Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
ཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ།next

ཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ།


CMR046_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ་ཞེས་བྱ་བ་བཞུགས་སོ། །


CMR046_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་ལ་ཕྱག་འཚལ་ལོ། །ཕ་མཚུན་དགྲ་བླའི་བསང་མཆོད་ནི། །བསང་མཆོད་རྫས་རྣམས་གཞུང་ལྟར་བྱ། །དབྱངས་སྙན་རོལ་མོས་འདི་སྐད་དོ།། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །ཡེ་མེད་སྟོང་པའི་ངང་ཉིད་ལས། །འབྱུང་བ་རྣམ་ལྔ་རིམ་བཞིན་ཆགས། །དབང་ཆེན་གསེར་གྱི་ས་གཞི་ལས། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །ཐ་མ་ལྕགས་རི་མུ་ཁྱུད་བསྐོར། །རང་སྣང་དེ་ལ་འགྲོ་དྲུག་སྲིད། །གླིང་བཞི་མཆོག་གི་འཛམ་གླིང་འདིར། །ལུབ་ལེགས་གཡུ་ཡི་དགུང་སྔོན་འོག །བཏིང་ལེགས་གསེར་གྱི་ས་གཞིའི་སྟེང་། །འཇིག་རྟེན་མྱེས་པོ་ཚངས་པ་དང་། །


CMR046_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བྱེད་འཕྲུལ་གཉིས་སྤྲུལ་པ་ལས། །སྲས་བུ་རྒྱལ་རབས་མཆེད་བཞི་དང་། །སྲིད་པའི་མིའུ་གདུང་དྲུག་བྱུང་། །གདུང་དྲུག་འཕེན་ཞིང་རགས་པ་དང་། །བོད་འབངས་རྒྱ་ཆེ་གྲངས་མང་ཡང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བཀྲ་ཤིས་ལྷ་གཞི་དཀར་པོའི་སྟེང་། །འབྲུ་ཡི་མེ་ཏོག་གཅལ་དུ་བཀྲམ། །ཞལ་ཟས་མཆོད་པ་རི་ལྟར་སྤུངས། །བདུད་རྩིའི་ཇ་ཆང་མཚོ་ལྟར་བསྐྱིལ། །འདོད་ཡོན་རྣམ་ལྔ་ཆར་ལྟར་འབེབས། །ཀྱཻ། གདོད་ནས་སྐུ་གསུམ་ཞིང་ཁམས་ནས། །ཀུན་བཟང་འཇམ་དཔལ་པདྨ་འབྱུང་། །མེས་དབོན་རྣམ་གསུམ་


CMR046_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཀྱི། །ཕ་མཚུན་ཐུགས་རྗེ་མངའ་བ་རྣམས། །གཤེགས་བཞུགས་མཚན་མ་མི་མངའ་ཡང་། །ཐུགས་དམ་དབང་གིས་གནས་འདིར་གཤེགས། །ཡེ་སྨོན་ཡབ་ལྷ་བདལ་དྲུག་དང་། །ཕྱ་བསང་གང་ཆུང་ཕྱ་གཡང་དཀར། །རྒྱལ་བུ་མཐིང་གེ་སྟག་ཆས་སོགས། །སྲིད་པའི་ཕ་མཚུན་དགྲ་བླ་རྣམས། །འཛམ་གླིང་མཐའ་དབུས་གར་བཞུགས་ཀྱང་། །སྐད་ཅིག་ཡུད་ཙམ་འདིར་བྱོན་ཅིག །ཁྱད་པར་བདག་ཅག་ཡོན་མཆོད་ཀྱི། །ཕ་མཚུན་མ་མཚུན་དགྲ་བླ་རྣམས། །རང་རང་གར་བཞུགས་གནས་མཆོག་ནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་དང་ཡོན་བདག་བསྲུང་ཕྱིར་དུ། །ལྷ་གཞི་གོང་དུ་བཞུགས་སུ་གསོལ། །བདུད་རྩི་ཆུ་ཡིས་སྐུ་ཁྲུས་གསོལ། །མི་གཙང་ཉམས་གྲིབ་དག་གྱུར་ཅིག །ཀྱཻ། སངས་རྒྱས་ཀུན་གྱི་སྤྱི་སྐྱེས་ལྷ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རབ་འབྱམས་ཞིང་གི་སྤྱི་མྱེས་ལྷ། །སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཕགས་པ་བཞི་པོ་སྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་ལ། །གཡུ་


CMR046_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། བཀའ་བརྒྱུད་ཕ་རྒན་མར་པ་རྗེ། །བཀའ་གདམས་ཕ་རྒན་འབྲོམ་སྟོན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །བོད་ཀྱི་ཕ་གཅིག་པདྨ་འབྱུང་། །རིག་འཛིན་གདུང་བརྒྱུད་ཕ་མཚུན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་སོགས། །གྲུབ་ཐོབ་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས། །རྒྱལ་བློན་སེམས་དཔའ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཇིག་རྟེན་ཀུན་གྱི་སྐྱེས་པོ་སྟེ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྟོང་གསུམ་འཇིག་རྟེན་མྱེས་པོ་སྟེ། །ལྷ་ཆེན་ཚངས་པ་གདོང་བཞི་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཁོར་ལོས་སྒྱུར་རྒྱལ་སྡེ་ལྔ་སོགས། །རྒྱ་གར་ཡུལ་གྱི་མཚུན་རྣམས་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀོང་ཙེ་འཕྲུལ་རྒྱལ་རྩིའུ་སོགས། །རྒྱ་ནག་ཡུལ་གྱི་མཚུན་


CMR046_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྤྲེའུ་བྲག་སྲིན་མོ་ལ་སོགས། །བོད་ཀྱི་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དུང་གི་ལྷ་དཀར་ལ་སོགས་པའི། །ལྷ་རིགས་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྨོན་མི་ལུམ་ལུམ་དང་། །ཕྱྭ་དམུ་བཙུགས་གསུམ་མཚུན་རྣམས་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དམུ་སྲས་འཕྲུལ་བུ་དབང་ལྡན་དང་། །རྒྱལ་བལ་ལི་དང་ཁྲོམ་གྱི་མཚུན། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱུའུ་སྤྱི་གཙུག་རྒྱལ་པོ་དང་། །ཕྱུ་རབ་སྟག་ཆས་བལ་བུ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཡབ་ལྷ་བདལ་དྲུག་ཁྲི་རྗེ་འབར། །འོད་དེ་གུང་རྒྱལ་མཆེད་བཞི་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ལྷ་ཚ་ཐུགས་ཀར་བུ་དགུ་དང་། །སྲིན་ཚ་ཐུགས་དམར་བུ་དགུ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱ་རྗེ་ཡབ་ལྷ་བདལ་དྲུག་གི །སྲས་བུ་སུམ་ཅུ་སོ་ལྔ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མི་སྡུག་ཤ་མཚན་བཅོ་བརྒྱད་ཅན། ཁྲི་ཆེན་དཔལ་ལྷ་ཞེས་བྱ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྣེལ་


CMR046_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་ལེགས་བཀྲ་དང་། །སྲིད་པ་ཕྱ་ལྕམ་རྒྱལ་མོ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བུ་མཐིང་གེ་འཛོམ་ལ་རྒན། །ཁྲི་ལ་ཞིང་དང་བཙན་ལ་འཕེན། །ཕ་མྱེ་ཧྲི་ཐོ་ཆེན་པོ་དང་། །མིའུ་གདུང་དྲུག་ཕ་མཚུན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕ་སྤུན་ནག་པོ་རྒྱ་ཡི་མཚུན། །ཁྱིམ་མཚེས་ཝེར་མ་མོན་གྱི་མཚུན། །གཉེན་ཡ་ཆུ་ཁྲི་འཇང་གི་མཚུན། །འཐབ་ཡ་ཨ་བ་ཧོར་གྱི་མཚུན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་མཚུན། །སྟག་གཟིག་ནོར་གྱི་རྒྱལ་པོའི་མཚུན། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་མཚུན། །གེ་སར་དམག་གི་རྒྱལ་པོའི་མཚུན། །སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་མཚུན། །འཛམ་གླིང་མི་ཡི་མཚན་མགོན་རྣམས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀྱཻ། དཀར་པོ་གདོང་དང་ནག་པོ་གདོང་། །སྨུག་པོ་གདོང་དང་ཁྲ་བོ་གདོང་། །རྡོ་རྗེ་རྒྱལ་མཚན་ལྷ་རྒོད་དང་། །གླིང་རྗེ་གེ་སར་སྦ་ཚ་དགའ། །མ་སང་ཨ་སྟག་ཀླུ་མོ་ཀྱིསོགས། །གདོང་རིགས་སྲིད་པའི་ཕ་མཚུན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དབྲ་དཀར་དབྲ་ནག་སྦྲ་དབྲ་དང་། །ཆེ་དྲུག་ཕྱུག་དྲུག་བཙུན་དྲུག་དང་། །མར་པ་


CMR046_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྒད་རྩོམ་སྤྱིར་དང་། །ཞང་དཀར་ཉི་མ་རྒྱལ་མཚན་དང་། །དབྲ་རིགས་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ལྷ་དབང་ཐོད་དཀར་ཕྱུ་བཟའ་ཡུམ། །གནམ་ཐིག་དཀར་དང་ས་ཐིག་ཁྲ། །འབྲུ་རྗེ་རྭ་ཅན་བཅོ་བརྒྱད་དང་། །བྷི་ཇིར་རྒྱལ་པོ་ཀུ་མ་དང་། །བྷ་མོང་བྷེ་ཙ་བྷི་རྒྱལ་དང་། །གནམ་བྷེ་དཀར་པོ་ས་བྷེ་གྲོ། །འབྲོམ་དྭགས་འཇམ་དབྱངས་བདུན་རྒྱུད་སོགས། །འབྲུ་རིགས་སྲིད་པའི་མཚུན་རྒན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དམུ་ཚ་སྒ་ཡི་བུ་དགུ་སོགས། །སྒྲ་རིགས་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དབལ་ཟླ་གཉིས་ཀྱི་ཕ་མཚུན་དང་། །ཁྱད་པར་བདག་ཅག་ཡོན་མཆོད་ཀྱི། །ཕྱིས་ཡང་མྱེས་ལ་ཕྱི་ཡི་མཚུན། །ཕ་ཁུ་མྱེས་པོ་ཡང་མྱེའི་མཚུན། །བུ་མོ་མག་པ་ཞང་པོའི་མཚུན། །ཐམས་ཅད་མ་ལུས་འཁོར་དང་བཅས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀྱཻ། མགོན་པོ་ལེགས་ལྡན་ནག་པོ་སོགས། །ཆོས་ཀྱི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྣམ་ཐོས་སྲས་དང་རེ་མན། །བོད་ཀྱི་དགྲ་བླ་ཐམས་ཅད་ལ། །


CMR046_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྡོ་རྗེ་ལེགས་པ་ལ་སོགས་པའི། །སྐྱེ་བོའི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་ཆེན་བེ་ཧར་ལ་སོགས། །སེར་ཆགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གནམ་ཐེའུ་དཀར་པོ་ལ་སོགས་པའི། །འབྲུ་དང་ཧོར་སོགས་དགྲ་བླ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །གདོང་རིགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །བྱ་ཁྲ་གནམ་ལྕགས་མཆུ་སྡེ་ཅན། །དབྲ་ཡི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དུང་གཡག་དབལ་གྱི་རྭ་ཅོ་ཅན། །འབྲུ་ཡི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གསེར་སྟག་མཚལ་གྱི་རི་མོ་ཅན། །ས་རིགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཤེལ་གྱི་ར་སྐྱེས་ཁམ་པ་དང་། །དུང་གི་ཁྱི་མོ་དཀར་མོ་སོགས། །དབལ་ཟླ་གཉིས་ཀྱི་དགྲ་བླ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འདོད་ཁམས་དགྲ་བླ་བེར་ཆེན་དང་། །འདོད་ལྷའི་དུང་ཁྲབ་གནམ་


CMR046_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་དང་། །ས་གཞི་གསེར་སྦལ་གཡུ་ཐིག་ཅན། །ཆུ་དཀྱིལ་ཀླུ་ཡི་རྒྱལ་པོ་དང་། །རླུང་དཀྱིལ་ལྷ་ལུག་དཀར་པོ་དང་། །ལྷ་ཀླུ་གཙུག་གསུམ་སྲུང་མ་དང་། །དགྲ་བླ་གྲ་མ་མཆེད་བརྒྱད་དང་། །སྐྱེས་ཟིན་དགྲ་བླ་སྤྱན་གསུམ་དང་། །དགྲ་ཐུབ་དགྲ་བླ་སྤུན་གསུམ་སོགས། །སྲིད་པའི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གདོང་གི་ཐོག་འབྲུག་གློག་རྡེབས་དང་། །དབྲ་ཡི་མཚར་བུ་སྨྲ་ཤེས་དང་། །འབྲུ་ཡི་དུང་གཡག་དཀར་པོ་དང་། །སྒྲ་ཡི་མཚལ་སྟག་གཡུ་རིས་དང་། །སྒོ་ཡི་དུང་མི་དུང་རྟ་དང་། །སྐྱེས་པའི་ཟངས་ཀྱི་འཕར་བ་དང་། །བུ་ཚའི་གཡུ་ཡི་ཁུ་བྱུག་དང་། །བུ་སྲིང་གཡུ་ཡི་ནེ་ཚོ་དང་། །བུད་མེད་རྨ་བྱ་འཇོལ་མཁན་དང་། །ཡུལ་མཁར་དུང་སྦལ་དཀར་པོ་སོགས། །མཚུན་རིགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསངས། །གོ་ཆའི་ཁྲ་མོ་ར་མགོ་དང་། །མགྱོགས་པའི་བྱ་རྟ་དགུ་བརྩེགས་དང་། །མི་འཐོར་དུང་མི་དུང་རྟ་དང་། ཟིན་གྱི་དགྲ་བླ་སྤུན་བདུན་དང་། །རླུང་ལྷ་དཀར་པོ་རྗེ་རླུང་འཕྱོ། །འོད་ཟེར་མི་རྟ་བཅོ་བརྒྱད་སོགས། །ཡེ་སྲིད་དགྲ་བླ་ཐམས་ཅད་ལ། །གཡུ་


CMR046_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་ཕྱེ་མར་དུད་པས་བསང་། །བསང་ངོ་ལྷ་མཚུན་དགྲ་བླ་བསང་། །ཕྱི་མོ་རྒྱུད་ཀྱི་དགྲ་བླ་བསང་། །མ་ཕྱི་རྒྱུད་ཀྱི་བཀྲག་མཚུན་བསང་། །ཕ་མྱེས་རྒྱུད་ཀྱི་མཚུན་མགོན་བསང་། །མ་ཕྱིའི་མཚུན་ལྕམ་དཀར་མོ་བསང་། །དར་མཚུན་ལྡང་ཟླའི་དགྲ་བླ་བསང་། །དང་པོ་སྲིད་པའི་དགྲ་བླ་བསང་། །སྤྲུལ་པའི་དགྲ་བླ་མཆེད་དགུ་བསང་། །ཡེ་སྲིད་དགྲ་བླ་མཆེད་དགུ་བསང་། །ཕྱི་རབས་རྒྱུད་ཀྱི་དགྲ་བླ་བསང་། །མ་སང་སྤྲུལ་པའི་དགྲ་བླ་བསང་། །འཕེན་པར་བྱེད་པའི་དགྲ་བླ་བསང་། །ཕྱུག་པར་བྱེད་པའི་དགྲ་བླ་བསང་། །བཙུན་པར་བྱེད་པའི་དགྲ་བླ་བསང་། །བཙན་པར་བྱེད་པའི་དགྲ་བླ་བསང་། །དཔའ་བཏགས་ལོན་པའི་དགྲ་བླ་བསང་། །བུ་གསོ་ཚེ་སྐྱིད་དགྲ་བླ་བསང་། །དཀར་གསུམ་ཕུད་ཀྱིས་དགྲ་བླ་བསང་། །མངར་གསུམ་ཕུད་ཀྱིས་ཕ་མཚུན་བསང་། །ཕྱེ་མར་འོ་བསྐོལ་གསུར་གྱིས་བསང་། །རྩི་ཤིང་དྲི་ཞིམ་དུད་པས་བསང་། །བཟང་དྲུག་སྨན་གྱི་དུད་པས་བསང་། །བདུད་རྩི་ཇ་ཆང་འོ་མས་བསང་། །དར་ཆེན་སྟག་གཟིག་འཕེན་གྱིས་བསང་། །མདའ་དར་མདུང་དར་རྟེན་གྱིས་བསང་། །གཡག་ལུག་


CMR046_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ར་གསུམ་གཟུགས་ཀྱིས་བསང་། །གོས་དར་གོ་མཚོན་ཆས་ཀྱིས་བསང་། །བསང་ངོ་གསོལ་ལོ་མཆོད་པ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བསང་མཆོད་ཡག་པའི་ཡོན་ཏན་གྱི། །ཕ་མཚུན་དགྲ་བླ་ཁྱེད་རྣམས་ཀྱི། །རྨུགས་པ་སངས་ནས་ཁམས་བདེའོ། །འཐིབ་པ་སངསནས་ཉམས་དགའ་འོ། །བཀྲག་མདངས་གཟི་བརྗིད་མཐུ་ལྡན་ནས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བཟང་ཁ་ཟུངས་ལ་ཡག་དང་སྤྱོད། །བུ་དང་ཚ་བོ་འཚོ་སྐྱོང་མཛོད། །ཕྱུགས་གཡང་ཕོན་ལ་ཁ་འཛིན་མཛོད། །མི་འཕེན་རྟ་ཧྲག་བཙུན་པར་མཛོད། །ཚེ་བསྲིང་དཔལ་བསྐྱེད་རིགས་རྒྱུད་སྤེལ། །ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད། །ཉིན་གསུམ་རྒྱངསནས་བྱ་ར་མཛོད། །མཚན་གསུམ་དྲུང་ནས་མེལ་ཚེ་མཛོད། །འཇིགས་པའི་ལམ་དུ་སྐྱེལ་མ་མཛོད། །འཐབ་པའི་ཚེ་ན་དཔུང་རོགས་མཛོད། །བརྒྱ་ཡི་ནང་གི་གྲྭ་པ་མཛོད། །སྟོང་གི་ནང་གི་ཞུར་པོ་མཛོད། །རྒྱབ་ཀྱི་རྟེན་ས་མཛད་དུ་གསོལ། །མདུན་གྱི་འཁར་བ་མཛད་དུ་གསོལ། །རྒས་པ་རྣམས་ཀྱི་ཚེ་སྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་སྐྱེད་ཅིང་། །བདེ་སྐྱིད་ཕུན་སུམ་ཚོགས་པར་


CMR046_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཅེས་སློབ་དཔོན་པདྨས་མཛད་པའི་མཚུན་བཅོས་ཆེན་མོ་དང་། རྒྱུད་གཞུང་བསྟན་ཆོས་མང་པོ་ནས་ཁོལ་བུར་ཕྱུངས་ཤིང་ལེགས་པར་བསྒྲིགས་པ་འདི་ནི་མི་རྒྱུད་ཕྲ་བ་ལ་བྱས་ན་སྲིད་འཕེལ། སྔ་དར་ཆེ་བ་ལ་ཕྱིས་རྒུད་སོང་བ་ལ་བྱས་ན་མཆོག་ཡིན། གཡང་དང་དཀོར་བདག་གཞན་དུ་སོང་བ་ལ་བྱས་ན་ཕན། རྨི་ལམ་ཚེ་འདས་རྨིས་ནས་གནོད་པ་ལ་ཕན། ཕ་ཁུ་བཙན་སོགས་ལྷ་འདྲེ་ལ་སྐྱེས་ན་མཆོད་ཐབས་འདི་ཡིན། ཕ་མེས་བཟང་པོའི་རྗེས་ཤུལ་རྒུད་པ་ལ་མཆོག་ཏུ་ཕན། དེ་ཕྱིར་མཁོ་དགོས་མང་བར་སྣང་བས་རང་གཞན་ཀུན་ནས་ཕན་ཕྱིར་དུ། རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་ལྟུང་བྱུང་ན་ཡི་དམ་ལྷ་ལ་བཤགས༔ དགེ་བས་འགྲོ་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ།next