Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར།
   
   


 
previousཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར།next

ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར།


CMR045_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


CMR045_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ལ་ན་མོ། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཆོས་སྐྱོང་དང་སྒྲུབ་བརྒྱུད་རིན་པོ་ཆེ་ཀཾ་ཚང་གི་བཀའ་སྲུང་སྔགས་ཀྱི་བདག་པོའི་སྒོ་ནས་ཀླུ་ཡི་གཡང་སྐྱབས་བྱ་བ་ནི། གཞི་དཀར་པོའི་སྟེང་དུ་ནས་ཀྱི་གཡུང་དྲུང་བྲིས་པའི་དབུས་སུ། གཡང་སྤེལ་ཟུར་བརྒྱད་པ་མར་གྱི་ནོར་བུའི་སྤྲས་པའི་མཐར། ཐུད་ཀྱི་པུ་ལུ་བཅུ་གསུམ་མར་ཁུས་བཀང་བ་དང་། ཕྱེ་མར་འབྲུ་སྣ་ཅི་འཇོམ་བཤམས། བུམ་པའི་ནང་དུ་ཆུ་མིག་བཅུ་གསུམ་གྱི་ཆུ་ལ་ཀླུ་སྨན་བཏབ། ཤེལ་ཚིགས་ལྤགས་བུ་དཀར་པོའམ། བལ་ལམ་དར་དཀར་པོའི་མདའ་དར་བཤམས། རྒྱས་པར་བྱེད་ན་ཁུག་རྒྱན་དང་རིན་པོ་ཆེ་སྣ་ཚོགས། ཤིང་ཐོག་མེ་ཏོག་དར་སྣ་འབྲང་རྒྱས་ཞལ་དཀར་ཐུད་གཡག་མར་ལུག་འོ་ཞོ་སོགས་བཤམས། ཀླུ་མཆོད་རྒྱས་པའམ་སྔགས་བདག་གི་ཆོ་ག་


CMR045_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲང་ནས། རང་ཉིད་ལྷར་གསལ་བའི་མཐེ་བོང་ལ་སྣ་ཚོགས་རྡོ་རྗེའི་མཚན་པ་ལས་བྱུང་བའི་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པས་ཀླུའི་གདུག་པས་མི་ཚུགས་པར་གྱུར། ཨོཾ་བཛྲ་ཙཎྜ་མཎྜ་ལ་ཨ་མྲྀ་ཏ་མ་མ་རཀྵ་རཀྵ་ཧཱུྃ། ཞེས་རྡོ་རྗེ་ཁུ་ཚུར་གནས་ལྔར་གཏུགས། རང་གི་འཁོར་སློབ་ཡོན་བདག་རྣམས་ཀྱི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དཔྲལ་བར་ཛ། མིག་གཡས་གཡོན་ལ་ཧྲིདང་ཏྭཾ། རྣ་བ་གཡས་གཡོན་ལ་ཛ་དང་ཧརྣམས་ཀྱིས་མཚན་པས་བསྲུང་བར་གྱུར། ཧཱུྃ། རྒྱ་མཚོ་མུ་མེད་མཐའ་ཡས་ནས། །ཀླུ་ཡུལ་རབ་ཏུ་དགའ་བ་ནས། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་


CMR045_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །སྟོང་གསུམ་བདག་པོ་གཡོག་མཐའ་ཡས། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ཡི། །ཕྲིན་ལས་སྤྲུལ་པ་སྔགས་ཀྱི་བདག །མི་མགོན་དཀར་པོ་ཝ་རུ་ཎ། །ཀླུ་རྒྱལ་མ་དྲོས་གཟི་ཆེན་དང་། །ཀླུ་ཆེན་བརྒྱད་དང་རིགས་བཞིའི་ཀླུ། །ཀུན་ཀྱང་བཙུན་མོ་སྲས་འཁོར་བཅས། །དངོས་གྲུབ་ཚོགས་དང་བཅས་ཏེ་བྱོན། །ཀླུ་ཡི་ཕྱུགས་གཡང་འཕེལ་གཡང་དང་། །ཀླུ་ཡི་དར་གཡང་སྐྱིད་གཡང་དང་། །ཀླུ་ཡི་འཕེལ་གཡང་བཙན་གཡང་དང་། །ཀླུ་ཡི་བཀྲ་ཤིས་དངོས་གྲུབ་དང་། །ཀླུ་ཡི་སྟོབས་དང་གཟི་བརྗིད་དང་། །དེ་རྣམས་ཕྱྭ་དང་གཡང་དུ་བྱོན། །ཀླུ་ཡི་རྫུ་འཕྲུལ་བསམ་མི་ཁྱབ། །ཀླུ་ཡི་ཕོ་བྲང་བསམ་མི་ཁྱབ། །ཀླུ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །ཀླུ་ཡི་དངོས་གྲུབ་བསམ་མི་ཁྱབ། །ཀླུ་ཡི་རྨ་གཡང་བསམ་མི་ཁྱབ། །དེ་རྣམས་ཕྱྭ་དང་གཡང་ལ་བྱོན། །གཡང་སྤེལ་རིན་ཆེན་ཟུར་བརྒྱད་འདི། །ཕྱྭ་དང་གཡང་རྣམས་འབྱོན་པའི་རྟེན། །རྟེན་ལ་འབྱོན་ཞིག་གཡང་ལ་འདུས། །ཤར་ཕྱོགས་དུང་རི་དུང་གླིང་ན། །མི་མགོན་དཀར་པོ་དངོས་གྲུབ་ཅན། །ཀླུ་ཡི་རྒྱལ་པོ་མི་གྲངས་སྤེལ་མཛད་ཀྱི། །དཔལ་དང་དངོས་གྲུབ་གཡང་ལ་འདུས། །


CMR045_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་རྒྱ་མཚོ་ནོར་གྱི་འཁོར་ལོ་ན། །ཀླུ་རྒྱལ་རིན་ཆེན་འབར་བ་བཞུགས། །ཀླུ་ཡི་རྒྱལ་པོ་ནོར་གྲངས་སྤེལ་མཛད་ཀྱིས། །ནོར་གྱི་དངོས་གྲུབ་གཡང་ལ་འདུས། །ནུབ་ཕྱོགས་རྫ་རི་རྫ་བྲག་མང་པོས་བསྐོར། །ཀླུ་ཡི་རྒྱལ་པོ་པདྨ་རིགས་འབྱུང་བྱ་བ་བཞུགས། །ཀླུ་ཡི་རྒྱལ་པོ་ཆོས་སྲིད་དབང་ཐང་སྤེལ་མཛད་པ། །ཆོས་སྲིད་དབང་ཐང་གཡང་ལ་འདུས། །བྱང་ཕྱོགས་བྲག་རི་དངོས་གྲུབ་ཆུ་ཡི་གླིང་། །དེ་ན་ཀླུ་ཡི་རྒྱལ་པོ་རིན་ཆེན་དངོས་གྲུབ་བཞུགས། །ཀླུ་ཡི་རྒྱལ་པོ་བཀྲ་ཤིས་དོན་གྲུབ་པའི། །མི་འཕེལ་རྟ་ཧྲག་གཡང་དུ་འདུས། །ཀླུ་རིགས་ལྔ་ཡི་ཆུ་མིག་ཐམས་ཅད་དང་། །རྫ་ཆུ་ཁྲོན་པ་ཐམས་ཅད་དང་། །ལུ་མ་ལྡིང་ཀ་ཐམས་ཅད་དང་། །རིན་ཆེན་རི་བོ་ཐམས་ཅད་དང་། །མཚོ་ཆེན་མཚོ་བྲན་ཐམས་ཅད་དང་། །ནེའུ་གསིང་སྤང་ལྗོངས་ཐམས་ཅད་ལ། །གནས་པའི་ཀླུ་གཉན་ཐམས་ཅད་ཀུན། །དངོས་གྲུབ་ཚོགས་དང་བཅས་ཏེ་བྱོན། །ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨ་གཙྪ་ཡ་ཨ་གཙྪ་ཡ་སྭཱ་ཧཱ། ཧཱུྃ། རིན་ཆེན་ཟུར་བརྒྱད་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །མར་ཁུའི་མཚོ་མོ་གཡང་གི་རྟེན། །


CMR045_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཟླ་ཕྲོམ་རིལ་བུ་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །བུམ་པ་ཆུ་སྣ་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཕྱེ་མར་ཟས་ཕུད་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཐུད་གཡག་མར་ལུག་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཨོཾ་ནཱ་ག་ར་ཛ་ཀུ་མ་རཱ་ཛ་ཏི་ཛ་ཏི་ཧཱུྃ་ཧཱུྃ། ཨོཾ་ནཱ་ག་རཱ་ཛ་གྷོ་རུ་གྷོ་རུ་མ་མ་ཧཱུྃ་ཧཱུྃ། ཀླུ་ཡི་རྒྱལ་པོ་ཁྱེད་རྣམས་ལ། །དཀར་གསུམ་མངར་གསུམ་ཕྱེ་མར་དང་། །གཡང་བཤོས་མཆོད་པ་སྣ་ཚོགས་དང་། །རིན་ཆེན་འབྲུ་སྨན་དར་ཟབ་དང་། །ཤེལ་ཚིགས་བལ་ཚོན་མེ་ཏོག་དང་། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་སོགས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །མཆོད་པའི་སྤྲིན་ཕུང་རྒྱ་མཚོ་འབུལ། །ཀླུ་གཡང་དངོས་གྲུབ་རྒྱ་མཚོ་རྣམས། །ད་ལྟ་ཉིད་དུ་བསྩལ་དུ་གསོལ། །ཡིད་བཞིན་ནོར་བུའི་དངོས་གྲུབ་སྩོལ། །འདོད་པའི་ནོར་གྱི་དངོས་གྲུབ་སྩོལ། །སྲིད་ཀྱི་ཆུ་མིག་ཁ་ཕྱེས་ལ། །སྲིད་ཀྱི་རྩ་དཀར་བཀྲོལ་དུ་གསོལ། །ནོར་བུ་རིན་


CMR045_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བདག་ལ་བྱིན། །ཀླུ་ཡི་དངོས་གྲུབ་ཆེན་པོ་དང་། །མི་གྲངས་རྩ་དཀར་བཀྲོལ་བ་དང་། །ནོར་གྱི་ཕྱུགས་གཡང་ཅི་ཡོད་ཀུན། །བདག་དང་ཡོན་བདག་འདི་ལ་ད་སྩོལ་ཅིག །བཙན་པོའི་བཙན་གཡང་ཐམས་ཅད་དང་། །འཕེན་པོའི་འཕེན་གཡང་ཐམས་ཅད་དང་། །ཕྱུག་པོའི་ཕྱུག་གཡང་ཐམས་ཅད་དང་། །དངོས་གྲུབ་ཐམས་ཅད་ད་སྩོལ་ཅིག །ཧཱུྃ། ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཕྱག་ན་རིན་ཆེན་ལྗོན་ཤིང་བསྣམས། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་སློངས། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླན། །ཨོཾ་ནཱ་ག་རཱ་ཛ་སིདྡྷི་ཧཱུྃ། ཀླུ་ཡི་རྒྱལ་པོ་སོག་མ་མེད། །མ་དྲོས་ཀླུ་ཡི་དབང་པོ་སྟེ། །སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །སྦྲུལ་མགོ་དག་ནི་རེ་རེ་ལ། །གླིང་བཞི་གང་བའི་ལོངས་སྤྱོད་ལྡན། །སངས་རྒྱས་སྟོང་གི་སྦྱིན་བདག་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཁྲི་ཕྲག་དྲུག་གི་འཁོར་དང་བཅས། །འོད་ཟེར་ནོར་གྱི་ཆར་པ་འབེབས། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བླན། །


CMR045_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཕྱུག་འཕེན་གསུམ་གཡང་དུ་བསླང་། །ཨོྃ་ཕུ་ཏ་ཕུ་ཏ་མ་ཧ་ཀྲོ་ཏ་ཧཱུྃ། སིདྡྷི་སིདྡྷི་སྤོ་ཊ་ཡ་ཧཱུྃ་ཕཊ། ཆུ་བདག་ཝ་རུ་སྣ་ཚོགས་མདོག །ཕྱག་ན་ནོར་བུ་པད་དཀར་བསྣམས། །ཀླུ་མོ་དབང་ཕྱུག་རྒྱལ་མོ་དཀར། །ཕྱག་ན་ཚེ་བུམ་དམུ་དག་བཟུང་། །པང་ན་ཀླུ་སྲས་དུན་ཚུགས་ཚར། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླུན། །ཨོཾ་སྤུང་སྤུང་སྭཱ་ཧཱ། ཀླུ་རྒྱལ་མཐའ་ཡས་སྐུ་མདོག་དཀར། །ཨུཏྤལ་ཚེ་ཡི་དམུ་དག་བསྣམས། །ཀླུ་མོ་རླུང་འབྱིན་སྔོན་པོ་ལ། །ཕྱག་ན་མེ་ལོང་གཡང་ཟོ་བསྣམས། །པང་ན་ཀླུ་སྲས་ནོར་བུ་འཛིན། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ༀ་གྲུབ་གྲུབ་སྭཱ་ཧཱ། ཀླུ་རྒྱལ་ནོར་རྒྱས་གསེར་གྱི་མདོག །འཁོར་ལོ་གཡང་གི་གཟུངས་ཐག་བསྣམས། །ཀླུ་མོ་འོད་ཟེར་མར་གད་མདོག །འོ་མའི་རྒྱ་


CMR045_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་མར་རྐྱལ་བསྣམས། །ཀླུ་སྲས་ཟུར་ཕུད་ཅན་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ཨོཾ་འབྲུག་འབྲུག་སྭཱ་ཧཱ། ཀླུ་རྒྱལ་འཇོག་པོ་སྐུ་མདོག་སྔོ། །དགྲ་སྟ་རྨ་བྱའི་རྒྱལ་མཚན་བསྣམས། །ཀླུ་མོ་མེ་ཏོག་མདངས་ལྡན་སེར། །དམུ་དག་དུང་གི་རྒྱལ་མཚན་འཛིན། །ཀླུ་སྲས་གཙུག་རྒྱན་ལ་སོགས་པའི། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང། །ཨོཾ་ནོར་འདུས་འདུས་སཱ་ཧཱ། ཀླུ་རྒྱལ་སྟོབས་རྒྱུ་མཐིང་ནག་འབར། །དར་མདུང་དམར་པོ་བཤོལ་མར་འཛིན། །ཀླུ་མོ་འོད་འབྱོན་མདངས་བཟང་མ། །དམར་སྐྱ་སྣང་གསལ་སྒྲོམ་བུ་འཛིན། །ཀླུ་སྲས་ཡིད་བཞིན་དཔལ་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་


CMR045_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ༀ་འབུར་བ་འབུར་བ་སྭཱ་ཧཱ། ཀླུ་རྒྱལ་པདྨ་བྱི་རུའི་མདོག །པདྨ་དར་མདུང་དཀར་པོ་བསྣམས། །ཀླུ་མོ་འཁོར་ལོ་མཛེས་ལྡན་མ། །ལྗང་སྐྱ་སྣང་གསལ་ཚེ་སྒྲོམ་བསྣམས། །ཀླུ་སྲས་ཟུར་ཕུད་ལྔ་པ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླནང་། །ཨོཾ་ཁྲོལ་ཁྲོལ་སྭཱ་ཧཱ། ཀླུ་རྒྱལ་པད་ཆེན་སྐུ་མདོག་དམར། །ཨུཏྤལ་ཚེ་ཡི་དམུ་དག་བསྣམས། །ཀླུ་མོ་གྲུབ་པ་དཀར་མོ་ནི། །རིན་ཆེན་བུམ་པ་ཕྱག་ན་བསྣམས། །ཀླུ་སྲས་ཡིད་བཞིན་པ་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ཨོཾ་སྤུ་ཏ་སྤུ་ཏི་ཕཊ། ཀླུ་རྒྱལ་དུང་སྐྱོང་ཨིནྡྲའི་མདོག །དུང་དཀར་གཡང་གི་ཞགས་པ་བསྣམས། །ཀླུ་མོ་དོན་གྲུབ་


CMR045_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་ནི། །སྒྲོམ་བུ་གཡང་གི་མུ་དག་བསྣམས། །ཀླུ་སྲས་ནོར་བུ་འཛིན་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ཨོཾ་ནཱ་ག་མྱེར་སྲུང་མྱེར་སྲུང་སྭཱ་ཧཱ། །ཀླུ་རྒྱལ་རིགས་ལྡན་ལ་སོགས་པའི། །ཀླུ་ཡི་རྒྱལ་པོ་དེ་དག་ནི། །སྐུ་མདོག་སྣ་ཚོགས་འོད་ཟེར་འབར། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཐུགས་རྗེའི་སྤྲིན་གྱི་དབུ་བརྒྱན་ཅན། །ནོར་བུ་རིན་ཆེན་རྒྱན་ཆ་ཅན། །འོད་ཟེར་འཕེན་གཡང་ཕྱུག་གཡང་འཕྲོ། །ཀླུ་མོ་དཔའ་མོ་ནག་མོ་སོགས། །ཀླུ་ཡི་རྒྱལ་མོ་དེ་དག་ནི། །སྐུ་མདོག་སྣ་ཚོགས་འོད་ཟེར་འཕྲོ། །སྦྲུལ་མགོ་གསུམ་གྱི་གདེངས་ཀ་ཅན། །ཐུགས་རྗེའི་སྤྲིན་གྱི་དབུ་རྒྱན་ཅན། །རིན་ཆེན་མེ་ཏོག་ལུས་ལ་བརྒྱན། །འོད་ཟེར་དངོས་གྲུབ་ཕྱོགས་བཅུར་འཕྲོ། །འཁོར་ལོ་དཔལ་སོགས་ཀླུ་སྲས་དགུ། །བློན་པོ་འབངས་འཁོར་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བདག་དང་ཡོན་མཆོད་འཁོར་བཅས་ལ། །མི་


CMR045_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འཕེལ་གཡང་བསྩལ་དུ་གསོལ། །ནོར་གྱི་ཕྱུགས་གཡང་བསྩལ་དུ་གསོལ། །དགོས་འདོད་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ནཱ་ག་རཱ་ཛ་སྲི་དུ་སྟེ། ཨོཾ་ནཱ་ག་རཱ་ཛ་ཧེ་སྟ་ཕོབ་ཕོབ། ཨོཾ་ནཱ་ག་རཱ་ཛ་ཧེ་སྟ་ཀ་ལ་ཕོབ་ཕོབ། ཅེས་དང་ཀླུ་གཡང་འབེབས་པའི་སྔགས་བརྒྱ་ཙམ་བཟླས་ཤིང་བུམ་པའི་ཆུ་སྣ་རང་དང་ཡོན་བདག་ལ་གཏོར་རོ། །དེ་ནས་མདའ་དར་གཡབ་ཅིང་། ཧཱུྃ། ཀླུ་ཡི་རྒྱལ་པོ་འཁོར་བཅས་རྣམས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མི་ལ་ཀླུ་གཡང་འབེབ་ཏུ་གསོལ། །གཡང་གི་སྒོ་མོ་ཤར་ནས་ཕྱེས། །མི་མགོན་དཀར་པོའི་འཕེན་གཡང་ཕོབ། །གཡང་གི་སྒོ་མོ་ལྷོ་ནས་ཕྱེས། །གཙུག་ན་རིན་ཆེན་ནོར་གཡང་ཕོབ། །གཡང་གི་སྒོ་མོ་ནུབ་ནས་ཕྱེས། །ཀླུ་རྒྱལ་དགའ་བོའི་བཙན་གཡང་ཕོབ། །གཡང་གི་སྒོ་མོ་བྱང་ནས་ཕྱེས། །ཀླུ་རྒྱལ་འཇོག་པོའི་ཕྱུགས་གཡང་ཕོབ། །མི་རྣམས་འཕེལ་བའི་འཕེན་གཡང་ཕོབ། །ནོར་རྣམས་ཕྱུག་པའི་ཕྱུགས་གཡང་ཕོབ། །རྟག་ཏུ་སྐྱིད་པའི་སྐྱིད་གཡང་ཕོབ། །རྒྱུན་ཏུ་བཙན་པའི་བཙན་གཡང་ཕོབ། །ལོངས་སྤྱོད་ཟས་ཀྱི་རྨ་གཡང་ཕོབ། །རྐང་བཞི་ཕྱུགས་ཀྱི་འཕེལ་གཡང་


CMR045_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །བང་མཛོད་འབྲུ་ཡི་འཕེལ་གཡང་ཕོབ། །ལྷབ་ལྷུབ་གོས་ཀྱི་བཀྲག་གཡང་ཕོབ། །འཛད་མེད་གཏེར་གྱི་གཡང་ཕོབ་ཅིག །དེ་ནས་མཚོའམ་ཆུ་མིག་འགྲམ་ཡིན་ན་ལག་པ་བཀྲུས་ནས་རྡེའུ་དང་སྦྲུལ་གྱི་གཟུགས་དང་ཆུ་བླང་ཞིང་། ཧཱུྃ། རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །ཀླུ་ཡུལ་གནས་མཆོག་དམ་པ་ན། །ཀླུ་ཡི་ཕོ་བྲང་བསམ་མི་ཁྱབ། །དེ་ན་བཀྲ་ཤིས་འོ་མ་ཡིས། །བདུད་རྩིའི་མཚོ་མོ་དེ་ན་འཁྱིལ། །བདུད་རྩིའི་ཟིལ་ཆར་དེ་ན་འབབས། །ཀླུ་རྒྱལ་འཁོར་བཅས་དེ་ན་བཞུགས། །བཀྲ་ཤིས་སྲས་བརྒྱད་དེ་ན་བཞུགས། །དངོས་གྲུབ་མཆོག་བརྒྱད་དེ་ན་མངའ། །ཀླུ་དགོས་འདོད་ཕུན་སུམ་ཚོགས་པ་དེ་ན་འཚོགས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །བཀྲ་ཤིས་བདུད་རྩི་ཆུ་ཡི་གཡང་། །མི་མཐའ་ཆུ་བས་རིང་བའི་གཡང་། །མི་འཕེལ་ནས་བས་འཕེལ་བའི་གཡང་། །མི་སྲོག་བྲག་བས་སྲ་བའི་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །བསོད་ནམས་ཕུན་སུམ་ཚོགས་པ་ཀླུ་ཡི་གཡང་། །དངོས་གྲུབ་ཕུན་སུམ་ཚོགས་པ་ཆུ་ཡི་གཡང་། །མི་གཡང་ནོར་གཡང་ཟས་


CMR045_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཡང་། །དགོས་འདོད་ཕུན་སུམ་ཚོགས་པའི་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀླུ་ཡི་རྒྱལ་པོ་འཁོར་དང་བཅས། གངས་རིའི་རྩེ་ན་བཞུགས་པའི་ཚེ། །སྟོན་ཟླ་འབྲིང་པོའི་ཉ་གསུམ་ལ། །ཀླུ་ཡི་དངོས་གྲུབ་དམ་པ་སྩོལ། །གཡང་གི་ཁ་འཛིན་མ་གཡེལ་ཞིག །ནོར་གྱི་རྫི་བོ་མ་གཡེལ་ཞིག །མི་ཡི་མགོན་སྐྱབས་མ་གཡེལ་ཞིག །ཀླུ་ཡི་རྒྱལ་པོ་བཅོམ་ལྡན་འདས། །ཀླུ་ཡི་སེམས་དཔའ་གཡོག་མཐའ་ཡས། །ཀླུ་དབང་རྒྱལ་པོ་སྔགས་ཀྱི་བདག །མི་མགོན་དཀར་པོ་ཝ་རུ་ཎ། །མ་དྲོས་ཀླུ་ཆེན་བརྒྱད་རྣམས་ཀྱི། །མཐུ་སྟོབས་ཕུན་སུམ་ཚོགས་པ་ཡི། །བྱིན་རླབས་སྟོབས་ཀྱི་གཡང་རྟེན་ནོ། །སྔགས་དང་ཕྱག་རྒྱས་གཡང་རྟེན་ནོ། །ཏིང་འཛིན་སྟོབས་ཀྱིས་གཡང་རྟེན་ནོ། །གཡང་གི་དངོས་གྲུབ་བརྟན་གྱུར་ཅིག །བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་པཎ་ཤ་ཝ་རི་པུ་རུ་སིདྡྷི་ཕ་ལ་ས་མ་ཡ་སྟེ། ས་མ་ཡ་ཧོ༔ ཏིཥྛ་ལྷན་སྭ་ཧཱ། ཤེལ་ཚིགས་ཆུ་གནས་གཟུགས་རྣམས་ཆུར་མཆོད། ཕྱེ་མར་དངོས་གྲུབ་ཏུ་རོལ། གཡང་སྤེལ་མར་གྱི་སྤྲུལ་རྡེའུ་རྣམས་ཁྱིམ་དུ་གཡང་སྒམ་དུ་བཞག །གཡང་ལེན་ཅུང་ཟད་མཐོང་བ་བརྒྱུད་པ་ལྟར་


CMR045_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདི་ཀླུ་མཆོད་རྒྱས་པ་མཚོའམ་ཆུ་མིག་ལ་བྱེད་པའམ། ཡང་ན་སྔགས་བདག་ཆོ་ག་གཞུང་ལས་ཀྱང་རུང་། ཡང་ཁྱིམ་དུ་སྔགས་བདག་ཆོ་ག་ལ་བཏགས་ན་རུང་སྟེ་ཀླུ་ཐེབས་བརྩི་བ་གལ་ཆེ་ཞིང་དམིགས་པ་ཅུང་ཟད་གབ་བོ། །ཞེས་ཨ་རཱ་གས་མགྱོགས་པར་བྲིས་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར།next