Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ། next

ཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ།


CMR046_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ་དང་དེ་བཞིན་བཞུགས་སོ།།


CMR046_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ཆེན་ཞིང་སྐྱེས་ཕྱིར། །བདག་གིས་མཆོད་སྦྱིན་བརྩམ་པར་བྱ། །རང་ཉིད་ཁ་སར་པཱ་ཎི་གསལ། །མདུན་དུ་ཛཾ་ལྷ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་སྐུ། །བེ་ཅོན་ནེ་ལེ་ཁ་ཊཾ་བསྣམས། །འབྲུག་ལ་ཆིབས་ཤིང་རྒྱན་རྣམས་རྫོགས། །ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་ནི། །གར་སྟབས་དམ་ཡེ་དབྱེར་མེད་གསལ། །ཆུ་རྒྱུན་མུ་ཏིག་ཕྲེང་བ་ཕུལ། །མཉེས་ནས་ནོར་བུ་མུ་ཏིག་ཆར། །ས་ཕྱོགས་ཁྱབ་པར་འབེབས་པར་གྱུར། །ཨོཾ་པདྨ་ཀྲོ་དྷ་


CMR046_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། སྔགས་བརྒྱ་རྩ་བཟླས་ནས། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། ༀ་བཛྲ་ཨརྒྱུ་པཱདྱེ་པུབྦེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤརྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང་། །གངས་རིའི་མདོག་འཆང་ནོར་བདག་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །ལྷ་ལྔ་རང་གི་སྙིང་


CMR046_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུ་བར་མཛོད། །འབད་དང་རྩོལ་བ་སོགས། བསོད་ནམས་རི་བོ་སོགས། ཆུ་སྲིན་ལག་གིས་ཕྱོགས་བཞིར་གཏོར་ཚུལ་བྱ། ལྗགས་ལ་བཞག་ལ་དངོས་གྲུབ་ཐོབ་པར་བསམ། ཇོ་བོ་རྗེ་ཡི་ཞལ་ནས། འདི་བསྒྲུབས་པ་ལ་ཕན་ཡོན་གཉིས་ཏེ། ཚེ་འདིར་ཟས་ནོར་གྱིས་མི་ཕོངས་ལ། ཕྱི་མ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བ་ཡིན་གསུངས། ༈ མདུན་དུ་ཛཾ་ལས་ཛཾ་ལྷ་དམར། །དམར་དཀར་སྔོ་བའི་ཞལ་གསུམ་པ། །ཕྱག་དྲུག་དང་པོས་རིན་ཆེན་ཐོད། །བར་པས་ལྕགས་ཀྱུ་ཞགས་པ་སྟེ། །མཐའ་མ་ནེའུ་ལེའུ་རིན་ཆེན་འབེབས། །སྤྲུལ་བརྒྱད་དར་དང་རིན་ཆེན་རྒྱུན། །ཞབས་བཞིས་ནོར་སྐྱུགས་ཕོ་མོ་མནན། །ཐུགས་ཀར་རཾ་ལས་མེ་འབར་བས། །སྒོམ་ཞིང་ཞལ་ནས་མེ་ལྕེ་བྱུང་། །དེ་ལ་ཆུ་ཕུལ་མེ་ཞི་མཉེས་། །ཞལ་དང་ཕྱག་དང་ཞབས་འོག་ནས། །རིན་ཆེན་སྣ་ཚོགས་ཆར་འབེབས་གྱུར། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་ནས། ཨོཾ་ཨཱཿཧཱུྃ། །གསུམ། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྱུ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་


CMR046_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྤྲུལ་ཞིང་། །ཐུགས་རྗེའི་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །ཆུ་ཐིགས་ལྕེ་ལ་བཞག་ཚུལ་བྱ། ཛཾ་དམར་འདི་འོད་དཔག་མེད་ནོར་ལྷའི་སྐུར་བཞེངས་པ་ཡིན་པས། བདེ་བ་ཅན་དུ་སྐྱེ་བའི་ཕན་ཡོན་ཡོད། ༈ མདུན་དུ་རྣམ་སྲས་སེར་ཆེན་ལ། །གནོད་སྦྱིན་བརྒྱད་ཀྱིས་བསྐོར་བར་བསམ། །འཁོར་གྱི་གནོད་སྦྱིན་བྱེ་བ་ཡང་། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་གསལ། །དེ་ནས་རང་གི་ལག་མཐིལ་དུ། །དཔག་བསམ་ཤིང་ཆེན་བསམ་པར་བྱ། །རྒྱལ་པོའི་སྤྱི་བོར་བདུད་རྩིས་ཆུས། །རྒྱུན་མི་འཆད་པར་སྦྲེང་བར་བྱ། །ཨོཾ་ཨ་མྲྀ་ཏ་ཨ་མྲྀ་ཏེ་པྲ་ས་ར་བྷེ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དང་། ཨོཾ་ཨཱཿཧཱུྃ། གསུམ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བྷི་ཤ་ཝ་ཎ་ཡེ་ས་པ་རི་ཝཱ་ར་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨནྡྷཾ་སོགས། མི་འཇིགས་སེང་གེའི་ཁྲི་སྟེང་དུ། །བེ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་ཚོགས་རྟེན་ལ་ཐིམ་པར་གྱུར། །རང་གི་དོན་རྣམས་ཐམས་ཅད་ནི། །ནོར་བུ་


CMR046_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འགྲུབ་པར་གྱུར། །བརྒྱ་ཕྲག་གཅིག་གིས་འབྲུ་རྣམས་འཕེལ། །སྟོང་ཕྲག་གཅིག་གིས་རྐང་འགྲོ་འཕེལ། །ཚེ་ཡི་རིག་འཛིན་ཐོབ་པར་འགྱུར། །དམར་མོ་ཆུ་ལ་བརྟེན་ནས་སྒྲུབ་པའི་གདམས་པའོ།། ༈ མདུན་དུ་རྣམ་སྲས་དམར་པོ་ནི། །གནོད་སྦྱིན་བརྒྱད་ཀྱིས་བསྐོར་བར་དམིགས། །འཁོར་གྱི་གནོད་སྦྱིན་བྱེ་བ་ཡང་། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་བསམ། །དེ་ནས་རང་གི་ལག་མཐིལ་དུ། །དཔག་བསམ་ཤིང་ཆེན་བསམ་པར་བྱ། །རྒྱལ་པོ་སྤྱི་བོར་བདུད་རྩིའི་ཆུ། །རྒྱུན་མི་འཆད་པར་སྦྲེང་བར་བྱ། །ཨོཾ་ཨཱཿཧཱུྃ་མྲྀ་ཏེ་ༀ༔ ཨ་མྲྀ་ཏེ་པྲ་ས་ར་བྷེ་སྭཱ་ཧཱ། རྒྱ་རྩ་སོགས་ནས། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བྷེ་ཤྲ་མ་ན་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྷཾ་སོགས། ཡང་དག་སངས་རྒྱས་རིན་ཆེན་མང་། །འགྲོ་བའི་དོན་དགོངས་སྤྲུལ་པའི་སྐུ། །ས་བརྒྱད་སེམས་དཔར་བཞུགས་པ་པོ། །ཁྱོད་ལ་གུས་པས་ཕྱག་འཚལ་བསྟོད། །ལྷ་རྣམས་རྟེན་ལ་ཐིམ་པར་གྱུར། །རྣམ་སྲས་དམར་པོ་སྣང་བ་མཐའ་ཡས་ཀྱི་གསུང་གིས་སྤྲུལ་པའི་ནོར་ལྷ་ཡིན་གསུངས་པས། ཚེ་རིང་བ་དང་ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་ཕྱིར་མཆོག་ཐུན་མོང་གཉིས་ཀ་འགྲུབ་བོ། །འདི་རྣམས་ལ་གཞུང་ནས་ཡེ་ཤེས་པ་


CMR046_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་མ་གསུངས་པས། དམ་ཡེ་དབྱེར་མེད་བསྐྱེད་རྒྱུ་ཡིན་ལ། སྤྱན་འདྲེན་འདོད་ན་ཡིད་བསྟིམ་བྱ། ཆུ་ནི་ལོངས་སྤྱོད་གསུངས་པས་འཐུང་ཆུ་བྱས་ན་ཟབ་ཅིང་། སྣོད་ནས་ཆུ་བྱོ་དུས་ཁ་ཕྱིར་མི་བསྟན་ནང་དུ་ཡར་བསྟན་ནས་བླུགས་པ་གལ་ཆེའོ། །འདི་ཛཾ་དཀར་དམར་ཕྱི་སྒྲུབ་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་དང་རྣམ་སྲས་སེར་དམར་མར་ངོ་ཆུ་ལ་བརྟེན་ནས་སྒྲུབ་པའི་དོན་འཐུས་ཁྱེར་བདེ་བར་རཱ་ག་ཨ་སྱས་རྒྱུད་གཞུང་ནས་བསྡུས་ནས་འགྲུབ་སྦྱོར་ཉིན་བྲིས་པའོ།། ༈ གཏོར་མ་བརྒྱ་རྩ་བསྡུས་པ་ནི། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་དཀོན་མཆོག་སྲིད་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་སྒྲུབ་པའི་མགྲོན། །རིགས་དྲུག་འགྲོ་བ་བྱམས་དང་སྙིང་རྗེས་མགྲོན། །གནོད་བྱེད་གདོན་བགེགས་ལན་ཆགས་ཤ་འཁོན་མགྲོན། །དེ་དག་སོ་སོར་མཆོད་པས་ཚིམ་གྱུར་ཅིག །སྦྱིན་པས་ཚིམ་ཞིང་སྡུག་བསྔལ་ཞི་གྱུར་ཅིག །དཀོར་སྒྲིབ་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་


CMR046_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། སྔགས་བདུན། ཨོཾ་ཛཱ་ལ་མི་དཾ་སརྦ་པྲ་ཏེ་བྷ་སྭཱ་ཧཱཿ ཁྱད་པར་ཡི་དྭགས་རྣམས་དང་བར་སྲིད་རྣམས། །ཆུ་སྲིན་འདིས་ཚིམ་བླ་མེད་བྱང་ཆུབ་ཤོག །ཅེས་རྗེ་ཆོས་ཀྱི་དབང་ཕྱུག་གི་གཟིམ་དཔོན་སྡེ་པ་སྤྱི་ཆུང་བ་ཡི་དྭགས་སུ་སྐྱེ་བར་ཆོས་ཀྱི་རྡོ་རྗེས་ལུང་བསྟན་པས། དེ་ཡི་སྐྱེ་སྒོ་ཆོད་ཕྱིར་ཞྭ་དམར་བ་ཉིད་ཀྱིས་གནང་བ་ཡིན་ནོ། །དེ་ནས་དམིགས་པ་ཅི་ཡང་མི་བསྒོམ་པ། སེམས་ངོ་ཕྱག་རྒྱ་ཆེན་པོའི་ངང་ལས་རྣམ་པར་མི་རྟོག་པའི་གཟུངས་འདི་ནུབ་མོའམ་དགོང་མོ་བརྒྱ་རྩ་རེ་མ་ཆག་ན་ཁ་ཟས་ཤུགས་ལ་འབྱུང་སྐྱིད་པར་འོང་ཞེས་ཇོ་བོ་རྗེས་གསུངས། ཏདྱ་ཐཱ༔ ཨོཾ་ཚོམ་མུ་ལེ་དུཀ་ཧཱུྃ་ཕཊ་སྭཱ་ཧཱཿ འདི་ལྷ་མོ་ཀུན་འཁྱིལ་མ་ཡི་སྙིང་པོ་སྟེ། རབ་བྱུང་རྣམས་འཚོ་བ་རྙེད་པའི་ཕྱིར། ཤཱཀྱ་ཐུབ་པའི་ཕྱག་གིས་སོར་མོ་ལ། ཟས་ཀྱི་ལྷ་མོ། གོས་ཀྱི་ལྷ་མོ། ནོར་གྱི་ལྷ་མོ་གསུམ་སྤྲུལ་པ་ཡིན་ནོ། །འབད་དང་རྩོལ་བས་མ་གོས་པའི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པ་ནམ་མཁའ་བཞིན་དུ་ཁྱབ་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །


CMR046_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྔོ་སྨོན་བྱའོ། །ཞེས་པ་གྲྭ་པ་རྣམས་རེ་ཞིག་སྒྲུབ་པ་འདྲ་མི་སྐབས་དོ་བས་ཐུགས་དམ་བྱར་རྒྱུར་རཱ་ག་ཨ་སྱས་ནག་པོ་འགྲོ་ཤེས་སུ་བྲིས་པ་མངྒ་ལཾ།། ༈ གནོད་གནས་དབང་པོའི་རྟོག་བརྗོད་ལས་ཛཾ་བྷ་ལ་འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །ཕ་རོལ་དུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་དང་། ཛཾ་བྷ་ལ་རྣམས་ཀྱིས་སྔགས་རྣམས་བྱ་དང་རི་དྭགས་ཀྱི་རྣ་ལམ་དུ་ཐོས་ན་ཡང་མཐར་སངས་རྒྱས་འཐོབ་པར་འགྱུར་རོ། །ཞེས་དང་ནམ་ཡང་དམྱལ་བ་ཡི་དྭགས་དུད་འགྲོར་མི་སྐྱེ། མིར་སྐྱེས་ན་ཡང་རིགས་མཐོན་པོ་ལོངས་སྤྱོད་ཆེ་ཞིང་། ཆོས་སྤྱོད་པའི་སྐལ་པ་ཅན་དུ་སྐྱེ་བ་ཐུབ་པའི་ཞལ་ནས། གསེར་འོད་མདོ་ལས་གསུངས། འདི་ལྟར་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབས་ན་ཕན་ཡོན་རྒྱ་ཆེན་པོ་སྨོས་ཅི་དགོས་ཏེ། ཚེ་འདིར་བསམ་པ་འགྲུབ། ཕྱི་མ་དག་པའི་ཞིང་དུ་སྐྱེ་བར་འདི་དགོས། ༈ ཆུ་སྦྱིན་བསྡུས་པ་ཡོད༔ མདུན་དུ་པཾ་ཨ་མ་ཡིག་ལས་བྱུང་བའི༔ པདྨ་ཟླ་བ་ཉི་མའི་སྟེང་དུ་ཛཾ༔ དེ་ལས་འོད་འཕྲོས་འཕགས་པ་ཐམས་ཅད་མཆོད༔ སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ༔ བྱིན་རླབས་དངོས་གྲུབ་ཚུར་འདུས་ཡོངས་གྱུར་ལས༔ ཛཾ་ལྷ་དམར་པོ་གཡས་དཀར་གཡོན་སྔོ་ཞལ༔ ཕྱག་


CMR046_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་པོས་ནོར་བུ་རིན་ཆེན་ཐོད༔ བར་པས་ལྕགས་ཀྱུ་ཞགས་པ་ཐ་མ་གཉིས༔ ནེའུ་ལེ་བཙིར་ནས་རིན་ཆེན་ཆར་པ་འབེབས༔ ཞབས་བཞི་འདོར་ཐབས་ནོར་སྐྱགས་ཕོ་མོ་མནན༔ ཁྲོ་འཛུམ་དར་དང་རིན་ཆེན་རྒྱན་ལྡན་པའི༔ ཐུགས་ཀར་རཾ་ཡིག་མེ་འབར་ཞལ་དུ་བྱུང་༔ སྐོམ་པས་གདུང་བ་ཆུ་ཕུལ་སྐོམ་པ་ཞི༔ མཉེས་ནས་ནེའུ་ལེ་བཙིར་ཞིང་ནོར་སྐྱུགས་མནན༔ ནོར་བུ་སྐྱུགས་པས་གནས་ཁང་ཁེངས་བར་གྱུར༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཝསྭཱ་ཧཱ༔ ཆུ་སྦྱིན་ལ། ཨརྒྷཾ་སོགས་དང་༔ བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཐུགས་ཀའི་ཧཱི༔ལས་ཀུ་རུ་ཀུལླེ་དམར༔ ཞལ་གཅིག་ཕྱག་བཞི་དར་དང་རིན་ཆེན་རྒྱན༔ མདའ་གཞུ་འགེངས་ཤིང་ལྕགས་ཀྱུ་ཞགས་པ་བསྣམས༔ གར་ཐབས་བཞུགས་པའི་ཐུགས་ལས་སྤྲུལ་པ་ཡི༔ ལྷ་མོ་ལྕགས་ཀྱུ་ཞགས་པ་འཛིན་པའི་ཚོགས༔ གྲངས་མེད་འཕྲོས་ནས་འདོད་དགུ་དབང་སྡུད་གྱུར༔ ཅེས་ནུབ་མོ་མི་བསྙེན་ནངས་སྔ་མོར་ཆུ་སྦྱིན་བྱའོ། །ཞེས་རཱ་ག་ཨ་སྱས་སོ།། །།


previousཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ། next