Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨུག་འཛིན་དཀར་པོའི་ཆུ་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨུག་འཛིན་དཀར་པོའི་ཆུ་སྦྱིན།next

སྨུག་འཛིན་དཀར་པོའི་ཆུ་སྦྱིན།


CMR046_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་འཛིན་དཀར་པོའི་ཆུ་སྦྱིན་བཞུགས་སོ།


CMR046_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཟངས་གཞོང་ནང་དུ་ལྷ་ལྔ་བསྐྱེད་ལ། ཨོཾ་སྭ་བྷ་ཝ་༔ རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་པའི་དབུས་སུ་ནི། །ཛཾ་ལྷ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོར་ཁ་ཊཾ་ག་ལྡན་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་བཅིབས་པའོ། །ཤར་དུ་རྡོ་རྗེ་དྷ་ཀི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་དྷཱ་ཀི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན


CMR046_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་དྷཱ་ཀི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་དྷཱ་ཀི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་འཛིན། །གཡོན་པས་ནེའུ་ལེ་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །གནས་གསུམ་ཨོཾ་ཨཱཿཧཱུྃ་རྣམས་ལས། །འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོ༔ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས། །དབང་གི་ལྷ་རྣམས་སྤྱན་དྲངས་གྱུར། །ཨགྷོ༴ དབང་བསྐུར་སྐུ་


CMR046_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གང་དྲི་མ་དག །ཆུ་ཞབས་སྤྱི་བོར་ལུད་པ་ལས། །རིགས་ལྔ་སོ་སོའི་དབུ་བརྒྱན་གྱུར། །ཟངས་གཞོང་ནང་དུ་ཆུ་འཕྱར་ཞིང་། །རང་ཁ་སར་པཱ་ཎི་ཕྱག་གི་བུམ་པས་ཆུ་བླུགས་པས་ཆུ་ཡེ་ཤེས་ཀྱི་བདུད་རྩི་དང་། །མུ་ཏིག་གི་ཕྲེང་བར་བསྒོམ། ལྷ་ལྔའི་ཞལ་སྐྱེམས་པར་བཞུགས་པས་ཆུ་ཕུལ་བས་མཉེས། མུ་ཏིག་གི་ཕྲེང་བ་ཕུལ་བས་སྐུའི་རྒྱན་དུ་བཀླུབས་པས་མཉེས་ཏེ། གཙོ་བོའི་ཞལ་ནས་མུ་ཏིག་གི་ཆར་བབས་པས་རང་གནས་ཁེངས། ཕྱག་གི་ནེའུ་ལེ་བཙིར་བའི་ཁ་ནས་རིན་པོ་ཆེའི་སྣ་ཚོགས་དང་གང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྐྱུགས་པའི་ཚུལ་གྱིས་ཆར་སྐྱོགས་ལྟར་བབས་པར་བསྒོམ། རང་ཉིད་སྤྱན་རས་གཟིགས་གྱུར་པའི། །ཕྱག་གི་བུམ་པས་ཆུ་བླུག་གྱུར།། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ཧྲི་ད་ཡ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླས་ལ། གཏོར་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྩ་སྔགས་ལ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ས་པཱ་རི་ཝཱ་ར་ཨརྒྱུ་༔ བསྟོད་པ་ནི། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང་། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་དག །སྐྱེ་དང་སྐྱེ་བར་ཁྱེད་ལ་གསོལ་


CMR046_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱིས། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛ་བྷ་ལ་རཏྣ་སིདྡྷི་ཕ་ལ་ཧོ༔ ཅེས་ཆུ་ཐིགས་སྲིན་ལག་གིས་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླངས། འཕགས་པ་ཛཾ་བྷ་ལས་བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། དེ་ནས་མདུན་བསྐྱེད་ནི། ལྷ་ལྔ་རང་གི་ཐུགས་ཀར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུས་པར་བསམ། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །ཉེས་པ་བགྱིས་དང་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་བཟླ་ཞིང་ཆུ་ཕྱོགས་བཞིར་གཏོར། བསོད་ནམས་རི་བོ་འབད་དང་རྩོལ་སོགས། བཀྲ་ཤིས་ཅི་རིགས་བརྗོད། ཨ་རཱ་གས་བྲིས་སོ། མངྒ་ལཾ། །༄༅། འབྱུང་གཏོར་བཞུགས་སོ།། ཨོཾ་བཛྲ་ཨ་མྲྀ་ཏེ༔ ཨོཾ་སྭ་བྷཱ་༔ སྟོང་པའི་ངང་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་། །ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི། །གཏོར་མ་ལྷ་རྫས་ཐོགས་མེད་ནི། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་འབྱུང་བ་བཞི་ཡི་དངོས། །བྱེད་ལས་དབང་པོ་དྲུག་གི་ཡུལ། །


CMR046_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་བདེ་བ་བསྐྱེད་པར་གྱུར། །ཨོཾ་ཨཱཿཧཱུྃ་གསུམ། རང་ཉིད་དམ་པ་སངས་རྒྱས་སྐུ། །སྨུག་ནག་སེང་ལྡེང་ཌཱ་རུ་འཁྲོལ། །དངུལ་དཀར་དྲིལ་བུ་དཀུར་བརྟེན་ཞིང་། །རྟེན་འབྲེལ་གལ་ཏ་ཕྲག་ལ་གཟར། །མདོ་རྒྱུད་བསྟན་བཅོས་དགོངས་པ་རྟོགས། །ཨཱ་ལི་ཀཱ་ལི་སྒྲ་སྒྲོག་གྱུར། །ཡཾ་ཨི་ཨི་ཙ་ཚ་ཛ་ཛྷ་ཉ། ཞེས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། རླུང་རྫས་སྔོན་པོ་ཡངས་ཤིང་གཡོ་བ་འདི་དག་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ཞེ་སྡང་རླུང་ནད་ལྷ་དང་དྲི་ཟའི་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགསམེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །དེ་བཞིན་དུ། རཾ་རི་རི་ཊ་ཋ་ཌ་ཌྷ་ཎ། ལན་བདུན། ཨརྒྷཾ་མེ་རྫས་དམར་པོ་ཚ་ཞིང་སྲེག་པ་འདི་དག་རྣམས། །དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་འཁོར་བཅས་དང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ང་རྒྱལ་ཚད་ནད་ཕོ་གདོན་གཤིན་རྗེའི་གདོན། །ཐམས་ཅད་སྲུངས་


CMR046_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག པཾ་ཨུ་ཨུ་པ་ཕ་བ་བྷ་མ། ལན་བདུན། ཨབྷཾ་ཆུ་རྫ་ས་དཀར་པོ་རླན་ཞིང་གཤེར་བ་འདི་དག་རྣམས། །དཔལ་ལྡན་བླ་མ་སྣང་བ་མཐའ་ཡས་འཁོར་བཅས་དང་། །ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་འདོད་ཆགས་གྲང་ནད་མོ་གདོན་ཀླུ་ཡི་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །ལཾ་ལཾ་ལིཏ་ཐ་ད་དྷ་ན། ལན་བདུན། ཨཱཿཧཱུྃ༴ ས་རྫས་སེརཔོ་སྲ་ཞིང་བརྟན་པ་འདི་དག་རྣམས། །དཔལ་ལྡན་བླ་མ་དོན་ཡོད་གྲུབ་པ་འཁོར་བཅས་དང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ཕྲག་དོག་བད་ཀན་འགོང་པོ་གནོད་སྦྱིན་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་


CMR046_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །གླུད་ནི་སཾ་བྷ་ར་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བསྔོས་ལ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་


CMR046_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མ་བྱེད་ཅིག །པགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཁ་ཕུར་ཁ་དང་། །ཟོར་ཁ་མནན་པ་ལ་སོགས་པ། །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་སོགས་བརྗོད། །ཐལ་མོ་ཁང་སྟོང་སྙིང་གར་བཅའ་ལ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ལན་གསུམ་བརྗོད། རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས་པས་སྣང་སྲིད་ཐམས་ཅད་ལ་ཕོག་པས། དངོས་པོ་མཚན་མར་འཛིན་པའི་མ་དག་པ་ཐམས་ཅད་སྦྱངས་ནས། དག་པ་ཡེ་ཤེས་ལྔའི་རང་བཞིན་འོད་ཀྱི་རྣམ་པར་གྱུར། དེའི་སྐུ་ཕོར་ཕྱོགས་ཐམས་ཅད་དུ་རླུང་འདེབས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླས་རྗེས། ཕྱི་མཆོད་རྟེན་གྱི་རྣམ་པ་ལ་ནང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་


CMR046_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། དེ་འདྲའི་ཚོགས་དཔག་ཏུ་མེད་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བ་གཅིག་ཏུ་གྱུར། ཨོཾ་ཡེ་དྷརྨ་ཨོཾ་སུ་པྲ་ཏིཥྛ། ཀྱཻ། ཕྲིན་ལས་རྣམ་དག་སྐུ་གསུང་ཐུགས། །ཡོན་ཏན་མ་ལུས་རྒྱ་ཆེ་བ། །བཞེངས་པ་རྣམས་ལ་བྱིན་གྱིས་རློབས། །རྟེན་མཆོག་ཏུ་གྱུར་པའི་བཀྲ་ཤིས་ཤོག །རྟེན་མཆོག་འདི་བཞེངས་དགེ་བ་ཡིས། །ཕ་མ་འགྲོ་བ་མ་ལུས་པ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་དུ། །མྱུར་བ་ཉིད་དུ་ཐོབ་གྱུར་ཅིག །མི་འགྱུར་ལྷུན་པོ༔ སྐུ་གསུམ་བླ་མ་གནས་འདིར་ཉིན་མོ༴ སོགས་ཀྱི་བཀྲ་ཤིས་བརྗོད་དོ།། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྨུག་འཛིན་དཀར་པོའི་ཆུ་སྦྱིན།next