Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ།
   
   
   
   
   
   
   
   


 
previousལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ།next

ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ།


CMR045_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ་བཞུགས་སོ། །


CMR045_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཛཾ་བྷ་ལ་ཡེ། སེམས་ཅན་དབུལ་ཕོངས་ཞི་མཛད་ལྷ་མོ་དཔལ། །བཀྲེས་པའི་སྡུག་བསྔལ་སེལ་བྱེད་ཆེན་མོ་ལ། །བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་མཛད་ཕྱིར། །གུས་པས་ཕྱག་འཚལ་འགྲོ་ལ་ཕན་དོན་དུ། །ལྷ་མོ་དཔལ་གྱི་སྒྲུབ་ཐབས་ཟབ་ཁྱད་བྲི། །ཤིན་ཏུ་དབེན་ཞིང་ཉམས་དགའི་གཞི་མ་ལ། །གཞུང་དུ་བཤད་པའི་གཡང་རྫས་སྣ་ཚོགས་བསགས། །བཤོས་ཆེན་བཤོས་ཕྲན་རྣམས་ཀྱང་གཞུང་བཞིན་བཤམས། །གཡས་སུ་ཕོ་ཡི་རྟེན་ལ་མདའ་དར་དང་། །གསེར་དངུལ་ལ་སོགས་རིན་པོ་ཆེ་ཡི་རིགས། །དར་ཚོན་སྣ་ལྔས་བརྒྱན་པ་གཡས་སུ་བཙུགས། །གཡོན་དུ་འབྲི་བརྒྱའི་མར་ལ་མར་ཁུའི་མཚོ། །ལོངས་སྤྱོད་ཐབ་ཁ་རྒྱས་ཕྱིར་གཡོན་དུ་བཤམས། །མདུན་དུ་གཡང་སྒྱེ་གེ་ལུ་བལ་ཚོན་བརྒྱན། །


CMR045_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ནང་དུ་འབྲུ་སྣ་གང་འཛོམ་དང་། །ཕྱུག་པོ་ཡུལ་གྲགས་ཅན་གྱི་སྤུ་སྣ་བཅུག །ལོ་ཐོག་དབང་སྡུད་བཟང་ཞིང་ས་སྣ་བསྡུས། །ཚེ་སྲོག་བརྟན་པའི་བླ་ཤུག་རྒྱབ་ཏུ་འཛུགས། །དངོས་གྲུབ་གང་འདོད་འབྱུང་བའི་ཕྱེ་མར་བཤམས། །ཚེ་རིང་དཔལ་འབྱོར་རྒྱས་པའི་གཡང་རྫས་བསགས། །གཡས་གཡོན་ལྷ་ཀླུ་མདུན་དུ་རྨ་རྒྱལ་གྱི། །བཤོས་བུ་རང་མཐུན་རྫས་ཀྱིས་བསྐོར་བར་བསྐོར། །རྗེ་ལ་འབངས་འཁོར་རྒྱས་པའི་བརྡ་ཡིན་ཕྱིར། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་བཅའ་ཚུལ་གསུངས། །བདག་གིས་གནམ་ཆོས་ནས་བྱུང་གཏེར་ཆོས་དང་། །ཁྱེད་ཀྱི་ཐུགས་ལས་བྱུང་བའི་ཆོས་གཏེར་འདི། །ཚིག་གི་བསྒྱུར་སོ་མ་གཏོགས་འདྲ་བར་གསུངས། །དེ་སྐད་མི་འགྱུར་རྡོ་རྗེས་གསུངས་པའོ། །བདག་གིས་མི་འགྱུར་རྡོ་རྗེར་འདི་སྐད་ཞུས། །མ་


CMR045_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ཕྱི་རབས་དབུལ་པོའི་དོན་ཕྱིར་དུ། །ལྷ་མོ་དཔལ་གྱི་སྒྲུབ་ཐབས་ཆ་ཚང་ཞིག །བྲིས་ནི་འགལ་འཁྲུལ་ཉེས་པ་ཨེ་འབྱུང་ཞུས། །གཞན་ལ་ཕན་ཡང་རང་ཉིད་དབུལ་ཉེས་ཡོད། །དེ་ཕྱིར་མང་དུ་སྤེལ་བར་མི་རུང་གསུངས། །སློབ་དཔོན་ཐུགས་ཀྱིས་གཏེར་ལ་ཉེས་འགལ་མེད། །དེ་སྐད་གསུངས་པས་དམིགས་རིམ་སྒྲུབ་ཐབས་བཀོད། །འདི་ཡི་སྒྲུབ་ཐབས་དམིགས་རིམ་བཀོད་པ་འདི། །དམ་ལྡན་སྙིང་གི་བུ་ནི་མ་གཏོགས་པར། །བཀའ་རྒྱ་ཤིན་ཏུ་ཆེ་བས་སྤེལ་མི་རུང། །ཞེས་སོ། །སྒྲུབ་སྔགས་དམིགས་རིམ་འདི་ཉིད་ནི། །སྒྲུབ་པ་བྱེད་དམ་གཡང་སྐྱབས་དུས། །རྣོ་མྱུར་ལྡན་པའི་དམིགས་རིམ་དང་། །བྱིན་རླབས་ལྡན་པའི་སྒྲུབ་པ་རྣམས། །ཚེས་གྲངས་གཟའ་སྐར་བཟང་པོར་བྱ། །ཞེས་གསུངས། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི། །ཐུགས་ཀའི་ཧཱུྃ་ཡིག་དེ་ཉིད་ལས། །བདུད་རྩི་རྒྱུན་དུ་བབ་པ་ཡི། །མི་གཙང་ནད་གདོན་སྡིག་སྒྲིབ་ཚོགས། །སྲིན་བུའི་ཚུལ་དུ་བུད་པར་བསམ། །ཁྲུས་ཆུ་གཏོར་བའི་དམིགས་རིམ་ནི། ཧཱུྃ། ང་ནི་ཁྲོ་བོ་བདུད་རྩི་འཁྱིལ། །བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས། །སོགས་བརྗོད། སྦྲ་ཁྱིམ་རྣམས་ཐ་མལ་དུ་མ་ཡིན་པ་སྐད་ཅིག་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་པ། སྟོང་ཞིང་གསལ་ལ་གསལ་ཞིང་སྟོང་པ་གསེར་གྱི་ར་བ་དང་རིན་པོ་ཆེ་དང་མ་རྨོས་པའི་ལོ་ཏོག་ཕུན་


CMR045_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་དུས་འཁོར་བ་མ་སྟོང་བར་དུ་རྒྱུན་མི་འཆད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་བསྒོམས་ལ། གནས་ཁང་བྱིན་གྱིས་རླབས་པ་ནི། ཧཱུྃ། དངོས་གྲུབ་ཀུན་གྱི་བདག་པོ་སྟེ། །ལྷ་མོའི་བྱིན་རླབས་མཛད་པ་ཡི། །ཚེ་དབང་ལོངས་སྤྱོད་ཀུན་གྱི་བདག །གནས་ཁང་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བྱིན་གྱིས་བརླབས་ནས། སྟོང་པའི་ངང་ལས་སྦྲ་ཁྱིམ་འདི། །ཅེས་སོགས་ནས། ས་གཞི་གསེར་ལས་གྲུབ་པའི་པདྨ་འདབ་བརྒྱད་དང་ལྡན་པའི་སྟེང་གི་གཡང་རྫས་བསམ་གྱིས་མི་ཁྱབ་པ་ལས་འོད་འཕྲོས་པས། །གཡང་གི་ལྷ་མོ་དེ་ཉིད་ཀྱིས་དགོངས་ནས། ངས་ཡོན་བདག་འདི་ལ་མི་ཟད་པའི་གཏེར་འཕེལ་ཆེ་བ་འབྲུ་ཡི་དངོས་གྲུབ་ས་ཡི་ལྷ་མོ་དང་ལོངས་སྤྱོད་མཉམ་པའི་མོས་གུས་གདུང་ཤུགས་ཀྱིས་གསོལ་བ་ཡང་ཡང་བཏབ་པ། །ཀྱཻ། དེ་རིང་གཟའ་སྐར་ཚེས་གྲངས་བཟང་། །སོགས་ཅེས་པས། གཡང་གི་ལྷ་མོ་སྐུ་མདོག་ལྗང་སྔོན། ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཛེས་པའི་ཉམས་ཅན་དེ་ཡི་ཐུགས་ཀ་ནས་བཾ་ཡིག་སྔོན་པོ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕོག་པས་ཕྱི་སྣོད་འཇིག་རྟེན་གྱི་ཚེ་དང་


CMR045_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བཀྲག་མདངས་གཟི་མདངས་ཐམས་ཅད་འོད་ཟེར་སྔོན་པོའི་ཚུལ་དུ་བསྡུས་ནས་སྦྲ་ཁྱིམ་དང་གཡང་རྫས་རྣམས་ལ་ཐིམ་པས་འབྱོར་པ་ལོངས་སྤྱོད་ལ་སོགས་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཉམ་པར་བསམས་ལ། ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། སྐུ་མདོག་ལྗང་ཁུ་སོགས་ནས་མོས་གུས་དྲག་པོའི་དབྱངས་སྙན་པོས། བུ་ཡིས་མ་ལ་འབོད་པའི་ཚུལ་ལྟར་ཡིད་བྱམས་པའི་སེམས་ཀྱིས་སྐྱབས་སུ་མཆིའོ་བསམ་ཞིང་མཆོད་དོ།། ཧཱུྃ། གཡང་གི་ལྷ་མོའི་ཐུགས་ཀར་ཉི་གདན་ལ། །སྔགས་ཕྲེང་གཡས་སུ་འཁོར་ཚེ་དཔལ་འབྱོར་རྒྱས། །གཡོན་དུ་འཁོར་ཚེ་བདེ་སྐྱིད་ལོངས་སྤྱོད་ལྡན། །བར་དུ་འཁོར་ཚེ་སྙན་གྲགས་མངའ་ཐང་ཆེ། །སྟེང་དུ་འཁོར་བས་དབུལ་ཕོངས་དགུང་དང་མཉམ། །འོག་ཏུ་འཁོར་བས་གོད་འདྲེ་རྡུལ་དུ་བརླག །སྔགས་ཀྱི་འོད་ཀྱིས་གཡང་གི་ལྷ་ཚོགས་བསྐུལ། །དེ་ཡི་འོད་ཟེར་ནོར་རྒྱུན་མ་ལ་ཕོག །འོག་མིན་གནས་དང་ཕྱོགས་བཅུའི་ཞིང་ཁམས་དང་། །ཁམས་གསུམ་སྲིད་གསུམ་ཚེ་རིང་དཔལ་འབྱོར་སོགས། །བདག་དང་ཡོན་བདག་ལ་ཐིམ་ལོངས་སྤྱོད་ལྡན། །སྔགས་སྒྲ་སྒྲོག་པ་འབྲུག་ལྟར་གྲག་པར་གྱུར། །བསམ། སྙད་ཐེ་དན་ཛི་ནི་གི་ནི་སོགས་


CMR045_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བདུན་ལས་མི་ཉུང་བར་བཟླས་སོ། ལྷ་མོ་ནོར་རྒྱུན་མའི་ཐུགས་ཀ་བཻ་ཡིག་སེར་པོ་ལས་འོད་ཟེར་འཕྲོས་པས་སྲིད་པ་གསུམ་ལ་ཕོག །སྲིད་པ་གསུམ་གྱི་མངའ་ཐང་དཔལ་འབྱོར་ཐམས་ཅད་ཚུལ་བསྡུས་ནས་གཡང་རྫས་དང་མི་ནོར་ལ་ཐིམ་པར་བསྒོམས་ལ། །ཧཱུྃ། གཡང་གི་ལྷ་མོ་ནོར་རྒྱུན་མ། །ཞེས་སོགས་ནས། ནོར་རྒྱུན་མ་ཡི་ཐུགས་ཀར་བཻ་ཡིག་སེར། །དེ་ལས་འོད་འཕྲོས་ལྷ་མོ་མཆེད་བརྒྱད་བསྐུལ། །མཆེད་བརྒྱད་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས། །སྲིད་པ་གསུམ་གྱི་ཐུགས་རྗེའི་མཐུ་སྟོབས་དང་། །བདེ་སྐྱིད་ལོངས་སྤྱོད་འདོད་དོན་ཕུན་སུམ་ཚོགས། །ཚེ་དཔལ་བསོད་ནམས་མངའ་ཐང་རབ་རྒྱས་ནས། །རྟག་ཏུ་མི་འབྲལ་ཐུགས་རྗེས་བཟུང་དུ་གསོལ། །མི་འབྲལ་འགྲོགས་ལ་གཡང་ལྷ་བརྟན་པར་བཞུགས། །སྔགས་སྒྲ་སྒྲོགས་པས་འགོང་པོ་དམ་སྲི་འདུལ། །གྲག་སྟོང་སྒྲ་དེས་བདེ་སྐྱིད་དངོས་གྲུབ་ཐོབ། །ཅེས་བསྒོམས་ལ། ཏདྱ་ཐཱ། ཛི་ནི་གྷི་ནི་སརྦ་ཨརྦ་ས་དྷ་ན་སོགས་གཞུང་བཞིན། ཨོཾ་ཙནྡ་ཀནེ་ཡེ་སྭཱ་ཧཱ། སོགས་མཆེད་བརྒྱད་སྔགས་ལ། སརྦ་བྷ་སུ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། བཏགས། སྒྲུབ་ཐབས་འདི་ལ་རབ་འབུམ་ཕྲག་བརྒྱད། འབྲིང་འབུམ་ཕྲག་


CMR045_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། ཐ་མའང་འབུམ་ཕྲག་གསུམ་ལས་མི་ཉུང་བར་བཟླའོ། །དེ་ལྟར་བཟླས་པས་འགྲུབ་པའི་རྟགས་རྣམས་ནི། །མེ་ཏོག་སྣ་ཚོགས་སྐྱེས་སར་ཕྱིན་པ་དང་། །གསེར་དངུལ་རིན་ཆེན་བང་མཛོད་རྙེད་པ་དང་། །རིན་ཆེན་འབྲས་བུ་ལོ་ཐོག་བརྗེ་བ་དང་། །དེ་དག་རྨིས་ན་འགྲུབ་པའི་རྟགས་ཡིན་ནོ། །དུས་ངན་སྙིགས་མར་སྔགས་པ་དམ་མེད་ཀྱི། །ཚད་དང་མི་ལྡན་བསྙེན་སྒྲུབ་མི་བརྩོན་པ། །ཡི་དམ་ལྷ་ལ་སྨད་ཅིང་སྐུར་པ་འདེབས། །ལྷ་ཡང་ཡི་མུག་རི་རབ་ཕར་ལ་གཟིགས། །ལྷ་སྲིན་སྡེ་བརྒྱད་མང་པོ་རླུང་ལྟར་འཚུབ། །འགོང་པོ་དམ་སྲི་སྤུན་དགུསའིས་ཁམས་གང་། །མི་ལ་ཚེ་མེད་ནོར་ལ་དབུལ་ཕོངས་མང་། །ས་བཅུད་ཉམས་ཤིང་ལོ་ཏོག་འབྲས་བུ་མེད། །ཕུན་སུམ་ཚོགས་པའི་རྟགས་རྣམས་ཐམས་ཅད་ནུབ། །མུ་གེ་ནད་ཡམས་མང་པོའི་བསྐལ་པ་དར། །དེ་ཡི་སྡུག་བསྔལ་དཔག་མེད་འབྱུང་བའི་དུས། །ནོར་སྒྲུབ་འདི་ལ་བརྩོན་དང་བུ་སློབ་ཀུན། །མན་ངག་མང་པོའི་བཅུད་བསྡུས་ཡང་སྙིང་ཡིན། །མང་གྲགས་ཆེ་ན་ཀུན་གྱིས་ཉམས་ལེན་དཀའ། །ཉམས་ལེན་བདེ་ཕྱིར་ཀུན་གྱི་དོན་བསྡུས་ཡིན། །འདི་ཉིད་བསྒྲིགས་ན་རུང་དང་མི་རུང་སྙམ། །ཡི་དམ་ལྷ་ལ་གསོལ་བ་ཡང་ཡང་བཏབ། །དེ་ནས་ནོར་རྒྱུན་མ་སོགས་ལྷ་མོ་ལ། །ཚོགས་འཁོར་བསྐོར་ནས་མཎྜལ་བརྒྱ་རྩ་ཕུལ། །དེ་ནས་ཡེངས་མེད་འཁྲུལ་མེད་ངང་ཉིད་ལས། །རྫོགས་རིམ་ཕྱག་རྒྱ་ཆེན་པོ་ནན་ཆེར་སྒོམ། །དེ་དུས་ཡེངས་བའི་སྣང་བ་ཡུད་ཙམ་ལ། །མདུན་གྱི་ནམ་མཁར་པདྨ་ཟླ་བའི་གདན། །དེ་སྟེང་རིན་ཆེན་སྣ་ཚོགས་ཁྲི་


CMR045_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྟེང་། །བུད་མེད་གཞོན་ནུ་མཛེས་མ་ལྟ་ན་སྡུག །ལྟ་བས་མི་བཟོད་གཟི་བརྗིད་མདངས་ལྡན་པའི། །ཞལ་ནས་མཁའ་འགྲོའི་གསུང་དབྱངས་སྙན་པ་ཡིས། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་རྣལ་འབྱོར་ལ། ང་ཡི་སྒྲུབ་ཐབས་ཟབ་མོ་བཀོད་པ་ལས། །ཉེས་འགལ་མི་འབྱུང་སེམས་ཅན་དོན་ཕྱིར་དུ། །ཐུགས་ཀྱི་ཡང་སྙིང་བུ་སློབ་གཅིག་ལ་གཏོད། །དངོས་གྲུབ་ལུང་བསྟན་ཐུགས་ཀྱི་ཡང་སྙིང་འདི། །རུ་པ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་དང་། །། བདག་ལས་ལྷག་པའི་པདྨ་རིག་འཛིན་གྱིས། །ཐུགས་དམ་མཛོད་ལ་ཉམས་ལེན་བརྩོན་འགྲུས་སྐྱོང་། །བཀའ་ཡི་སྲུང་མ་རྨ་རྒྱལ་སྤོམ་ར་ཡིས། །ཐུབ་པར་སྲུངས་ཤིག་མི་མགོན་དཀར་པོའི་ཚོགས། །ཕྱི་རབས་སེམས་ཅན་ལོངས་སྤྱོད་ལྡན་གྱུར་ཅིག །དེ་སྐད་བཀའ་སྩལ་རཱ་ག་ཨ་སྱ་ཡིས། །ལེགས་གཏམ་ཚིག་འཁྱལ་སྨྲས་པ་མ་ཡིན་ཏེ། །ཤིང་རྟ་གྲོ་ཞུན་ཟླ་བའི་ཡར་ཚེས་ཉིན། །ཐུན་བཞི་བར་མར་རྫོགས་པར་བྲིས་པ་འདི། །ཡི་གེ་པདྨ་ཐབས་མཁས་ཞེས་བྱས་བཀོད། །ཉེས་འགལ་བཤགས་ཤིང་དགེ་བས་འགྲོ་ཕན་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ།next