Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་།next

ལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་།


CMR045_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།


CMR045_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ༔ བཛྲ་སྤ་ར་ཎ་ཁཾ་སྭཱ་ཧཱ། ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། །བཅུ་གཉིས་མཚན་ལྡན་ཟས་ནོར་བདག །སྐུ་མདོག་ལྗང་མཛེས་འོད་ཟེར་འཕྲོ། །ཕྱག་གཉིས་རིན་ཆེན་པདྨ་དང་། །སྐྱབས་སྦྱིན་རོལ་སྟབས་བུམ་སྟེང་བཞུགས། །དཔལ་ལྡན་མ་དང་བཀྲ་ཤིས་མ། །པདྨའི་ཕྲེང་བ་ནོར་གྱི་བདག །དཀར་མོ་གྲགས་པ་ཆེན་མོ་དང་། །པདྨའི་སྤྱན་དང་བྱེད་པ་མོ། །འོད་ཆེན་མ་དང་ཟས་སྦྱིན་མ། །རིན་པོ་ཆེ་ནི་རབ་སྦྱིན་མ། །གསེར་མདོག་


CMR045_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་ལྔ་བརྒྱར་བཅས། །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ནོར་རྒྱུན་མ་དང་ཟླ་ཤེལ་མ། །སྦྱིན་བྱེད་རབ་སྦྱིན་འཕགས་མ་དང་། །སྦས་མ་རབ་བཟང་དབྱངས་ཅན་མ། །གསེར་མདོག་འབྲས་ཀྱི་སྙེ་མ་འཛིན། །ཟས་ནོར་ལོངས་སྤྱོད་གཡང་གི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཤུག་སྔོན་གཡུ་ཡི་ཐོག་བུ་ཅན། །བལ་བུ་བྱུ་རུའི་ལན་ཚར་


CMR045_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མཁན་དཀར་གསེར་གྱི་ཐོག་བུ་ཅན། །སྦ་སྨྱུག་ལ་སོགས་ལྷ་ཤིང་དང་། །ཕྱེ་མར་ཞལ་ཟས་འོ་སྐོལ་དང་། །ཇ་ཆང་ཟས་ཕུད་གསེར་སྐྱེམས་རྣམས། །འབྱུང་བ་མེ་ལ་བསྲེགས་པ་ཡིས། །དྲི་ཞིམ་ཡིད་འོང་རྣམས་ཀྱི་བསང་། །དེ་ལྟར་བསང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །འབྲུ་སྣ་བདུན་གྱི་དངོས་གྲུབ་སྩོལ། །རིན་ཆེན་བདུན་གྱི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ། །ཚེ་རྒྱུདང་དཔལ་འབྱོར་དངོས་གྲུབ་སྩོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དགྲ་དང་བགེགས་ཀྱི་གནོད་པ་རྣམས། །སྐད་ཅིག་ཉིད་ལ་ཞི་བར་མཛོད། །རྟག་ཏུ་སྲུང་ཞིང་སྐྱོབ་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཚོགས་བདག་བསང་ནི། །ཀྱཻ། སུམ་ཅུ་རྩ་གསུམ་གནས་མཆོག་ན། །ལྷ་ཆེན་ཚོགས་ཀྱི་བདག་པོ་ནི། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །བདུད་རྩི་ཇ་ཆང་ཕུད་ཀྱིས་མཆོད། །སྐུ་ཡི་ཚོགས་བདག་དཀར་པོ་བསང་། །དགྲ་


CMR045_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་གནོད་པ་ཞི་བར་མཛོད། །གསུང་གི་ཚོགས་བདག་དམར་པོ་བསང་། །ཁམས་གསུམ་དབང་དུ་འདུ་བར་མཛོད། །ཐུགས་ཀྱི་ཚོགས་བདག་སྔོན་པོ་བསང། །ཕ་རོལ་དམག་དཔུང་གཡུལ་ངོ་ཟློག །ཡོན་ཏན་ཚོགས་བདག་སེར་པོ་བསང་། །ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད། །ཕྲིན་ལས་ཚོགས་བདག་མཐིང་ག་བསང། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །ཡེ་ཤེས་ལས་ལ་གྲུབ་པ་ཡི། །ཚོགས་བདག་གླང་སྣ་སྤྲེལ་ཐོད་ལ། །བསང་དང་མཆོད་པ་རྒྱ་ཆེན་འབུལ། །རིགས་ཀྱི་བུ་ལ་རྒྱུད་པའི་ལྷ། །འཁོར་བ་སྲིད་པའི་ལུགས་ཡིན་པས། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །མི་དང་ལྷ་རུ་མ་འབྲལ་ཞིག །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཀླུ་མི་མགོན་དཀར་པོའི་བསང་ནི། །ཀྱཻ། རྒྱ་མཚོ་ཆེན་པོ་དྭངས་བའི་དབུས། །རིན་ཆེན་གཞལ་ཡས་ཁང་པ་ནས། །པདྨ་ཟླ་བའི་གདན་སྟེང་དུ། །ཀླུ་རྒྱལ་མི་མགོན་དཀར་པོ་དང་། །ཀླུ་མོ་ཀུན་ཤེས་འོད་ལྡན་དང་། །བློན་པོ་དུང་སྐྱོང་འབར་བ་དང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །ཀླུ་མོ་མལ་དྲོ་གཟི་


CMR045_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་རྣམས། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །རིན་ཆེན་དར་གྱི་རྒྱན་དང་ལྡན། །གཞོང་པ་ནོར་བུའི་གང་བ་འཛིན། །ཀླུ་རྒྱལ་འཁོར་དང་བཅས་པ་ལ། །རིན་པོ་ཆེ་དང་ཀླུ་སྨན་དང་། །ཤུག་སྔོན་གཡུ་ཡི་ཐོག་བུ་ཅན། །བལ་བུ་བྱུ་རུའི་ལན་ཚར་ཅན། །མཁན་དཀར་གསེར་གྱི་ཐོག་བུ་ཅན། །སྦ་སྨྱུག་ལ་སོགས་ལྷ་ཤིང་དང་། །ཕྱེ་མར་ཞལ་ཟས་འོ་སྐོལ་དང་། །ཇ་ཆང་ཟས་ཕུད་གསེར་སྐྱེམས་རྣམས། །འབྱུང་བ་མེ་ལ་བསྲེགས་པ་ཡི། །དྲི་ཞིམ་ཡིད་འོང་རྣམས་ཀྱིས་བསང། །དེ་ལྟར་བསང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །འབྲུ་སྣ་བདུན་གྱི་དངོས་གྲུབ་སྩོལ། །རིན་ཆེན་བདུན་གྱི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ། །ཚེ་དང་དཔལ་འབྱོར་དངོས་གྲུབ་སྩོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དགྲ་དང་བགེགས་ཀྱི་གནོད་པ་རྣམས། །སྐད་ཅིག་ཉིད་ལ་ཞི་བར་མཛོད། །དེ་ནས་རྨ་རྒྱ་སྤོམ་རའི་བསང་ནི། །ཀྱཻ། ཤར་ཕྱོགས་གངས་རི་རྩེ་རྒྱལ་


CMR045_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ན། །འོད་ཀྱི་གུར་འཁྱིལ་འཇའ་ཚོན་ནང་། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །སྐུ་རྒྱལ་ཕུ་བོ་ཆེ་བ་སྟེ། །རྨ་རྒྱལ་སྤོམ་ར་ཡུལ་ལྷའི་གཙོ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཐུགས་ཀར་ཡིད་བཞིན་ནོར་བུ་འབར། །ཡ་མཚན་དུང་མི་དུང་རྟ་ཆིབས། །དུང་རྨོག་དུང་ཁྲབ་ལྡེམ་འཕྲུ་ཅན། །ཕྱག་ན་མདུང་དར་ནོར་བུ་འཛིན། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བཞི་བཅུ་ཞེ་ལྔ་དང་། །རྨ་སྨན་འབུམ་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཇ་ཆང་ཟས་ཕུད་སྐོམ་གྱིས་མཆོད། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ། །བཙན་ཕྱུག་འཕེན་དར་ཆེ་བ་དང་། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལྷ་མོ་དཔལ་དང་ཚོགས་བདག་ཀླུ་རྒྱལ་མི་མགོན་དཀར་པོ་རྨ་སྤོམ་ར་སོགས་ཀྱི་གཡང་བསང་བསྡུས་པ་ཨ་རཱ་གས་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་།next