Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ཕུགས་ལྷ་དང་ཀ་ལྷ་བསྟོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུགས་ལྷ་དང་ཀ་ལྷ་བསྟོད་པ།next

ཕུགས་ལྷ་དང་ཀ་ལྷ་བསྟོད་པ།


CMR046_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཕུགས་ལྷ་དང་ཀ་ལྷ་བསྟོད་པའི་དབུ་ཕྱོགས་བཞུགས་སོ།


CMR046_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྲུ་གཡང་ཕུགས་ལྷ་བསྟོད་པའི་ཐབས་ལ། རི་རབ་བང་རིམ་གསུམ་གྱི་སྟེང་དུ། ཕུགས་རི་དིལ་དཀར་གྱི་མདུན་དུ་ཞལ་དཀར་སྟེང་དུ། དབུས་སུ་རིན་པོ་ཆེ་སྣ་ཚོགས་བཞག །ཁྱུང་དང་བྱ་རྒོད་ཁྲ་གླག་བཙུགས། གཡས་གཡོན་སྦལ་སྦྲུལ། མདུན་རྒྱབ་གསེར་གྱི་མི་ཕོ། ལྕགས་ཀྱི་ར་སྐྱེས། དུང་གི་སེང་གེ་རྣམས་ཀྱིས་བསྐོར། དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས། ཕུག་རྟེན་ལ་ཤིང་རྩི་སྣ་ཚོགས་རིན་པོ་ཆེ་སྣ་ལྔ་འབུལ། དར་སྣ་ལྔ་། དཀར་རིགས། མངར་རིགས། ཕྱུག་པོ་འཕེན་པོ། བཀྲ་ཤིས་པའི་ལག་ནས་བླངས་པའི་ཞིང་ས་འབྲུ་སྣ། རྟ་ནོར་གྱི་སྤུ། བསོད་ནམས་ཁས་དྲག་ཅན་གྱི་གཡུ་ཁྲབ་ཤིང་ཐོག་རྒྱ་སྤོས། ཤ་མར་ཐུད་གསུམ།


CMR046_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དར་དར་གོས། དུད་འགྲོའི་རིགས། གཅན་གཟན་རྣམས་ཀྱི་སྤུ་སྣ་ཚོགས། ཤིང་རྩི་ལ་བརྒྱན། ཕུགས་ལ་རྟེན་བཙུགས། ཡི་དམ་གང་རུང་གི་བསྐང་ཚོགས་སྐབས་སུ་བྱ། དེ་ནས་བདེ་བའི་སྟན་ལ་འདུག །བསྐང་ཚོགས་ཚར་ནས་བསྟོད་པ་ནི། གཞི་སྟེང་ནས་ཀྱི་ཚོམ་བུ་བཀོད། ཕྱྭ་གཡང་ཕུག་ལྷ་ནི། །ཀྱཻ། ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཕུགསལྷ་དཔལ་ལྡན་ལྷ་མོ་ས་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བཅིངས་ཤིང་ལྷག་མ་ཐུལ་དུ་གྲོལ་བ་ལ། ཐོད་སྐམ་རིན་པོ་ཆེའི་ཕྲེང་བས་བཅིངས་


CMR046_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྤྱི་གཙུག་ཏུ་ཟླ་བ་ཕྱེད་པ་དང་རྨ་བྱའི་མདོངས་ཀྱིས་མཛེས་པ། སྐུ་ལ་དར་སེར་གྱི་འཇོལ་བེར་གསོལ་ཞིང་རིན་པོ་ཆེའི་ཕྲེང་བའི་དོ་ཤལ་ཅན། ཞབས་གཉིས་རྒྱལ་མོ་རོལ་སྟབས་འཁྱིལ་བའི་ཚུལ་གྱིས་བཞུགས་པ། ཕྱག་བཞི་གཡས་ཀྱི་དང་པོ་ན་རིན་པོ་ཆེ་ཁ་ཊཾ་རྩེ་གསུམ་བསྣམས་པ། གཡོན་གྱི་དང་པོ་ན་གསེར་གྱི་མེ་ལོང་ཕྱི་ཞིང་བལྟ་བ། གཡས་ཀྱི་འོག་མ་ན་རིན་པོ་ཆེའི་ཕུར་པ་འདྲིལ་ཞིང་འདེབས་པ། གཡོན་གྱི་འོག་མ་ན། རིན་པོ་ཆེའི་རྐྱལ་པ་ནེའུ་ལེ་འཛིན་པ། དཔལ་ལྡན་ལྷ་མོའི་གཡས་སུ་ཛཾ་བྷ་ལ་སེར་པོ་གཡས་རྒྱལ་མཚན་དང་། གཡོན་ནེའུ་ལེ་འཛིན་པ། གཡོན་དུ་ལྷ་མོ་ནོར་རྒྱུན་མ་སེར་མོ་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་འཛིན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། །དེའི་སྟེང་གི་ནམ་མཁའ་ལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ་འཁོར་དཔའ་བོ་མཁའ་འགྲོ་འཇའ་སྤྲིན་འཐིབས་ནས་བཞུགས་པ། གཞལ་ཡས་ཁང་གི་བླ་མ་ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་ཏེ། སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་


CMR046_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཞལ་ཡས་ཁང་འདི་ཉིད་ལ་སྤྱན་དྲངས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། བསང་དང་རོལ་མོ་དབྱངས་རིང་པོས་སྤྱན་འདྲེན་ནོ། །སྤོས་རིང་བལྟམས་། ཀྱཻ། དེ་རིང་གནམ་ལ་སྐར་མ་བཟང་། །ས་ལ་དེ་ནི་དུས་ཚོད་བཟང་། །བར་ལ་དེ་ནི་བཀྲ་ཤིས་བཟང་། །ལོ་ལ་དེ་ནི་བཀྲ་ཤིས་བཟང་། །ཟླ་བ་ལ་ནི་བཀྲ་ཤིས་བཟང་། །ཞག་དང་དེ་ནི་ཟ་མ་དགེ །དུས་ཚོད་དང་ནི་ཚེས་གྲངས་བཟང་། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཞི་ཐོག་འདིར། །གནས་ཁང་འདི་ཡི་ཕུག་ལྷ་ནི། །དེ་རིང་ཕུག་ལྷ་འཁྱམས་པ་གར་གནས་ཀྱང་། །གནས་ཁང་འདི་ལ་སྤྱན་འདྲེན་ནས། །ཕུག་རྟེན་འདི་ལ་བཞུགས་སུ་གསོལ། །བང་མཛོད་འདི་ལ་གཡང་ཅིག་ཕོབ། །དར་ཚོན་ཡ་འདི་ལ་རྟེན་བྱིན་བཞུགས། །རྒྱུ་སྦྱོར་ཡོན་བདག་གནས་ཁང་འདིས། །ཕུག་ལྷ་འཁྱམས་པ་ཡོད་ན་གནས་འདིར་བཞུགས། །ཕུག་ལྷ་ཆག་པ་ཡོད་ན་གནས་འདིར་བྱོན། །ཕུག་ལྷ་འཁྲུག་པ་ཡོད་ན་གནས་འདིར་ཟླུམ། །ཕུག་ལྷ་རལ་བ་ཡོད་ན་གནས་འདིར་དྲུབ། །ཕུག་ལྷ་བྱེར་བ་ཡོད་ན་གནས་འདིར་སྡུས། །ཕུག་ལྷ་སྟོར་བ་ཡོད་ན་གནས་འདིར་བྱོན། །


CMR046_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ལྷ་འཁོན་པ་ཡོད་ན་གནས་འདིར་ཟླུམ། །ཀྱཻ། ཤར་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །ཤར་གྱི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། ལྷོ་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །ལྷོ་ཡི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། ནུབ་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར་། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །ནུབ་ཀྱི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། བྱང་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་


CMR046_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་བདག་གནས་ཁང་ལ། །བྱང་གི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། དབུས་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་གསེར་གྱི་སྙིང་པོ་འདྲ། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །དབུས་ཀྱི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །བདུད་རྩི་ཆར་པ་སི་ལི་ལི། །གསེར་གྱི་ཐང་མ་བརྡལ་རེ་ཡག །བདུད་རྩི་ཆར་པ་བཅུད་རེ་ཆེ། །ཕུག་ལྷ་མནོལ་བ་ཡོད་གྱུར་ན། །བདུད་རྩི་གཙང་མའི་སྐུ་ཁྲུས་གསོལ། །ཕུག་ལྷ་འཁྱམས་པ་ཡོད་ན་ཡང་། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །ཕུག་ལྷ་འཆལ་བ་ཡོད་ན་ཚུར་ལ་ཁུག །ཕུག་ལྷ་མནོལ་བ་ཡོད་ན་ཡར་ལ་བསངས། །ཕུག་ལྷ་ཡོ་བ་ཡོད་ན་ཡར་ལ་སྲོངས། །ཕུག་ལྷ་ཆད་པ་ཡོད་ན་ཡར་ལ་འཐུད། །ཕུག་ལྷ་དམའ་བ་ཡོད་ན་ཡར་ལ་བསྟོད། །ཕུག་ལྷ་འཁྱམས་པ་ཡོད་ན་ཡང་། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་


CMR046_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དེ་ནས་གནས་བདག་བརྔན་བསང་དང་རྒྱལ་པོ་མནོལ་བསང་རྨུགས་བསང་རྣམས། སྤྱད་པར་བྱའོ། །ཕུག་ལྷའི་རྫས་དང་མདའ་དར། མདུང་དར། ཤིང་རྩི་རྣམས། བང་མཛོད་དམ། ཀ་བའམ། སྟག་འགྱིང་སྤོ་ཚེ་སོགས་བྱ། རྟེན་ཤིང་བཙུགས་ཐབས་བྱ། སྦྱིན་བདག་གིས་བསྐང་ཚོགས་སྣ་ཚོགས་མཆོད། སྔགས་འཆང་རང་གིས་རོལ་མོ་དང་དབྱངས་སྙན་པོས་འདི་སྐད་གྱེར་རོ། །ཀྱཻ། དེ་རིང་ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གངས་ལ་ཉི་མ་ཤར་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ས་ལ་གཡུ་ལྗང་འཁྲུངས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གཡའ་རི་ལ་གཡུ་བུན་འཁྲིགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །བར་སྣང་འཇའ་ཚོན་ཤར་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གངས་ལ་སེང་གེ་རྒྱུ་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །སྤང་ལ་རྩི་ཐོག་རྒྱས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །མཚོ་ལ་ཉ་སྲམ་འཕྱོ་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །མཁར་ལ་མདུང་མོ་བཙུགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །མདུང་ལ་བ་དན་བཏགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་


CMR046_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་བསྟོད། །མགོ་ལ་རྨོག་མོ་གྱོན་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །རྨོག་ལ་རྒོད་འཕྲུ་བཙུགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ལུས་ལ་གོ་ཁྲབ་གྱོན་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ཁྲབ་ཐོག་བེར་གྱིས་གཡོགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ལྷ་ཁང་གསེར་འཕྲུ་བཙུགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གསེར་འཕྲུལ་རྒྱ་དར་འདོགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ཁྱུང་ལ་དོང་རུ་སྐྱེས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །རྭ་བར་ནོར་བུ་སྐྱེས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །རྔམ་ཆེན་བསྲོ་སྒྲ་དབང་ཐང་མཚེར་། །དགྲ་བླ་མི་དང་མ་འབྲལ་བར། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །བྱ་དང་འདབ་གཤོག་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །ཁྱུང་དང་དཔག་བསམ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །སེང་གེ་གངས་དང་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག་


CMR046_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དང་རྒྱ་མཚོ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །སྟག་ཕྲུག་མ་བུ་བརྩེ་བ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །མཁའ་དང་ཉི་ཟླ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །འབྲུག་དང་རི་རབ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །སྟག་གཟིག་ནགས་ཚལ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །རྟག་ཏུ་སྲུང་མས་འཚོ་རྫི་མཛོད། །ཕུག་ལྷ་བསྟོད་པའི་ཡོན་ཏན་གྱིས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །དགྲ་རྐུན་གཅན་གཟན་གནོད་པ་སྲུངས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །དབང་ཐང་བུ་ཡི་དངོས་གྲུབ་སྩོལ། །བསྟན་སྲུང་མཐུ་ཡི་དངོས་གྲུབ་སྩོལ། །མི་མགོ་དགུང་བས་མཐོ་བར་ཤོག །མི་འབྲུ་གསེར་བས་བཟང་བར་ཤོག །མི་མདོག་དུང་བས་དཀར་བར་ཤོག །མི་འཕེལ་ཕོ་རུ་འཕེལ་བར་ཤོག །མི་མཐའ་ཆུ་བས་རིང་བར་ཤོག །མི་སྲོག་ལྕགས་བས་སྲ་བར་ཤོག །སྐྱེ་ཚེ་ཤིང་བས་


CMR046_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་ཤོག །ཕྱུགས་འཕེལ་མོ་རུ་འཕེལ་བར་ཤོག །མི་དར་བཙན་ལ་རགས་པར་ཤོག །བཙན་ཕྱུག་དར་གསུམ་འཛོམ་པར་ཤོག །སྐྱིད་དར་ལོངས་སྤྱོད་འཛོམ་པར་ཤོག །བཀའ་བརྒྱུད་བླ་མ་རྣམས་ཀྱི་ངོ་སོ་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ངོ་སོ་བསྟོད། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ངོ་སོ་བསྟོད། །གནས་བདག་དཀོར་བདག་རྣམས་ཀྱི་ངོ་སོ་བསྟོད། །ལྷ་བཙུན་དགྲ་བླ་རྣམས་ཀྱི་ངོ་སོ་བསྟོད། །ཕོ་ཉ་སྒོ་སྲུང་རྣམས་ཀྱི་ངོ་སོ་བསྟོད། །གཡང་ར་སྒོ་བཞི་རྣམས་ཀྱི་ངོ་སོ་བསྟོད། །ཡུལ་ལྷ་༧་གཞི་བདག་རྣམས་ཀྱི་ངོ་སོ་བསྟོད། །དབེན་རི་སྲུང་མ་རྣམས་ཀྱི་ངོ་སོ་བསྟོད། །གཞི་བདག་གཞི་སྲུང་རྣམས་ཀྱི་ངོ་སོ་བསྟོད། །ཀྱཻ། བཀའ་བརྒྱུད་བླ་མ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས།་།ཡི་དམ་ལྷ་ཚོགས་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ཕོ་ལྷ་དགྲ་ལྷ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ཞི་བའི་ལྷ་ཚོགས་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །གཞི་བདག་ཡུལ་བདག་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །


CMR046_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་ཟོ་དོར་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ལྷ་བཙུན་དགྲ་བླ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །གནས་བདག་གཏེར་བདག་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །དཔའ་སྐྱེམས་དམ་པ་ལྷ་ཚོགས་འདིར་བྱོན་ལ། །བདག་དང་ཡོན་བདག་འཁོར་བཅས་ཁ་འཛིན་མཛོད། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད་། །ཅེས་པ་ལྷ་སྲུང་ཆོས་སྐྱོང་སྲུང་མ་མཆོད་ཅིང་བསྟོད། རྟེན་ལ་བསྟིམ། བརྟན་གཞུག་ལན་གསུམ་མམ་བདུན་ནམ་སྐབས་དང་བསྟུན། ཡེ་དྷརྨས་རབ་གནས་ལེགས་པར་བྱ། ཞེས་སོགས་དགའ་སྟོན་ཚོགས་འཁོར་རྒྱས་པ་ཡི་དམ་ལྟར་བྱ། རྗེས་སུ་འབགས་བཙོག་དང་ཉེས་པ་སོགས་ལ་ཡིག་བརྒྱས་བཤགས། ཚེ་འགུགས་དང་གསེར་འོད་འགྲུབ་ན་ལེགས། པདྨ་འབྱུང་གནས་ཀྱིས་མཛད་པའི་བཀྲ་ཤིས་སོགས་གང་སྐབས་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕུགས་ལྷ་དང་ཀ་ལྷ་བསྟོད་པ།next