Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
ཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས།next

ཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས།


CMR046_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས་བཞུགས་སོ།


CMR046_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དུས་བཟང་གི་ཡར་ཚེས་གཟའ་སྐར་བཟང་ཞིང་རྒྱལ་ཕུར་ལྟ་བུ་ལ། རིན་ཆེན་དར་སྣ་འབྲུ་སྣ་སྨན་སྣ་ཤིང་སྣ་ལ་བལ་ཚོན་གྱིས་ཅི་མཛེས་བསགས་ལ། ནམ་མཁའ་དང་ཤིང་རིས་ལྔ་ལ་རིགས་ལྔའི་ཕྱག་མཚན་ས་བོན་དང་། བཀྲ་ཤིས་རྟགས་བརྒྱད་ཉེ་བའི་རིན་ཆེན་སྣ་བདུན་སོགས། །ཚོན་རྩི་སོགས་ཀྱིས་ཅི་མཛེས་པ་བསགས་ལ། ཁང་པའི་ཕུགས་སམ། ཀ་བའི་ངོས་ལྟ་བུ་ལ་འཛུགས་ཤིང་འདི་གྱེར་རོ། །ཨོཾ་སྭ་བྷ་ཝ་སོགས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་གཞལ་ཡས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་ཁྱིམ་ལྷ་གེའུ་ཐུང་སྐུ་མདོག་གསེར་རི་


CMR046_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོ་ལ་ཉི་མ་འབུམ་གྱི་མདངས་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་གཡས་བཱི་ཛ་པུ་ར་དང་། གཡོན་ནེའུ་ལེ་འཛིན་པ། དར་དང་རིན་པོ་ཆེས་རྒྱན་གྱིས་བརྒྱན་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། འཁོར་དུ་ནོར་བདག་འབུམ་གྱིས་བསྐོར་བ། དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་བའི་སྲུང་མའི་ཚོགས་དཔག་ཏུ་མེད་པ། ལྷ་ཚོགས་དེ་དག་གི་གནས་གསུམ་རྡོ་རྗེ་གསུམ་གྱི་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་དག་པའི་ཕོ་བྲང་ནས་མཆོག་གསུམ་རྒྱལ་བ་སྲས་བཅས་སྤྱན་


CMR046_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། བཛྲ་ས་མཱ་ཡ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །རྩ་གསུམ་ནོར་ལྷ་ཆོས་སྲུང་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །ཚུར་བྱོན་ཚུར་བྱོན་གཤེགས་སུ་གསོལ། །གཤེགས་ནས་གནས་འདིར་བཞུགས་སུ་གསོལ། །བཞུགས་ནས་རྣལ་འབྱོར་བདག་ཅག་ལ། །དྲན་པ་ཙམ་གྱིས་དངོས་གྲུབ་ཀྱི། །འདོད་དགུའི་ཆར་ཆེན་འབེབ་ཏུ་གསོལ། །ཛཿཧཱུྃ་བཾ་ཧོས་དམ་ཡེ་འདྲེས། པདྨ་ཀ་མ་ལཱ་ཡ་ཧཱུྃ། དབང་ལྷ་སྤྱན་དྲངས་དབང་བསྐུར་ནས། །རིན་ཆེན་འབྱུང་ལྡན་རྒྱས་གདབ་གྱུར། །ཞིང་ཁམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་རྒྱ་མཚོ་དཔག་མེད་དང་། །གུས་པས་དངོས་བཤམས་ཡིད་སྤྲུལ་བཅས། །བདག་ལ་བརྩེ་བས་བཞེས་ནས་ཀྱང་། །བདག་དང་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་ཀུན་གྱི་བཀའ་དྲིན་སྩོལ། །གཞན་ཡང་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་ཉེ་བའི་རིན་ཆེན་བདུན། །ལྷ་མིའི་འབྱོར་པ་ལས་བྱུང་བའི། །འདོད་ཡོན་མ་ཚང་མེད་པ་རྣམས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །དགྱེས་པ་སྐྱེད་བྱེད་རྟེན་དུ་འབུལ། །ནམ་ཞེས་བྱ་བ་སྟོང་པ་དང་། །མཁའ་ཞེས་བྱ་


CMR046_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་ཡང་སྟོང་། །དུག་ལྔ་རང་དག་སྐུ་ལྔ་ཡི། །འོད་ཟེར་ཁ་དོག་ལྔ་ལྡན་འདི། །སྐུ་ལྔའི་བདག་ཉིད་ཁྱེད་ལ་འབུལ། །བཞེས་ནས་སྣང་སྲིད་གསལ་བར་སྟོན་། །དགོས་འདོད་འབྱུང་བའི་དཔག་བསམ་ཤིང་། །ཕྱག་མཚན་ལྔ་ཡི་མཆོད་པའི་ཚོགས། །ཤིང་རིས་འཇའ་ཚོན་འོད་དུ་འབར། །ཡུལ་མཁར་ཞིང་གི་རྟེན་དུ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་མཛོད། །འདོད་པའི་ཡོན་ཏན་ལྔ་ལྡན་པའི། །ཤིང་རྩི་རྒྱན་ལྡན་འདི་འབུལ་བས། །ཕོ་བྲང་འདི་ལ་བཞུགས་སུ་གསོལ། །མོན་ཡུལ་ལྷོ་སྨྱུག་ལྡེམ་པ་ལ། །བྱ་རྒྱལ་རྒོད་ཀྱི་དང་རུས་བརྒྱན། །ཁ་དོག་དམར་བ་མཚལ་གྱིས་བྱུག །རྣོ་དབལ་ལྡན་པའི་མདེའུ་སྤྱད། །སྐྱེས་པ་ཕོ་ཡེ་ཡི་རྟེན་ཤིང་འབུལ། །མཆོག་གི་རྒྱལ་བ་སྲས་བཅས་དང་། །ས་བདག་ཡུལ་ལྷ་གཞི་བདག་དང་། །གྲོགས་ལྷ་ཕོ་ལྷ་དགྲ་བླ་དང་། །མ་ལྷ་ཞང་ལྷ་གཉན་པོ་དང་། །མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས། །རྣལ་འབྱོར་བདག་ལ་བརྩེར་དགོངས་ཏེ། །ཚེ་དཔལ་ནོར་སྤེལ་དགྲ་བགེགས་སྒྲོལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །ཕར་འགྲོ་སྐྱེལ་


CMR046_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུར་འོང་དུས་བདག་གིས། །བསུ་མ་ལྟ་བུའི་མྱུར་དུ་ཕྲིན་ལས་མཛོད། །མི་ཡི་ན་ཚ་བཟློག་ཏུ་གསོལ། །ནོར་གྱི་གོད་ཡམས་བཟློག་ཏུ་གསོལ། །ཞིང་གི་བཙའ་སད་བཟློག་ཏུ་གསོལ། །སྔོན་གྱི་ལས་ངན་བཟློག་ཏུ་གསོལ། །འཕྲལ་གྱི་རྐྱེན་ངན་བཟློག་ཏུ་གསོལ། །གཞན་གྱི་བྱད་ཁ་བཟློག་ཏུ་གསོལ། །སྡེ་བརྒྱད་ཟོར་ཁ་བཟློག་ཏུ་གསོལ། །མོ་རྩིས་རྨི་ལྟས་ངན་པ་བཟློག་ཏུ་གསོལ། །སྐག་དང་སྲི་ངན་ཐམས་ཅད་བཟློག་ཏུ་གསོལ། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བརྟན་བཞུགས་ནི། །ཀྱཻ། མཆོག་གསུམ་ཡི་དམ་ཆོས་སྲུང་བཅས། །འོད་དུ་ཞུ་ནས་ཛ་ལྷར་ཐིམ། །གནས་ཁང་གཞལ་ཡས་ཁང་དུ་གྱུར། །ཡོ་བྱད་མཆོད་པའི་རྫས་སུ་གྱུར། །འཁོར་བ་ཇི་སྲིད་མ་སྟོངས་བར། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཉིན་རེ་བཞིན་དུ་དུས་ཀུན་ཏུ། །ཅི་ནུས་སུ་ནི་མཆོད་པར་བགྱི། །རྣལ་འབྱོར་བདག་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྩོལ། །ཡེ་དྷརྨ་བརྗོད་ཅིང་མེ་ཏོག་འཐོར། །ཤིས་པ་བརྗོད་ལ་རོལ་མོ་དཀྲོལ། །དགའ་སྤྲོ་བྱེད་ཅིང་ཚིག་སྙན་སྨྲ། །གོས་བཟང་གཡོགས་ཤིང་རྒྱན་བཟང་


CMR046_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས། །དུས་ཀུན་ཟས་ནོར་ཕུད་ཀྱིས་མཆོད། །གང་བཅོལ་ལས་ལ་སོམ་ཉི་སྤང་། །ཐུན་མོང་དངོས་གྲུབ་སྟེར་བར་བྱེད། །མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་། །བདེ་བླག་ཉིད་དུ་རྙེད་པར་གྱུར། །དེ་སྐད་རཱ་ག་ཨ་སྱས་སྨྲས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས།next