Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བསེ་རག་བཀར་ཡས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསེ་རག་བཀར་ཡས།next

བསེ་རག་བཀར་ཡས།


CMR046_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་རག་བཀར་ཡས་བཞུགས་སོ། །ན་མོ་པདྨ་ཀྲོ་དྷ་ཡ། བསེ་རག་བཀར་ཡས་བྱ་བར་འདོད་ན། གླུད་རྫས་བསེ་རག་རྒྱལ་པོའི་གཟུགས་སོགས་བྱས་ལ། སྔགས་དྲུག་ཕྱག་དྲུག་གི་ས་བྱིན་རླབས་ཏེ། ཧཱུྃ༔ ང་ནི་བདུད་འདུལ་ཁྲོ་བོའི་རྒྱལ། །དབང་དྲག་པདྨ་ཀཱི་ལ་ཡ། །ང་ནི་སངས་རྒྱས་ཀུན་གྱི་རྒྱལ། །ཁམས་གསུམ་རིགས་དྲུག་སྙིང་རྗེའི་བདག །ང་ལས་ཆེ་བཙན་སུ་ཡང་མེད། །གནམ་ས་བར་གསུམ་འགོང་པོ་དང་། །བར་ཆད་བྱེད་པའི་བགེགས་ཚོགས་རྣམས། །ཁྲོ་ཆེན་ང་ཡི་བཀའ་ལ་ཉོན། །མཆོད་སྦྱིན་མདོས་རྫས་ལེན་པ་ལ། །ད་ལྟ་ཉིད་དུ་འདིར་འདུས་ཤིག །སརྦ་བྷཱུ་ཏ་པྲ་ཏ་ཨ་ཀརྨ་ཡ་ཛཿ ཧཱུྃ། བསེ་རག་རྒྱལ་པོ་སྡེ་འཁོར་ལ། །མཐུན་པའི་གླུད་གཟུགས་གཏོར་མ་དང་། །མར་མེ་ཤ་སྣ་འབྲུ་སྣའི་ཚོགས། །ཆངས་བུ་ཤེལ་ཚིགས་འདོད་ཡོན་ཚོགས། །མཆོད་སྦྱིན་རྒྱ་མཚོ་འདོད་དགུ་ཡི། །ལོངས་སྤྱོད་འདི་ཡིས་ཚིམ་གྱིས་ལ། །གནས་འདིར་མ་འདུག་གཞན་དུ་སོང་། །གནམ་གྱི་འགོང་པོ་ཆེན་པོ་ནི། །མི་ལུས་བྱ་ཡི་མགོ་བོ་ཅན། །སྤྲུལ་པ་གནམ་འགོང་སྤུན་དགུ་འགྱེད། །ཁྱོད་ལ་མདོས་གླུད་འདོད་ཡོན་འབུལ། །བར་འགོང་མི་ལུས་རི་བོང་


CMR046_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མགོ །སྤྲུལ་པ་བསེ་རག་རྒན་པོ་འགྱེད། །འཁོར་དུ་བར་འགོང་སྤུན་དགུའི་བསྐོར། །ཁྱོད་ལ་མདོས་གླུད་འདོད་ཡོན་འབུལ། །ས་ཡི་འགོང་པོ་ཞེས་གྲགས་པ། །མི་ལུས་བྱི་བའི་མགོ་བོ་ཅན། །སྤྲུལ་པ་ས་འགོང་སྡེ་དགུ་བཅས། །མཆོད་སྦྱིན་མདོས་གླུད་འདོད་ཡོན་འབུལ། །ཧཱུྃ། སྔགས་འཆང་ཀུན་གྱི་རྒྱལ་པོ་ངས། །བསྐྱེད་པ་ལྷ་ཡི་འཁོར་ལོ་གསལ། །རྡོ་རྗེའི་བཟླས་པའི་སྔགས་སྒྲ་སྒྲོག །ཏིང་འཛིན་སེམས་ལ་རང་དབང་ཐོབ། །སྣང་སྲིད་རེ་དོགས་གཉིས་འཛིན་ཀུན། །མཉམ་ཉིད་ཆོས་སྐུའི་ཀློང་དུ་ཆུད། །དོན་དམ་ཀ་དག་ཟང་ཐལ་འདིར་ཁུག་ཅིག །ཛཿཧཱུྃ་བཾ་ཧོ༔ ལན་བདུན་གྱིས་བཀུག །གླུད་བསྔོ་བ་ནི། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་བསྟོད། །གླུད་ཀྱི་གཏོར་མ་འདོད་ཡོན་ལྔ་ལྡན་འདི། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་བདག །བུ་ལོན་ཤ་འཁོན་ཆགས་རྣམས་ལ། །ད་ལྟ་ཉིད་དུ་འབུལ་གྱིས་བཞེས། །།ཐམས་ཅད་ངོམ་ཞིང་ཚིམ་གྱུར་ཅིག །ན་མ་སརྦ་


CMR046_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བདུན་བསྔོས། ཡི་དམ་སྔགས་མཐར་འདི་བཏགས་ཐུན་གྱིས་བྲབ། ན་མོ་ཁ་ལ་དུན་ཙེ་ཐུན་རྦད། ནག་མོ་ཟ་འདྲེ་མི་ལ་ཁ་ཆིངས། འགྲིག་ཤོག །དུན་ཧབ་དུལ་དུལ་ནན་རྦས༔ མྱག་མྱག་བསེ་རག་ཁ་ཆིངས༔ མི་ལའི་ཁ་ཆིངས༔ ཆུང་སྲིའི་ཁ་ཆིངས༔ ནད་འདྲེའི་ཁ་ཆིངས༔ རབས་ཆད་ཀྱི་ཁ་ཆིངས༔ ཅི་མང་བཟླ། །ཀྱཻ། བསེ་རག་མི་ལ་གཞོན་ནུ་པ། །བུ་ཆུང་ལུས་ལ་གཡུ་རྣ་ཅན། །སྟག་རལ་གཟིག་ཤུབས་གྲི་ཆུང་སྐྱེད། །དར་ཟབ་པད་རིས་སག་ལྷམ་ཅན། །འཕུ་བཙུགས་ལག་ན་སྡུད་མོ་བཟུང་། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །རི་བོང་ཆིབས་ཤིང་དུང་སོ་ཅན། །མིག་རྣོ་སྐུ་ནི་ཁམ་པ་སྟེ། །བསེ་རག་ལྟོགས་འགོང་མང་པོས་བསྐོར། །ཆངས་བུ་ཏིང་ལོ་ཁ་ལྷག་འདིས། །ཁྱེད་ཅག་འཁོར་བཅས་ཚིམས་གྱུར་ཅིག །གནས་འདིར་མ་འདུག་གཞན་དུ་དེངས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཟ་ཁ་འཐུང་ཁ་དགྲ་ལ་སྤོས། །ཟད་མེད་ཟ་རྒྱུ་དེ་ན་ཡོད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །དམ་ལ་མ་འདའ་ད་སོང་ཞིག །ཨོཾ་སུམྦྷ་ནི་སོགས་བརྗོད་ཐུན་གྱིས་བྲབ། སྦྲ་ཁྱིམ་མི་མཐོང་བར་དོར། ཕྱི་


CMR046_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མི་བལྟ། ཞེས་ཨུ་རྒྱན་གྱིས་མཛད་པའི་དོན་ཨ་རཱ་གས་བསྡུས་ཏེ་སྦྱར་བའོ། །དེ་ཁ་ཅིག་ལ་འདི་བྱས་པས་ཞོ་ལད་འོ་མ་མི་ཐོན་པ་ཚོང་ཉེས་བོར་སྟོར་ཤོར་དང་། ཆག་གྲུག་སོགས། སྐམ་འགོང་བསེ་རག་གནོད་པ་ལ་ཕན་ཕྱིར་རཱ་ག་ཨ་སྱས་འཕྲལ་དུ་མཛད་པའོ།།


previousབསེ་རག་བཀར་ཡས།next