Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྨི་ལམ་སྔགས་དམིགས།


 
previousརྨི་ལམ་སྔགས་དམིགས།no next

རྨི་ལམ་སྔགས་དམིགས།


CMR045_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནོར་སྒྲུབས་སྐབས་རྨི་ལམ་དུ་བྱིས་པ་གཅེར་བུ་སོགས་བྱུང་བ། དེ་གཉེར་བ་ནི། ནུབ་མོ་ཉལ་ཁ་སོགས་སུ། རང་ཉིད་སྐད་ཅིག་གིས་མཁའ་འགྲོ་སེང་གདོང་མར་གསལ་བཏབ་ནས། ཡི་གེ་བཅུ་བཞི་པ་ཕྲེང་སྐོར་ཡན་བཟླ་ཞིང་། རང་གི་ཐུགས་ཀ་ནས་འོདཟེར་ལྕགས་ཀྱུའི་དབྱིབས་དཔག་ཏུ་མེད་པ་འཕྲོས་པས་སེང་གདོང་ལྷ་མོ་སྐུ་ཆེ་ཆུང་མ་ངེས་པ་གྲངས་མེད་པ་འཕྲོས་པས་ནོར་སྒྲུབ་ལ་བར་ཆད་བྱེད་པའི་སྒབ་འདྲེ། དམ་སྲི་བསེ་རག་ཐམས་ཅད་རང་དབང་མེད་པར་རང་སེང་གདོང་མའི་ཞབས་འོག་ཏུ་བཀུག་ནས། སྟེང་དུ་ཞབས་ཀྱིས་བྲོ་བརྡུང་བས་གདོན་དེ་དག་གི་སྐད་ངན་ཙེར་ཙེར་གནོད་པ་མི་བྱེད་ན་ར་ཀན་ཟེར་བར་བསམ་ཞིང་ཡི་གེ་བཅུ་བཞི་པའི་ཤམ་བུར། གནོད་བྱེད་སྒབ་འདྲེ་བསེ་རག་ཐམས་ཅད་མཱ་ར་ཡ་ཆད་ནན། ཞེས་སྔགས་དམིགས་དྲག་ཏུ་བྱ། ཡང་རང་གི་ཐུགས་ཀ་དང་སྐུ་ལས་མེ་དཔུང་དང་མཚོན་ཆ་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས། སྒབ་འདྲེ་བསེ་རག་ཐམས་ཅད་མཐའི་རྒྱ་མཚོའི་ཕ་རོལ་དུ་བསླད་པར་བསམ་ཞིང་། ཡིག་འབྲུ་བཅུ་བཞི་པོའི་མཐར། སྒབ་འདྲེ་བསེ་རག་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བཟླས་པའི་མཐར་རང་སེང་གདོང་


CMR045_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཕྱག་རྒྱ་ཉི་ཟླའི་ཆ་ལང་བརྡབ་པའི་བར་དུ་གནོད་བྱེད་སྒབ་འདྲེ་ཐམས་ཅད་འོད་ཟེར་དང་ཁྲོ་ཆུང་གི་བསྡུས་ནས་ཕྱག་ཐལ་མོ་བརྡབས་པས་རྡུལ་དུ་བརླགས་པར་བསམ་ནས་བཅུ་བཞི་པའི་ཤམ་བུ་སྔ་མ་བཅས་སྔགས་དྲག་ཏུ་བཟླའོ། །དེ་ལྟར་སྔགས་དམིགས་དེ་རྣམས་ལན་གཅིག་ཙམ་རེ་མིན་པར་ཡང་ཡང་བྱའོ། །ཤེར་སྙིང་དང་བདུད་བཟློག་ཤམ་བུར་སྒྲུབ་པོའི་བར་ཆད་དང་སྒབ་འདྲེ་ཐམས་ཅད་ཟློག་ཅེས་བྱས་ནས་མང་དུ་བཟླས་ན་ཕན་ཐོགས་ཆེ་བ་མྱོང་བས་གྲུབ་བོ། །ལྷ་མོ་དཔལ་གྱི་གཡང་སྐྱབས་བཅའ་ཚེ་མདུན་བསྐྱེད་ལྷ་མོ་གཙོ་འཁོར་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པ་ཕུལ་བས་མཉེས་ཤིང་ཐུགས་རྒྱུད་བསྐུལ་བས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་། ལྷ་ཀླུ་མི་གསུམ་སོགས་སྲིད་གསུམ་གྱི་ཕྱུ་གཡང་དང་འབྱོར་པ་ཐམས་ཅད་དང་། ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་ལྷ་རྣམས་ཀྱི་དཔལ་གཡང་དངོས་གྲུབ་ཐམས་ཅད་དང་མདོར་ན་འཁོར་འདས་སྣང་སྲིད་ཀྱི་ཕྲུ་གཡང་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་གྱི་རྣམ་


CMR045_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པར་འུབ་འུབ་བསྡུས་ནས་མདུན་བསྐྱེད་གཙོ་འཁོར་ལ་ཐིམ་པས་མདུན་བསྐྱེད་ལས་སླར་དངོས་གྲུབ་ཕྲུ་གཡང་འོད་ཟེར་སྣ་ཚོགས་དང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་བབ་ནས་གཡང་རྟེན་རྣམས་ལ་ཡང་ཡང་ཐིམ་པས་རང་དང་སྦྱིན་བདག་གི་ཁང་ཁྱིམ་དང་སྤྱོད་ཡུལ་དུ་རི་ལྟར་སྤུངས་ཤིང་གངས་ལྟར་ཆགས་པར་བསམས་ལ་སྔགས་གོང་འོག་རྣམས་བཟླ། སྔགས་གྲངས་བདུན་དང་གསུམ་སོགས་གསུངས་སྤྱི་བཏང་ཙམ་ཡིན་གྱི་གལ་ཆེ་ན་བརྒྱའམ་ཉེར་གཅིག་སོགས་བཟླས་ན་ལེགས་ཤིང་། ཛི་ལྷ་ཉེར་གཅིག་སོགས་གཡང་སྐྱབས་གཞན་བཅའ་ན་ཡང་དམིགས་པ་དེ་ལྟར་སྤོ་ནས་བསྒོམ་ཞིང་། ཛཾ་ལྷ་རྣམས་དང་རྣམ་སྲས་ཀྱི་སྔགས་སོགས་བཟླ་བར་བྱའོ། །ཡང་རང་ཉིད་ཡི་དམ་་རྒྱལ་བ་རྒྱ་མཚོ་བསྒོམ་ཞིང་དེ་ཡང་དབུ་རྒྱན། མགུལ་རྒྱན། སྙན་རྒྱན། དཔུང་རྒྱན། ཕྱག་ཞབས་གདུ་བུ་སྐེ་རགས་སོགས། ནོར་བུ་རིན་པོ་ཆེའི་རྒྱན་དྲྭ་བ་དྲྭ་ཕྱེད་ཆུན་འཕྱང་གི་ཚུལ་དང་། སྟོད་གཡོགས་སྨད་དཀྲིས་དར་དཔྱང་གིས་བཀླུབ་པ། ཕྱག་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེ་བསྣམས་པ། འཁོར་རྣམས་ཀྱང་དེ་འདྲ་བར་བསྒོམ་པ་ནི།


CMR045_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནམ་བསྒོམས་པས་བསྐྱེད་རིམ་གྱི་སྒོ་ནས་ནོར་སྒྲུབ་ཡིན་པས་ཤིན་ཏུ་ཟབ་བོ། །དེ་བཞིན་དུ་ཡི་དམ་གཞན་རྣམས་སྒོམ་དུས་བསྒོམ་པ་ཡིན་ནོ། །དེ་ལྟར་གེལ་དུ་ནོར་སྒྲུབ་ཁོ་ནར་དམིགས་ན་མི་དགོས་ལྷ་ནམ་བསྒོམ་དུས་གཤིས་ཀྱི་བསྒོམས་པས་ཆོག་གོ །གཞན་ཡང་ཚེས་བཅུ་སོགས་དུས་གཏོར་གཟབ་ཅིང་ཚོགས་གཏོར་ཐམས་ཅད་རང་གཞན་གང་དུ་བཅའ་ཡང་ཆེ་ཞིང་བཟང་བ་དང་། གཏོར་ཟན་སྐུ་བར་བྱ་བ་ལོངས་སྤྱོད་ཆེ་བའི་རྟེན་འབྲེལ་ཟབ་བོ། །དེ་ལྟར་ཞལ་ཤེས་འདི་ཀརྨ་བསོད་ནམས་ཀྱིས་བསྐུལ་ནས་སྦོ་ཟླའི་དཀར་ཕྱོགས་བཟང་པོ་གཉིས་ལ། སྤེན་སྣར་འགྲུབ་སྦྱོར་དུས་དབུ་བཙུགས་བཟང་པོ་གསུམ་པ་གྲུབ་ལུགས་རྒྱལ་ཕུར་ཉིན་གྲུབ་པར་ཀརྨ་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།


CMR045_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྨི་ལམ་སྔགས་དམིགས།no next