག་པོ་ལ༔ གཡང་བཤོས་བ་ལི་མཆོད་པ་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་རྣམས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ཨོཾ་ཨརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁ་ཧི༔ ཞེས་སྔགས་བརྗོད། རི་རབ་གླིང་བཞིའི་དངོས་གྲུབ་བདག༔ ཛཾ་ལྷ་ནག་པོའི་བཀྲ་ཤིས་ཤོག༔ ཅེས་པའི་།ཛཾ་ལྷ་ནག་པོ་འདི་ནི་བཀའ་གཏད་ཡོད་པས་ཛ་ལྷ་ཉེར་གཅིག་གི་གཞུང་དུ་གསང་བར་བྱས་ནས་ལས་བྱང་གཅིག་བྱས་པ་འདི་ནི་ཨ་རཱ་གས་བྲིས་པ་འདི་ཁོ་ན་ལ་བརྒྱ་ཚར་བཏོན་ན་དངོས་གྲུབ་ཆར་ལྟར་འབེབས་པ་ནི་གར་མཁན་མཆོག་གི་རྒྱུད་ལས་གསུངས་སོ༔ ལས་བྱ་དུས་བཏོན་ན་བཟང་བར་བཤད་དོ༔ བཀའ་རྒྱ་ཡོད་པས་གཞན་ལ་མང་དུ་མ་སྤེལ་ཅིག༔


previousཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ།next