Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
གཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ།next

གཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ།


CMR046_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR046_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་བྱེད་པར་འདོད་ན། གཡང་ཆ་བཀྲ་ཤིས་པའི། ཞིང་ན་ཆག་པའི་ཡོ་བྱད་ཐམས་ཅད་འཚོགས་ལ། གཡང་འབོད་གཡང་ཕུར་རྣམས་བྱས་ལ་འདི་སྐད་དོ།། །ཀྱཻ། དེ་རིང་བཀྲ་ཤིས་ཉི་མའི་གདུང་གང་ལ། །ཕྱུ་ཆ་གཡང་ཆ་ཕུན་སུམ་ཚོགས། །བཀྲ་ཤིས་གཡང་རྫས་རི་བོ་ལ། །བཀྲ་ཤིས་མར་ཁུ་མཚོ་མོ་འཁྱིལ། །གཡང་ནས་དཀར་མོ་འཕེལ་ཆེན་འདི། །ཕྱི་མི་སྣ་དགུ་སུས་ཟོས་ཀྱང་། །ཕྱུ་འཕེལ་འདི་ལ་ཕྲག་མ་དོག །གཡང་རྟེན་འདི་ལ་རུ་མ་ང་། །མདའ་དར་འདི་ཡིས་གཡབ་ཅིང་འབོད། །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །ཕྲུ་ཟས་གཡང་ཆ་འདི་ལ་ཕྲག་མ་དོག་


CMR046_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱྭ་ནས་དཀར་མོ་འཕེལ་ཆེན་འདི། །ཕྱེ་མར་ཕུར་མ་གངས་ལྟར་སྤང་། །དེ་རིང་མཉེས་པའི་རྒྱན་དང་བཅས། །དེ་ཕྱིར་མི་སྣ་དགུ་ཡི་སུས་ཟོས་ཀྱང་། །ཕྱེ་མར་འདི་ལ་ཕྲག་མ་དོག །གཡང་སྤེལ་འདི་ལ་རུ་མ་ང་། །གཡང་སྒྱེ་ཁ་བཞི་འདི་ཡི་ནང་དུ་རྩེན། །གཡང་ནོར་སྣ་དགུ་བཞུགས་སྣོད་འདི། །རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ། །བདུད་རྩི་ངད་ལྡན་དྲི་རེ་བཟང་། །བདུད་རྩི་གཡང་ཁྱབ་མེར་བ་འདི། །ཕྱི་མི་སྣ་དགུ་སུས་ཟོས་ཀྱང་། །གཡང་ཆང་འདི་ལ་ཕྲག་མ་དོག །གཡང་སྤེལ་འདི་ལ་རུ་མ་ང་། །གཡང་དཀར་མོ་འདི་ཡི་ནང་དུ་རྩེན། །


CMR046_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་དཀར་གསུམ་བཟང་པོ་འདི། །ཁ་དོག་དཀར་པོ་དུང་བས་གསལ། །རོ་མཆོག་བརྒྱ་དང་ལྡན་པ་འདི། །ཕྱུ་ཆ་གཡང་ཆ་དཀར་གསུམ་འདི། །ཕྱི་མི་སྣ་དགུ་སུས་ཟོས་ལྟཀྱང་། །ཕྱུ་སྤེལ་འདི་ལ་ཕྲག་མ་དོག །གཡང་སྤེལ་འདི་ལ་རུ་མ་ང་། །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །གསེར་ཟོ་སེར་པོ་ཀྱི་ལི་ལི། །དུང་མཚོ་དཀར་མོ་སྒ་ར་ར། །བཀྲ་ཤིས་དུང་མཚོ་འོ་མ་འདི། །ཕྱི་མི་སྣ་དགུ་སུས་ཟོས་ཀྱང་། །གསེར་ཟོ་འདི་ལ་ཕྲག་མ་དོག །དུང་མཚོ་འདི་ལ་རུ་མ་ང་། །གསེར་ཟོ་འདི་ཡི་ནང་དུ་རྩེན། །བཀྲ་ཤིས་གཡང་ནས་འཕེལ་ཆེན་འདི། །དབྱར་ནི་འབྱུང་བ་ལྔ་ལས་གྲུབ། །འཁྲུངས་ནི་གཡུ་ལྗང་སྔོ་དམར་འཁྲུངས། །འཕེལ་ནི་བརྒྱ་ལ་སྟོང་དུ་འཕེལ། །ནས་འབྲུ་གཅིག་ལ་སྙེ་མ་བརྒྱ། །སྙེ་མའི་ནང་དུ་ནས་འབྲུ་བརྒྱ། །བརྒྱ་སྟོང་འཕེལ་བའི་གཡང་ནས་འདི། །ཕྱི་མི་སྣ་དགུ་སུས་ཁྱེར་ཀྱང་། །གཡང་ནས་འདི་ལ་ཕྲག་མ་དོག །སྔོན་མོ་འཕེལ་ཆེན་འདི་ལ་རུ་མ་ང་། །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །བརྒྱ་ལ་སྟོང་དུ་འཕེལ་བའི་བཀྲ་ཤིས་ཤོག །གཞི་ནི་ཕྱིང་པ་དཀར་པོ་བལ་གྱི་གཞི། །སྤང་ལ་མེ་ཏོག་ཡག་པ་


CMR046_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །ན་བཟའ་ཕྱི་ནང་གཡང་རྫས་འདི། །ཕྱི་མི་སྣ་དགུའི་ཕྱིར་གྱོན་ཀྱང་། །གཡང་ཕྱིང་འདི་ལ་ཕྲག་མ་དོག །ཕྱི་ནང་རྫས་ལ་རུ་མ་ང་། །ནང་མི་ཡོན་གྱི་བདག་པོའི་སྐུ་ལ་བརྟེན། །ཁང་ཁྱིམ་བང་ཁང་ཁང་སྦྲ་འདི། །རྒྱ་མཚོ་འདི་ནི་ཕྱུག་མོ་འདྲ། །རི་རབ་ལྷུན་པོ་བཞིན་དུ་ཕུབ་པ་འདི། །ནང་མི་ཡོན་བདག་མ་གཏོགས་པ། །ཕྱི་མི་སྣ་དགུ་སུས་ཕུབ་ཀྱང་། །ཕྱི་མི་མོ་ཉོག་ཕེབས་ན་ཡང་། །ཁང་ཁྱིམ་འདི་ལ་ཕྲག་མ་དོག །སྣལ་མ་འདི་ལ་རུ་མ་ང་། །དབུས་ཀ་འདི་ཡི་དབུས་སུ་བརྟེན། །སོག་ཡུ་ལྗང་སྔོན་རྟ་ཡི་གསོས། །སྣོར་མ་སྔོན་མོས་འབྲི་གཡག་གསོས། །ཡུང་མ་སྔོན་པོས་མཛོ་དྲེལ་གསོས། །ལོ་མ་སྔོན་པོས་ར་ལུག་གསོས། །ནང་མི་འདིའི་སེམས་ཅན་མ་གཏོགས་པ། །ཕྱི་ཡི་སེམས་ཅན་སུས་ཟོས་ཀྱང་། །རྩྭ་དང་སོག་ལ་ཕྲག་མ་དོག །གཡང་གི་ར་བ་འདི་ཡི་རྩེན། །གཡང་བལ་དེ་ནི་གདན་ཆེན་དང་། །དར་དཀར་དེ་ནི་ལྷབས་སེ་ལྷབ། །གཡང་དར་དེ་ནི་ཡག་ལུག་འདི། །དཀར་དང་དེ་ནི་པུ་རུ་རུ། །ཕྲུ་གཡང་བསོད་ནམས་འབོད་པའི་རྟེན། །ནང་མི་ཡོན་བདག་མ་གཏོགས་པ། །ཕྱི་མི་སྣ་


CMR046_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སུས་ཁྱེར་ཀྱང་། །ཕྱྭ་དང་གཡང་ལ་ཕྲག་མ་དོག །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །འབྲི་བརྒྱ་དེ་ནི་སྟོང་ཡང་མཆིས། །ལྷ་འབྲི་གཤམ་དཀར་མོ་ལྷ་གཡག་གྲྭ་པ་གཉིས་མ་གཏོགས་ཁྱུ་ནས་མཆིས། །ཕྲུ་དང་གཡང་གི་སྲུང་མ་ཡིན། །ཤར་གྱི་སེང་གེ་དཀར་མོ་དེ། །བང་མཛོད་ཤར་གྱི་སྲུང་མ་ཡིན། །ལྷོ་ཡི་གཡུ་འབྲུག་སྔོན་མོ་དེ། །བང་མཛོད་ལྷོ་ཡི་སྲུང་མ་ཡིན། །ནུབ་ཀྱི་དོམ་བུ་ཐུགས་དཀར་དེ། །བང་མཛོད་ནུབ་ཀྱི་སྲུང་མ་ཡིན། །བྱང་ཕྱོགས་སྟག་མོ་མིག་དམར་དེ་། །བང་མཛོད་བྱང་གི་སྒོ་སྲུང་ཡིན། །བང་མཛོད་སྒོ་བཞི་མ་བྱེ་ཞིག །སྒོ་བ་བཞི་ཡིས་སྒོ་སྲུངས་ཤིག །འཕྲང་མ་བཞི་ཡིས་འཕྲང་ཆོད་ཅིག །གཡང་གི་སྒོ་བཞི་མ་བྱེ་ཞིག །སྲུང་བཞི་དེ་ནི་མ་འཆུག་ཅིག །ཕུར་བཞི་དེ་ནི་མ་བུད་ཅིག །ཕུར་ཐག་དེ་ནི་མ་གཅོད་ཅིག །ཁུ་ཡེ་ཕྱྭ་དང་གཡང་དུ་རྩེན། །དེ་ནས་གཡང་ཕུད་བསང་བྱེད། གཡང་གི་ཡོ་བྱད་ཡོན་བདག་ལ་གཏད་ལ་འདི་སྐད་དོ། །ཀྱཻ། དེ་རིང་བཀྲ་ཤིས་ཉི་མའི་སྔ་དྲོ་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལོངས་སྤྱོད་ཚོགས་ཕྱིར་གཡང་སྐྱབས་འདི། །གཡང་རྟེན་སྣ་ཚོགས་ཕྱག་ཏུ་བཞེས། །ཚངས་པ་ལ་


CMR046_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ལྷ་ཆེན་བརྒྱ་བྱིན་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །བརྒྱ་བྱིན་གཤིན་རྗེའི་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ཕྱོགས་སྐྱོང་གཞི་བདག་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ཀླུ་བཙན་ས་བདག་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ཙང་ཀུན་ཡུལ་སའི་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །མི་ལ་བསེ་རག་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །མཐོན་པོ་དགུང་གི་ཕ་གཡང་འཕེལ་བ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཏད། །དོག་མོ་ས་ཡི་དམའ་གཡང་འཕེལ་བ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཏད། །རི་རབ་ལྷུན་པོའི་དྲལ་གཡང་འབེབས་པ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཏད། །རྒྱ་མཚོ་སྟེང་གི་ལྕམ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །


CMR046_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་ཤིང་གི་ལོ་འདབ་རྒྱས་པའི་གཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་དུ་གཡང་གཏད་དོ། །རྒྱལ་ཆེན་བཞི་ཡི་གཏེར་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཉི་ཟླའི་འོད་ཀྱི་གསལ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །གངས་ཐིག་རྣམས་ཀྱི་བླན་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཆུ་བོ་གཞུང་གི་གསེར་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །བྱ་རྒྱལ་ཁྱུང་གཤོག་འབེབས་པའི་གཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །སྟག་གཟིག་ནོར་གྱི་ནོར་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །རོག་རོག་འབྲོང་གི་ར་གཡང་འབེབས་པ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཧེ་བ་རྐྱང་གི་རྟ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཟལ་དཀར་འབྲི་ཡི་འབྲི་གཡང་དེ། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །བལ་ཆེན་ལུག་གི་སྙན་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཁ་


CMR046_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བོད་ཀྱི་ལྕེ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །དམར་ཡག་སྟག་གི་འཛུམ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །རྩ་རྩེ་ཆུང་འབོང་གི་ཙེ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །གཏན་ནས་བདེ་སྐྱིད་སྨོན་ལམ་འགྲུབ་པར་ཤོག །རིགས་རྒྱུད་འཕེལ་ཞིང་རྒྱས་པར་ཤོག །ནོར་ཕྱུགས་འཕེལ་བའི་འཕེལ་གཡང་དང་། །ཐེར་ཕྲུག་གོས་ཀྱི་བཙུན་གཡང་དང་། །སྐུ་མཁར་བཙན་པའི་བཙན་གཡང་དང་། །ཉི་མའི་འོད་ཀྱི་གསལ་གཡང་དང་། །རལ་གྲི་རྣོ་བའི་དགྲ་གཡང་དང་། །གོ་ཁྲབ་བཙན་པའི་བཙན་གཡང་དང་། །བཀྲ་ཤིས་ནས་ཀྱི་འཕེལ་གཡང་དང་། །བཀྲ་ཤིས་གཡང་སྣ་དགུ་འདི་ཡང་། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །དེ་རིང་བཀྲ་ཤིས་གཡང་གཏད་པས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དཀོར་ཆ་སྣ་ཚོགས་ཡིད་བཞིན་འགྲུབ། །བཀྲ་ཤིས་བསོད་ནམས་འཕེལ་བར་ཤོག །གཡང་ར་ནོར་གྱིས་གང་བར་


CMR046_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བང་མཛོད་ནོར་གྱིས་གང་བར་ཤོག །ཅི་བསམ་དོན་རྣམས་འགྲུབ་པར་ཤོག །རྒྱུ་སྦྱོར་ཡོན་གྱིས་བདག་པོ་ཡི། །འགོ་བའི་ལྷ་ལ་འཁོར་བར་ཤོག །ཕོ་ལྷ་དགྲ་ལྷས་བསྲུང་དུ་གསོལ། །བྱེས་ལྷ་ཕྲག་ལྷས་བསྲུང་དུ་གསོལ། །གཡང་ར་བ་སྒོ་བཞིས་བསྲུང་དུ་གསོལ། །གཡང་གི་སྒྲོ་བ་ཁ་བཞི་འདི། །དར་ཚོན་སྣ་ལྔའི་རྒྱན་གྱིས་བརྒྱན།། རིན་པོ་ཆེ་ཡི་བརྒྱན་དུ་བྱས། །རྔ་ཚོན་སྔོ་དམར་སྣ་ཚོགས་བཏགས། །བལ་སྤུད་དཀར་དམར་བརྒྱན་རྣམས་ཀུན། །དེ་རིང་གཡང་གི་རྟེན་དུ་བྱས། །གཡང་སྐྱབས་ཕུད་ཀྱིས་དགྲ་ལྷ་མཆོད། །ཕྲུ་ཉི་མ་ཙམ་ཞིག་ཀྱི་ལི་ལི། །གཡང་ཟླ་བ་ཙམ་ཞིག་སྒ་ར་ར། །དེ་རིང་ཡོན་བདག་འདི་ལ་གཡང་ཁུག་ཅིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འབྲས་དྲུག་ནས་རྣམས་འཕེལ་བར་ཤོག །སངས་རྒྱས་བསྟན་པ་དར་བར་ཤོག །བཀྲ་ཤིས་བདེ་ལེགས་བརྟན་པར་ཤོག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །བསང་ལེགས་པར་གང་དུ། གཡང་རྫས་དཀར་གསུམ་མངར་གསུམ་དང་། གོ་མཚོན་སྣ་དགུ་འཚོགས་པ་དང་། བསང་བྱའོ། །ཁུ་ཡེ་གཡང་སྒྲོ་ནང་འདི་ལ་མདའ་དར་གཡབ་པར་བྱའོ། །དེ་


CMR046_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱེ་མར་དཀར་གསུམ་མངར་གསུམ་དང་། རྫས་རྣམས་སྣ་ཚོགས་གཡང་ཁུག་ནང་དུ་བླུག་ལ་གཏད་དོ། །དེ་ནས་བཀྲ་ཤིས་བརྗོད་པ་ནི། བདག་གཞན་ཀུན་གྱིས་མེ་ཏོག་འཐོར་ཞིང་འདི་སྐད་དོ།། ཨོཾ་སྭ་སྟི། །ཝཱ་རཱ་ཎ་སཱི་བཞིན་དུ་ཡུལ་ལ་བཀྲ་ཤིས་ཤོག །ནེརཉྫན་བཞིན་དུ་གནས་ལ་བཀྲ་ཤིས་ཤོག །ཟུ་ལེ་འོ་མ་བཞིན་དུ་ཟས་ལ་བཀྲ་ཤིས་ཤོག །རྒྱལ་པོ་ཟས་གཙང་བཞིན་དུ་ཡབ་ལ་བཀྲ་ཤིས་ཤོག །སྒྱུ་མ་ལྷ་མཛེས་བཞིན་དུ་ཡུམ་ལ་བཀྲ་ཤིས་ཤོག །རྒྱལ་བུ་དོན་གྲུབ་བཞིན་དུ་སྲས་ལ་བཀྲ་ཤིས་ཤོག །ལྷ་ཀླུ་གནོད་སྦྱིན་བཞིན་དུ་འཁོར་ལ་བཀྲཤིས་ཤོག །དུང་སོ་ཨང་གྲག་བཞིན་དུ་སྐད་ལ་བཀྲ་ཤིས་ཤོག །སྤྲིན་གྱི་ཤུགས་ཆེན་བཞིན་དུ་རྟ་ལ་བཀྲ་ཤིས་ཤོག །གླང་པོ་རབ་བརྟན་བཞིན་དུ་ཕྱུགས་ལ་བཀྲ་ཤིས་ཤོག །འབྲས་བུ་ཡུངས་ཀར་བཞིན་དུ་འབྲུ་ལ་བཀྲ་ཤིས་ཤོག །ཁ་དོག་ལི་ཁྲི་བཞིན་དུ་རྫ་ས་ལ་བཀྲ་ཤིས་ཤོག །སྨན་མཆོག་གྷི་ཝཾ་བཞིན་དུ་སྨན་ལ་བཀྲ་ཤིས་ཤོག །ས་གཞི་རིན་ཆེན་བཞིན་དུ་གནས་ལ་བཀྲ་ཤིས་ཤོག །ཚོང་དཔོན་ཆུ་འབེབས་བཞིན་དུ་ཚོང་ལ་བཀྲ་ཤིས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བར་ཤོག །ཚེ་རིང་ནད་མེད་ལོངས་སྤྱོད་དཔལ་


CMR046_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཤོག །ལྷ་གཡང་ཆེན་པོའི་བཀྲ་ཤིས་ཤོག །མི་གཡང་མུ་དག་བཀྲ་ཤིས་ཤོག །མཛོ་གཡང་སྣ་ཐག་བཀྲ་ཤིས་ཤོག །ནོར་གཡང་བང་མཛོད་གང་བའི་བཀྲ་ཤིས་ཤོག །གནག་གཡང་བེའུ་ལུག་གང་བའི་བཀྲ་ཤིས་ཤོག །རྟ་གཡང་སྲབ་མདའ་གང་བའི་བཀྲ་ཤིས་ཤོག །ནས་གཡང་བྲེ་ཕུལ་གང་བའི་བཀྲ་ཤིས་ཤོག །བ་གཡང་གཡུང་དྲུང་བཞིན་དུ་བཀྲ་ཤིས་ཤོག །ནོར་གཡང་ར་བ་གང་བའི་བཀྲ་ཤིས་ཤོག །ཟས་གཡང་བང་མཛོད་གང་བའི་བཀྲ་ཤིས་ཤོག །མི་གཡང་དེ་རྣམས་ལྷ་ཆེན་བརྒྱད་ཀྱིས་ལྡེ་མིག་ལ་གཏད་དོ། །བཀྲ་ཤིས་ཡོན་བདག་འདི་ལ་གཡང་བྱིན་ནོ། །ཕྱྭ་དང་གཡང་བྱིན་ནོ། །རྗེ་རྣམ་ཐོས་སྲས་ལ་སོགས་པའི་འཇིག་རྟེན་ནོར་གྱི་འབྱོར་པ་ཐམས་ཅད་དང་། བཀྲ་ཤིས་ཡོན་བདག་འདི་ཡི་ཕྱུ་དང་གཡང་ལེན་ནོ། །ཨོཾ་རྣམ་སྲས་ཀ་རཏྣ་སིདྡྷི་སྡུད་སྡུད་ཛ་ཛ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པར་ཤོག །དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་ཤོག །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །ནོར་གྱི་དབང་ཕྱུག་སོགས་བཀྲ་ཤིས་གང་ཤེས་བརྗོད། དེ་ནས་གཡང་བཤོས་ཆེ་བ་ཡོན་བདག་མོ་ཡི་ལག་ན་བཟུང་། མདའ་དར་སྐྱེས་པ་ཕོ་ཡིས་


CMR046_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། གཞན་ཡང་དཀོར་ནོར་དང་མཆོད་རྫས་རྣམས་ཡོན་བདག་ཚང་གི་མི་དུ་ཡོད་ཀྱིས་ལག་ཏུ་བཟུང་ནས་ཐམས་ཅད་ཐང་ལ་འདུག །བཀྲ་ཤིས་བརྗོད། ཟས་ཕུད་རེ་དང་འབྲུ་སྣ་ཚོགས་སོགས། གཡང་གེ་ལུ་དཀར་པོའི་ནང་དུ་བླུག་ལ་ཚགས་རྫི་བྱ། མདའ་དར་དཀྱིལ་ཀ་ལ་བཅིངས་སམ། ཡང་ན་སྟག་དོང་ནང་དུ་བཅུག །ཤུག་པ་ཀ་བ་ལ་བཅིངས། འབྲོག་པ་ཡིན་ན་ནོར་སླས་སུ་བཙུགས། དེ་མིན་གཏོར་མ་སོགས་ཕྱི་མི་ལ་མི་སྦྱིན། རང་གིས་དངོས་གྲུབ་བླངས་ལ་བཟའོ། །གཡང་གཞིའི་འོག་གི་ས་ཞིང་ནང་དུ་བླུགས་སམ། འབྲོག་པ་ཡིན་ན་ནོར་སླས་སུ་གཏོར། སླར་ཡང་ཡེ་ཤེས་པ་ཐམས་ཅད་སྦྲ་ཁྱིམ་ལ་ཐིམ་པར་བསྒོམ། འཇིག་རྟེན་པ་སྤོམ་ར་ཐམས་ཅད་རང་གནས་སུ་གཤེགས་པར་བྷེ། ལོ་ཀ་སརྦ་གཙྪགཙྪ། ཅེས་བརྗོད་དེ་ལྟར་བསྒྲུབས་པས་ནོར་ལྷ་མཆེད་བརྒྱད་ལྷ་མོ་དཔལ་ཆེན་མོ་སོགས། ཁྱིམ་དེར་གནས་པར་གྱུར་ནས། འབྲུ་ལ་སོགས་འཕེལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་འཕེལ་བར་འགྱུར་རོ། །འདི་ཡང་མདོ་སྡེ་གསེར་འོད་དམ་པ་དང་། ལྷ་མོ་དཔལ་གྱི་མདོ་དང་། གར་མཁན་མཆོག་གི་རྒྱུད་དང་། གསེར་འོད་གཡང་སྐྱབས། སློབ་དཔོན་ཙནྡྲ་གོ་མའི་གཡང་སྐྱབས། པདྨའི་གཡང་སྐྱབས། རྨ་སྤོམ་རའི་གཡང་སྐྱབས་རྣམས་ཀྱི་དོན་བསྡུས་བླ་མ་ཙཱ་རི་བས་བསྐུལ་ནས་སྔགས་འཆང་ཨ་རྭགས་གསེར་འཕྱང་གི་ལོ་ཁྲུམས་ཀྱི་ཟླ་བའི་གནམ་གང་ཉིན་པར་བྲིས་པའོ། །དགེ་བས་སེམས་ཅན་


CMR046_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་པར་གྱུར་ཅིག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ།next