Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར།next

གནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར།


CMR046_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར་ཟབ་པ་བཞུགས་སོ༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱང་༔ ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་གསུར་གྱི་སྤྲིན༔ རབ་འབྱམས་འཇིག་རྟེན་ཡིད་འཕྲོག་དྲི་ཡིས་བཀང་༔ ཕྱོགས་བཅུའི་བླ་མ་ཡི་དམ་བྱང་ཆུབ་སེམས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གསུར་གྱིས་མཆོད༔ ནམ་མཁའ་རྒྱལ་མཚན་ཀརྨ་ཆགས་མེད་སོགས་རྩ་བརྒྱུད་བླ་མ་ཐམས་ཅད་གསུར་གྱིས་མཆོད༔ བདེ་མཆོག་ཡབ་ཡུམ་གུ་རུ་ཞི་དྲག་སོགས༔ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་གསུར་གྱིས་མཆོད༔ རྡོ་རྗེ་ཕག་མོ་མཁའ་འགྲོ་སེང་གདོང་སོགས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་གསུར་གྱིས་མཆོད༔ ཕྱག་བཞི་ཕྱག་དྲུག་གུར་མགོན་མ་ནིང་སོགས༔ མ་མགོན་ཆོས་སྐྱོང་ཐམས་ཅད་གསུར་གྱིས་མཆོད༔ དཔལ་མགོན་བདུན་ཅུ་བརྟན་སྐྱོང་ཡ་མ་སོགས༔ འཇིག་རྟེན་སྐྱོང་བ་ཐམས་ཅད་གསུར་གྱིས་མཆོད༔ ངོམ་རྒྱལ་གཏམ་རྒྱལ་གཟེ་རྒྱལ་དབྱི་དོ་སོགས༔ ཡུལ་ལྷ་གཞི་བདག་ཐམས་ཅད་གསུར་གྱིས་མཆོད༔ འཇིག་རྟེན་ཁམས་ཀྱི་ལྷ་ཀླུ་གཞི་བདག་སོགས༔ མ་ལུས་ཟོ་དོར་ཐམས་ཅད་གསུར་གྱིས་མཆོད༔ ཟས་ནོར་སྲོག་གི་ལན་ཆགས་ཤ་འཁོན་དང་༔ ལན་


CMR046_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བུ་ལོན་མགྲོན་རྣམས་གསུར་གྱིས་མཆོད༔ ཚེ་རབས་དུ་མའི་དྲིན་ལེན་འཁོར་མེད་པས༔ ཕ་མ་རིགས་དྲུག་སེམས་ཅན་གསུར་གྱིས་མཆོད༔ དེ་ལྟར་བསམ་པ་དག་པའི་གསུར་མཆོད་འདིས༔ རྩ་གསུམ་ལྷ་ཡི་ཐུགས་དམ་བསྐང་གྱུར་ཅིག༔ འཇིག་རྟེན་ལྷ་ཀླུ་གཞི་བདག་མཉེས་གྱུར་ཅིག༔ ལན་ཆགས་བུ་ལོན་ཐམས་ཅད་བྱང་གྱུར་ཅིག༔ འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་པར་ཤོག༔ ཨོཾ་བཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་གསུར་མཆོད་འདི་ཉིད་རྒྱུན་ཁྱེར་བདེ་ཕྱིར་རང་ལ་མཁོ་བ་བྱུང་དུས་གནམ་ཆོས་གཞུང་ནས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བ་དགེ་བས་འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་པར་ཤོག །སརྦ་མངྒ་ལཾ།། །།


previousགནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར།next