Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
བཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ།next

བཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ།


CMR046_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ་ནི། ཕྱེ་མར་དང་གཤིན་པོའི་སྲོག་དང་དབང་ཐང་གི་མདའ་དར་བཟུང་ལ་འདི་སྐད་དོ། །ཀྱཻ། དེ་རིང་དུས་དྲུག་ལྷ་ཡི་ཉི་མ་ལ། །གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ཏུ་ནི། ཉི་ཟླ་གཟའ་སྐར་ནི་བཟང་། ས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ནི། ནང་མི་ཡོན་གྱི་བདག་པོ་ཁྱོད་ཀྱི། མ་ཤི་གསོན་པོའི་དུས་སུ། །ཆོས་དགེ་བ་བཅུ་ནི་དར་ཞིང་རྒྱས་པར་བྱས། གཉེན་ལམ་མཐའ་བཞི་ནི་ལུགས་དང་ཚུལ་བཞིན་དུ་བསྐྱངས། སྡང་བའི་དགྲ་ནི་ཐབས་ཀྱིས་བཏུལ། བུ་དང་ཚ་བོ་ནི་མང་དུ་སྤེལ། དཀོར་ནོར་མང་པོ་ནི་ཚོགས་སུ་བསོགས། སྡེ་དང་འཁོར་འབངས་མང་པོ་ནི་རྒྱས། ཆེའི་ཕུགས་སུ་ནི་ཕྱིན། བཀྲ་ཤིས་གཡང་རྒན་གྱི་མིང་ནི་ཐོབ། ད་ནི་ཚེ་ཕ་རོལ་དུས་ལས་འདས་པ་ལ། བཀྲ་ཤིས་ལ་ཚེ་རིང་བ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། དཔལ་ལ་སྙིང་སྟོབས་ཆེ་བ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། །ཕུག་ལ་དམ་ཆོས་དར་བ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཚེའི་དམུ་དག་དཀར་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། སྲོག་གི་འཛིན་ཤིང་དཀར་པོ་ནི་


CMR046_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། སྲུང་རྟའི་བ་དན་དཀར་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། དབང་ཐང་གི་བང་མཛོད་ཆེན་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཕོ་ལྷ་དུང་ཆུང་དཀར་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། མོ་ལྷ་མོ་སྨན་དཀར་མོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། །དགྲ་བླ་དཔལ་རྩལ་ཆེན་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། རྟ་ལྷ་ཅང་ཤེས་རྒྱལ་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ནོར་ལྷ་ཨཱརྱ་ཛཾ་བྷ་ལ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ལུག་ལྷ་གཡང་གི་ལྷ་བ་ལྷ་རུས་ཆེན་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། གོ་ཁྲབ་རྣོ་མཚོན་གྱི་གཡང་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ལྷ་ཆ་དཔེ་རྟེན་གྱི་གཡང་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཞིང་ལྷ་ཚངས་པའི་གཡང་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན་། ཕྱེ་མར་འོ་སྐོལ་ལྷའི་ཞལ་ཟས་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། དར་པན་པཉྩ་ལི་ཀ་ལྷའི་གོས་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཚེ་དང་


CMR046_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་བཀྲག་མདངས་གཟི་བརྗིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཅེས་བརྗོད་ལ་ཕྱེ་མར་དང་མདའ་དར་སོགས་གཡང་རྫས་གང་ཡོད་རྣམས་བུ་དང་ཚ་བོའི་ལག་ཏུ་བཞག་ནས་ཇ་ཆང་ཕྱེ་མར་ཐུད་འོ་ཞོ་རྣམས་ཕོར་སྡེར་ནང་དུ་བཞག །དར་རས་རྣམས་ཕྱི་ནང་བཀོད་ལ། ཀྱཻ། འབྲུ་སྣའི་བཅུད་བསྡུས་སྐྱེམས་འཕང་ཆང་། སྐོམ་གྱི་སྡུག་བསྔལ་བསལ་ཕྱིར་གཤིན་ལ་གཏད། །ཤིང་ཁུ་བཅུད་ལྡན་ཡུ་མར་ཇ། །དབང་པོའི་ཡུལ་རྣམས་ཚིམ་ཕྱིར་གཤིན་ལ་གཏད། །ཞོ་ནི་སྐྱུར་མཆོག་ཡིད་དུ་འོང་། །ལྗགས་ཀྱི་དབང་པོ་ཚིམ་ཕྱིར་གཤིན་ལ་གཏད། །འོ་མ་མདང་ལྡན་བཏུང་བའི་མཆོག །ལུས་བཅུད་གསོ་ཕྱིར་གཤིན་ལ་གཏད། །ཤ་མར་ཐུད་ནི་ཟས་ཀྱི་མཆོག །བཀྲེས་པའིསྡུག་བསྔལ་བསལ་ཕྱིར་གཤིན་ལ་གཏད། །འབྲུ་མཆོག་བཏགས་པའི་ཕྱེ་མར་རྣམས། །མེ་ལ་བསྲེགས་པའི་གསུར་གྱི་མཆོག །གཤིན་གྱི་ལུས་ངག་ཡིད་གསུམ་ཚིམ་ཕྱིར་གཤིན་ལ་གཏད། །བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག །གསུར་དྲི་མ་དག་པའི་དུད་པ་འདིས། །གཤིན་ལ་གཏད་པའི་དུག་གསུམ་དག་པར་ཤོག །གསུར་བྱ། འོ་གཤིན་པོ་ཚེ་ལས་


CMR046_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཁྱོད། །མ་ཤི་གསོན་པོའི་བྱ་བ་ཐམས་ཅད་ནི་རྫོགས། །བཀྲ་རྒན་གཡང་ཆེན་ནི་མཐོང་། འཕེན་པོའི་མི་ནོར་མང་པོ་ནི་ཤུལ་དུ་བཞག །ད་ནི་ཚེ་ལས་འདས་པ་ལ། གནམ་བགོས་པའི་སྐལ་བ་ནི་སྤྱི་བོ་གང་ཡོད། ས་བགོས་པའི་སྐལ་བ་ནི་རྐང་མཐིལ་གང་ཡོད། ཁྱོད་ཀྱི་རྗེས་སུ་ཕ་མ་བུ་དང་ཚ་བོ་རྣམས་ཀྱིས། ཡར་བླ་མ་དགེ་འདུན་གྱི་ཚོགས་ལ་མཆོད་པ་རྒྱ་ཆེན་པོ་ནི་ཕུལ། ཕྱིར་ལ་ལོང་སྤྲང་གི་ཚོགས་ལ་སྦྱིན་པ་ནི་བཏང་། ཡུལ་མི་དང་ཁྱིམ་མཚེས་ལ་ཕ་ཞིག་ཆོས་སྟོན་ནི་བྱས། ང་ས་མཁན་གྱིས་ཀྱང་ཁྱོད་འདུག་སའི་དགོན་བཟང་པོ་ཡང་འདེབས། གཤེད་མའི་ཟ་འདྲེ་དང་ཁ་ཕྲལ། གཏད་ཡར་དང་ཚོགས་བསགས་མང་ཡང་བྱས། སྟོན་པ་ས་རྩིས་མཁན་པོ་ལ་ཡང་ཡོན་བཟང་པོ་ནི་ཕུལ། །དགོས་པའི་ཡས་སྟགས་མང་པོ་ནི་བསགས། ད་ཁྱོད་ཀྱི་དུར་འདེབས་པ་ལ། ཕྲག་དོག་དང་ཀོ་ལོང་མ་བྱེད་ཅིག །ལ་ཁ་ན་དང་སྡེ་མ་རྒྱུག་ཅིག །ལུང་ཁུང་ན་བདུད་དང་ཤོ་མ་འགྱེད་ཅིག །ལྷ་འདྲེ་མང་པོའི་ཚོང་འདུས་སུ། ཁ་རྒྱལ་ཆོ་ལོ་མ་རྩོད་ཅིག །ལྷ་འདྲེ་དང་བྲང་ཁ་མ་འགྱེད་ཅིག །བུ་དང་ཚ་བོ་སྐུག་ཏུ་མ་བཅུག །མནའ་མ་མི་ཁ་ན་མ་བཀྲམ་


CMR046_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །བེལ་ལུག་ཚོགས་པོར་མ་འཕེན། ཁྱོད་མ་ཤི་གསོན་པོའི་དུས་ཀྱང་། ཁ་དྲག་དབང་ཆེན་གྱི་དཔོན་པོ་ཡིན་པས། ད་ལྟ་ཤི་བའི་ཚེ་ན་ཡང་། བརླ་དྲག་གཞུང་བཟང་གི་གཤིན་པོ་ཁྱོད་ཀྱིས། ཆོས་བྱེད་པའི་སྡོང་གྲོགས་གྱིས། དགྲ་བཏུལ་བའི་དཔུང་པ་གྱིས། ཟོག་སྲུང་བའི་རུ་མ་གྱིས། སྡེ་སྐྱོང་བའི་སྲིད་འཛིན་གྱིས། །གཞི་ན་འདུག་ཚེ་ཁ་འཛིན་གྱིས་ཤིག །བྱེས་སུ་འགྲོ་དུས་དགྲ་བླ་གྱིས། ཁྱོད་ཀྱི་སྲོག་ལུས་དབང་ཐང་ལ་དགྲ་མེད་པའི་དུར་ས་འདེབས། བཀྲ་རྒན་བཀྲ་ཤིས་པའི་དུར་ས་འདེབས་པ་ལ་ཡང་བཀྲ་ཤིས་སོ། །གནམ་ལ་ཉི་ཟླ་སྐར་གསུམ་གྱི་བཀྲ་ཤིས་སོ། །ས་ལ་རྩེ་འཛིན་ཕུན་སུམ་ཚོགས་པའི་བཀྲ་ཤིས་སོ། །གཤིན་དགེ་ཞིང་ཆོས་སྟོན་མོ་ཕུན་སུམ་ཚོགསཔའི་བཀྲ་ཤིས་སོ། །རྗེས་ཤུལ་དུ་ཁ་རྗེ་བསོད་ནམས་དར་རྒྱས་ཕུན་སུམ་ཚོགས་པར་འཛོམ་པའི་བཀྲ་ཤིས་སོ། །རྫོགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ།next