Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས།next

གཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས།


CMR046_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས་བཞུགས་སོ། །


CMR046_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། གཏོར་མ་བརྒྱ་རྩ་འདི་ཉིད་ལ། །མདུན་བསྐྱེད་མགྲོན་བཞིའི་བསྐྱེད་ཆོག་རྒྱས་པ་དང་། །སྤྱན་དྲངས་བཞུགས་གསོལ་ཡན་ལག་བདུན་པ་སོགས། །རྒྱས་པར་ཡོད་ཀྱང་དཀོན་མཆོག་འབངས་ཀྱིས་ནི། །བསྡུས་པ་ཡིན་པས་དེ་རྣམས་མི་དགོས་གསུངས། །འདོན་ཆ་ཐམས་ཅད་བྷེ་རྒྱུ་ཡིན་པའི་ཕྱིར། །ལོགས་ནས་དམིགས་རིམ་སྒོམ་ཡང་མི་དགོས་ཏེ། །བློ་ཆུང་གཞུང་ཚིག་ཅུང་ཞིག་གོ་དཀའ་བས། །ཕྱག་ལེན་དམིགས་རིམ་ཟུར་ཙམ་འདིར་འགོད་བྱ།། ༈ སངས་རྒྱས་ཆོས་ཚོགས་སྐྱབས་སེམས་རྗེས་དེ་ནས། །རང་ཉིད་ཁ་སར་པཱ་ཎི་


CMR046_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་རྫོགས་བྷཻཾ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན། །འདི་སྐབས་ཞབས་གཉིས་བཞེངས་ནས་བཞུགས་པ་ཡིན། །ཕྱག་སོར་བཅུ་དང་ཞབས་ཀྱི་སོར་མོ་བཅུར། །ཆུ་མགོ་རྡོལ་བ་ལྟ་བུའི་བདུད་རྩི་བབས། །བདུད་རྩི་དེ་དག་རྟ་ཡི་རྔ་མ་བཞིན། །རྩ་བ་གཅིག་ལ་ཕྲན་བུ་མང་པོའི་རྒྱུན། །ཡི་དྭགས་ཡུལ་དུ་ན་ར་ར་བབས་པས། །ཡི་དྭགས་ཁ་ནི་ཁབ་ཀྱི་མིག་ཙམ་དུ། །བདུད་རྩིའི་ཟེར་ནི་རྟ་རྔའི་ཉག་མ་ཙམ། །ཡི་དྭགས་ཀུན་གྱི་ཁ་རུ་སོ་སོར་ཞུགས། །བཀྲེས་སྐོམ་ཞི་ཞིང་ལུས་རྣམས་བཟང་པོར་གྱུར། །ཆུ་རྒྱུན་དེ་ཉིད་རྒྱུན་ཆད་མེད་བབས་


CMR046_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ལྟོ་བ་གང་ཞིང་བདེ་སྐྱིད་ལྡན་པར་བྷོ། །མ་ཎི་ཧཱིཧཱུྃ་བརྒྱ་རྩའི་བར་དུ་བསྒྲུང་། །ཛ་ལ་མི་དཾ་གསུམ་མམ་བདུན་གྱིས་ཆོག །སེ་གོལ་གཅིག་མ་བརྡབ་ན་མི་ཐོབ་ཅིང་། །གཅིག་ལས་མང་ན་ཁོ་ལ་སྐྲག་སྣང་འབྱུང་། །ཡི་དྭགས་ཁོ་ཡི་གྲལ་ནི་དམའ་ན་ཡང་། །ལྟོགས་སྐོམ་ཆེ་དྲགས་རྗེས་ནས་སྒུག་ལོང་མེད། །གནས་ཀྱི་ཡི་དྭགས་འདི་རུ་མི་ཕྱིན་ཀྱང་། ཁ་ཐོར་ཡི་དྭགས་ཁ་བ་བུ་ཡུག་ཙམ། །གཏོར་ཐེབ་བཤམས་པ་ཙམ་ནས་འོང་བར་གསུངས། །དེ་ལ་སྔོན་དུ་ཆུ་གཏོར་མ་བསྔོས་ན། །གཉོམ་ཆུང་ལ་ལ་ལྟོགས་སྐོམ་བརྒྱལ་ནས་འགྲོ་།འདྲེ་ཡི་རིགས་ཀུན་ཡི་དྭགས་རིགས་སུ་གཏོགས། །སྟོབས་ཆེན་རྣམས་ཀྱིས་མགྲོན་གྱི་སྡེ་འཇོམས་བྱེད། །དེ་ཕྱིར་ཡི་དྭགས་སྔོན་དུ་བསྔོས་པ་ཡིན། །ལུས་མ་ཐོབ་པའི་བར་དོའི་སེམས་ཅན་ནི། །ཉི་ཟེར་རྡུལ་ལྟར་རྒྱུན་དུ་མང་པོ་འོང་། །དེ་ཀུན་སྐྱབས་མེད་མགོན་མེད་བཀྲེས་ཤིང་སྐོམ། །དེ་ཡང་ལས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། །ལས་སྒྲིབ་སྦྱོང་བྱེད་ཀཾ་ཀའི་གཟུངས་རིང་རིགས། །བྱིན་གྱིས་བརླབས་པའི་རང་གི་ཕྱག་སོར་གྱིས། །ཆུ་སྦྱིན་བཀྲེས་སྐོམ་འཇིགས་སྐྲག་ཞི་བར་བྷེ། །བར་དོར་མ་བསྔོས་ཟས་ནི་མི་ཐོབ་ཕྱིར། །བར་དོའི་


CMR046_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ཚིམ་ལ་སོགས་བརྗོད། །ཡི་དྭགས་དང་ནི་བར་དོ་འདྲ་བ་སྟེ། །གཟུགས་ནི་མ་ངེས་རྣམ་པ་སྣ་ཚོགས་ཡོད། གཟུགས་བྷེ་མི་དགོས་ཐོབ་པར་བྷེ་པས་ཆོག། ༈ དེ་ནས་ཇོ་གཏོར་བཏང་བའི་ཐེབ་ཙེ་དེ། །ཡངས་ཤིང་རྒྱ་ཆེ་འཛམ་གླིང་ཙམ་རེ་བྷོ། །དེ་ནས་ཛ་སེར་ཛཾ་ནག་མངོན་རྟོགས་ལྟར། །བསྐྱེད་དང་སྤྱན་དྲངས་དབང་བསྐུར་རྒྱས་གདབ་བྱ། །རང་གི་ཐུགས་ཀར་སྤྲུལ་པའི་མཆོད་པའི་སྤྲིན། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་དཔག་མེད་མཆོད་པར་བྷེ། །ཨརྒྱུ་ལ་སོགས་སྔགས་དེ་བརྗོད་པར་བྱ། །ཤརྡ་ནམ་ཟེར་ཏིང་ཤག་རྡེབ་རྒྱུ་ཡིན། །རང་ཉིད་ཁ་སར་པཱ་ཎིའི་ཕྱག་རྒྱའི་མཐིལ། །བུམ་སོགས་ཡིག་འབྲུ་ལྔ་ལ་སྐད་ཅིག་གིས། །རྒྱལ་བ་རིགས་ལྔའི་སྐུ་རུ་ལམ་མེ་བྱུང་། །དེ་རྣམས་འོད་ཞུ་འོད་ཀྱི་ཁ་དོག་ལྔ། །དེ་ལྟར་ཆབ་ཕྲོམ་ལྔ་ཆུ་བབས་པ་ལྟར། །འོད་ཕུང་ཞུ་བའི་བདུད་རྩིའི་ཆུ་རྒྱུན་ནི། །ཇི་སེར་གྱི་ནི་དབུ་ལ་ཁྲུས་གསོལ་ཏེ། །དེ་དོན་སྔོན་ཚེ་བདུད་རྒྱལ་ལྷ་སྦྱིན་གྱིས། །སྐྱོགས་ཆེན་བཅས་ནས་ཐུབ་པའི་སྟེང་དུ་འཕངས། །ཕྱག་ན་རྡོ་རྗེས་རྡོ་རྗེ་འཕང་བའི་དུས། །སྐྱོགས་ཆེན་ལ་ཕོག་དུམ་བུ་གསུམ་དུ་


CMR046_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཅག །ཛཾ་བྷ་སེར་པོས་ཐུབ་པར་གནོད་དོགས་པས། །སྐུ་ལུས་བཀབ་པས་ཛ་བྷའི་དབུ་ལ་ཕོག །བདུད་ཀྱིས་བྱས་པའི་རྨ་དེ་སོས་རྒྱུ་མེད། །རྨ་དེ་བཀྲུ་བའི་ཚུལ་ནི་ཡིན་མོད་སྐད་། །ཆུ་ནི་འཆོར་བ་བརྒྱ་རྩ་ཕུལ་དགོས་ཀྱང་། །དེང་སང་སྔགས་ནི་བརྒྱ་རྩ་མ་ཚར་བར། །ཆུ་ནི་ཕྱུར་བས་ཆོག་པ་ཕྱག་ལེན་ཡིན། །དེ་ལྟར་བྱས་ན་དངོས་གྲུབ་སྩོལ་བ་ནི། །ཛོ་སེར་བསྟོད་པ་འདོད་གསོལ་མཛད་པའི་རྗེས། །ཇི་སེར་འོད་ཞུ་ཛཾ་ཡིག་གསེར་གྱི་མདོག །རང་གི་སྤྱི་བོའི་གཙུག་ཏུ་ཐིམ་པར་བྷོ། །དེ་ཡིས་བསོད་ནམས་ཡར་ངོའི་ཟླ་ལྟར་འཕེལ།། ༈ ཇོ་ནག་བཏང་ལུགས་གོང་དང་འདྲ་ན་ཡང་། །མི་འདྲའི་ཁྱད་པར་ཟབ་ཁྱད་མན་ངག་ནི། །རང་ཉིད་ཕྱག་གི་བདུད་རྩིའི་ཆུ་རྒྱུན་དེ། །དང་པོ་རང་གི་ཞལ་དུ་སོང་བར་བསྒོམ། །རང་གི་ལུས་བརྒྱུད་བྱང་སེམས་ངོ་བོར་གྱུར། །རྡོ་རྗེ་རྩེ་ནས་མར་བྱུང་ལག་སྟེང་བྱུང་། །དེ་ཉིད་ཛཾ་ནག་ཞལ་དུ་སོང་བ་ཡིས། །སྐུ་ལུས་བདེ་བ་ཚད་མེད་སྐྱེས་པར་བྷོ། །དམིགས་པ་འདི་ནི་རྡོ་རྗེ་གདན་པའི་ལུགས། །གལ་ཏེ་ཆུ་སྦྱིན་ཡུན་རིང་བྱས་གྱུར་ན། །དངོས་གྲུབ་ཅི་ཡང་འབྱུང་བར་མ་གྱུར་ན། །ཛ་ནག་གནད་ལ་དབབ་པའི་མན་ངག་


CMR046_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཛཾ་ནག་ལྟེ་བར་ཡི་གེ་རཾ་དམར་པོ། །དེ་ལས་མེ་འབར་མེ་ལྕེ་ཞལ་དུ་བྱུང་། །ཤིན་ཏུ་སྐོམ་ཞིང་སྐུ་ལུས་སྐམ་ལ་ཁད། །དེ་ལ་ཆུ་དབུལ་སྐོམ་ཞི་བཀྲག་མདངས་རྒྱས། །ཛཾ་ལྷ་མཉེས་ནས་ནེའུ་ལེ་བཙིར་ནས། །རིན་ཆེན་སྣ་ཚོགས་ཆར་བབ་རང་གི་གནས། །ནོར་བུ་སྣ་ཚོགས་ཁྲ་ལྟེམ་གང་བར་བྷོ། །དེ་ནས་མཆོད་བསྟོད་འདོད་གསོལ་བྱ། །དེ་ནས་དངོས་གྲུབ་བླངས་བའི་བསམ་པ་ཡིས། །སྲིན་ལག་གཡས་པས་ཆུ་ལ་རེག་བྱ་སྟེ། །བཟའ་བཏུང་འདོད་ན་ལྕེ་ལ་རེག་པར་བྱ། །ནོར་སོགས་འདོད་ན་ལག་མཐིལ་གཡོན་རེག་བཅང་། །དབང་སྡུད་འདོད་ན་སྲིན་ལག་ཕྱོགས་བཞིར་གཏོར། །དེ་ནས་ཛཾ་ནག་འོད་ཞུ་ཧཱུྃ་དུ་གྱུར། །གཞི་ན་འདུག་ན་རྒྱབ་ཡོལ་ལ་བསྟིམ་མམ། །འཁོར་སློབ་མངའ་ཐང་འཕེལ་བར་གསུངས་པ་ཡིན། །ས་གཅིག་མི་འདུག་རང་གི་སྙིང་གར་བསྟིམ། །འདི་ཡི་ཡབ་ནི་རྒྱལ་པོ་རྣམ་ཐོས་སྲས། །དེ་ཕྱིར་འབྲུ་དང་རིན་ཆེན་འཕེལ་བར་གསུངས། །ཡུམ་ནི་ཀླུ་མོ་ཡིན་པས་ནོར་ཕྱུགས་འཕེལ། །ཀླུ་བརྒྱད་ལུས་ལ་བརྒྱན་པས་ཀླུ་ནད་ཞི། །རིམས་ནད་ཞི་བའི་ནོར་བུ་རིན་ཆེན་དེ། །གསང་རྡོར་གྱེན་དུ་བསླང་བའི་ནང་དུ་ཡོད། །དེ་ལ་


CMR046_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གསོལ་རིམས་ནད་ཞི་བར་བཤད། །ཆགས་ལོ་ནས་བརྒྱུད་ཛ་ནག་སྒྲུབ་ཐབས་ཀྱི། །དམིགས་འདི་ཟབ་ཁྱད་དེ་དག་རྣམས་ཀྱིས་འཐུས། །སྤྱིར་ནི་ཇོ་སེར་ཛ་ནག་ཛཾ་ལྷའི་རིགས། འདི་དག་མཆོད་པས་སངས་རྒྱས་ཐམས་ཅད་ནི། །མཆོད་པར་འགྱུར་ཞིང་ཐུབ་པས་རྗེས་སུ་བཟུང་། །གནོད་གནས་དབང་པོའི་རྟོགས་བརྗོད་ནས་བཤད་ཅིང་། །ཛཾ་བྷ་ལྷ་ལ་ཆུ་སྦྱིན་མ་བྱས་ན། །ཐུབ་པའི་ཉན་ཐོས་གྲལ་དུ་མི་གཏོགས་གསུངས། །ཛ་ལྷའི་གཏོར་མ་སྔོན་དུ་བཏང་བའི་དོན། །ཛཾ་བྷའི་ཆུ་སྦྱིན་བྱས་པའི་ཆུ་དེ་ནི། །ཅུང་ཟད་གཏོར་ཆུ་ནང་དུ་ཚུར་བསྲེས་ནས།། ༈ དེ་ནས་ཆ་བཅུ་ལ་སོགས་གཞན་བཏང་ན། །ཛཾ་བྷ་ལྷ་ནི་སྦྱིན་པའི་ལྷ་ཡིན་ཕྱིར། །མགྲོན་རྣམས་མཉེས་ཤིང་ཡི་དྭགས་རྣམས་ཀྱང་ཚིམ། །ཕན་ཡོན་ཤིན་ཏུ་ཆེ་བའི་ཟབ་གནད་ཡོད། །དེ་མིན་ཛཾ་བྷ་ལྷ་ཡི་ཆུ་དེ་ནི། །འཐུང་ཆུ་བྱས་ན་དངོས་གྲུབ་མྱུར་བ་དང་། །རྟ་ལུག་ནོར་ལ་བཏབ་ན་འཕེལ་བར་བཤད། །ཆུ་རྣམས་དོར་དུས་སྣོད་ཁ་ཕྱིར་མི་བསྟན། །ཕྱིར་བསྟན་གཡང་ཉམས་ནང་བསྟན་དངོས་གྲུབ་འབྱུང་། །ཛཾ་ལཾ་བྱ་ཁྱིར་བྱིན་ན་གཡང་ཉམས་ཏེ། །རང་གིས་བཟའ་འམ་རྟ་ནོར་རྣམས་ལ་བྱིན། །བ་ལང་གླང་དང་བོང་


CMR046_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བྱིན་མི་རུང་། །དེ་བས་ཁྱིམ་གྱི་ཕུག་ཏུ་སྦས་ན་ལེགས། །དེ་ཡིས་ཆུ་སྦྱིན་ཇི་གཏོར་ཞལ་གདམས་ཚང་།། ༈ དེ་ནས་གཏོར་མ་བརྒྱ་རྩའི་རིམ་པ་ལ། །རང་ཉིད་ཐུགས་རྗེ་ཆེན་པོར་ཡང་ཡང་བྷཻཾ། །པད་ཟླའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དམ་ཡེ་དབྱེར་མེད་སྐད་ཅིག་དྲན་རྫོགས་བྷཻཾ། །ཨ་མྲྀ་ཏ་ཡི་སྔགས་ནི་བརྗོད་ཙམ་གྱིས། །གཏོར་ནས་གཏོར་རིལ་གཏོར་ཆུ་ལ་ཕོག་པས། །མི་གཙང་འབག་བཙོག་དྲི་མ་དག་པར་བྷཻཾ། །བྱ་རྒྱུད་ཡིན་ཕྱིར་གཙང་སྦྲ་གལ་ཆེ་བར། །སྭ་བྷཱ་ཝ་ཡི་སྔགས་ནི་བརྗོད་ཙམ་གྱིས། །ཐེབ་ཙེ་ཆུ་དང་གཏོར་རིལ་ནས་འབྲུ་ཉུང་། །དངོས་པོར་འཛིན་པ་ཐམས་ཅད་སྟོང་པར་བསྒོམ། །ཐེབ་ཙེ་དེ་དག་རིན་ཆེན་སྣ་ཚོགས་སྣོད། །རེ་རེ་སྟོང་གསུམ་ཙམ་དུ་ཆེ་བའི་ནང་། །དམ་ཚིག་བདུད་རྩི་འོ་མ་ལྟ་བུས་གང་། །རང་ཉིད་ཐུགས་རྗེ་ཆེན་པོ་རི་རབ་ཙམ། །ཕྱག་གཡས་མཆོག་སྦྱིན་སྟེང་དུ་ཟླ་བའི་ཐོད། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་བརྩེགས་མར་གནས། །དེ་གསུམ་ཞུ་བ་བདུད་རྩི་དཀར་དམར་མཐིང་། །གཏོར་མའི་ནང་བབ་ཡེ་ཤེས་བདུད་རྩིར་བསྒོམ། །ཟླ་བ་དང་བཅས་ཞུ་ནས་ཐིམ་པར་བསམ། །དེ་ནས་གཏོར་མ་བྱིན་


CMR046_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པ་ནི། །ཐེབ་ཙེ་ལྔའམ་ཡང་ན་དྲུག་ཀྱང་རུང་། །བཤམས་ཐེབ་རེ་ཡི་དུས་གཅིག་ཆོག་པ་ཡིན། །གཏོར་མ་བརྒྱ་རྩ་ཟེར་བའི་རྒྱུ་མཚན་ཉིད། །གཏོར་རིལ་དང་ནི་སྔགས་ཀྱི་གྲངས་མཉམ་སྟེ། །བླ་མ་ཡི་དམ་རྣམས་ལ་ཉེར་གཅིག་རེ། །ཆོས་སྐྱོང་ཡབ་ཡུམ་རྣམས་ལ་བཅུ་བཞི་ཡིན། །དེ་མིན་ཐེབ་ཙེ་བཅུ་ལ་བདུན་རེ་སྟེ། །བརྒྱ་དང་ལྔ་འགྲོ་སྔགས་གྲངས་རིལ་བུ་མཉམ། །ཞིབ་པར་བརྩིས་ན་མགྲོན་གྲངས་དེ་ཙམ་ཡོད། །དེ་ཕྱིར་བརྒྱ་རྩ་ཞེས་ནི་བྱ་བར་འདོད། །བདག་བསྐྱེད་ལྷ་བྷེ་བདག་སྒྲུབ་ཡིན་པ་སྟེ། །བཤམ་དང་གཏོར་མ་བྱིན་རླབས་རྫས་སྒྲུབ་ཡིན། །མགྲོན་རྣམས་སྤྱན་དྲངས་མགྲོན་སྒྲུབ་ཅེས་གསུངས་ཏེ། །མདུན་དུ་མེ་ཏོག་པདྨའི་སྡོང་པོ་ནི། །ཤིན་ཏུ་རྒྱ་ཆེ་ཡངས་པ་གཅིག་ཏུ་བྷཻཾ། །བསྡུ་ན་ཡིད་ཀྱིས་སྤྱན་དྲངས་ཆོག་པ་སྟེ། །རྒྱས་པར་བཞེངས་ཤིག་བཞེངས་ཤིག་ལ་སོགས་བརྗོད། །ཐུབ་དབང་ལ་སོགས་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་ལ་སོགས་དཀོན་མཆོག་མགྲོན། །ཐམས་ཅད་བྱོན་ནས་པདྨའི་སྡོང་དེ་ལ། །གཙོ་བོ་ཤཱཀ་ཐུབ་ལ་ནི་བསྐོར་བཞུགས་བྷཻཾ། །རྒྱས་པར་བཟང་སྤྱོད་སྨོན་ཐུང་འདོན་སྲོལ་ཡོད། །བསྡུ་ན་མཇུག་གི་ཡན་ལག་


CMR046_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པས་ཆོག །དེ་ནས་བླ་མ་བརྒྱུད་པ་ལ་སོགས་བརྗོད། །རང་གི་ཐུགས་ལས་སྤྲུལ་པའི་མཆོད་པའི་སྤྲིན། །མེ་ཏོག་ལ་སོགས་དཔག་མེད་མཆོད་དམིགས་ཤིང་།། ཨརྒྱུ་ལ་སོགས་སྔགས་དང་ཏིང་ཤག་བྱ། །ཤེས་ན་སོ་སོའི་ཕྱག་རྒྱ་བྱས་ན་ལེགས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི། །ལྗགས་ལས་འོད་ཀྱི་སྦུ་གུ་གཏོར་མར་ཟུགས། །བདུད་རྩི་དྲངས་ཤིང་གསོལ་བས་མཉེས་པར་བྷཻཾ། །སཾ་བྷ་ར་ལ་ཉི་ཤུ་རྩ་གཅིག་བཟླ། །བྱིན་གྱིས་རླབས་སོགས་འདོད་གསོལ་ཚར་མ་ཐག །པད་སྡོང་ཡར་སྐྱེས་ནམ་མཁའི་དབྱིངས་སུ་བཀྱག །དེ་སོགས་པད་སྡོང་པད་འདབ་རིམ་གསུམ་སྐྱེས། །ཆོས་སྐྱོང་ལ་སོགས་འོག་གི་གཏོར་མགྲོན་རྣམས། །མཚན་བརྗོད་ཙམ་གྱིས་རང་རང་སྐད་ཅིག་བྱོན། །མཐོ་དམན་དཀྱིལ་ཟུར་འཚམས་པའི་འདབ་མ་ལ། །སོ་སོར་བཞུགས་ནས་གཏོར་མ་གསོལ་བར་དམིགས། །འདི་ནི་བྱ་རྒྱུད་དགོངས་པ་འཁྲུལ་མེད་ཡིན། །དེ་ནས་རང་གི་ཐུགས་ལས་མཆོད་པའི་སྤྲིན། །དཔག་མེད་སྤྲུལ་ནས་ཆོས་སྐྱོང་སྲུང་མར་མཆོད། །ཨརྒྱུ་ལ་སོགས་ཕྱག་རྒྱ་ཏིང་ཤག་རྡེབ།་།སཾ་བྷ་བཅུ་བཞི་བརྗོད་ཚེ་ཆུ་ཕྱར་ཞིང་། །བསྟན་པ་བསྲུང་སོགས་འདོད་


CMR046_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བྱས་པའི་རྗེས། །ཐེབ་ཙེ་ལྔ་བས་མེད་ན་དོར་བྱ་ཞིང་། །དོར་ཚེ་དགེ་བ་འདི་ཡི་སྐྱེ་བོ་སོགས། །བསྔོ་བ་བྱ་དང་ཆོས་བཤད་མི་རུང་ངོ་། །ཐེབ་ཙེ་དྲུག་ཡོད་ན་ནི་དོར་མི་དགོས། །དེ་ཉིད་མན་ཆད་ཆ་ནི་བཅུ་པོ་ལ། །མགོ་ན་དེ་བཞིན་གཤེགས་པའི་མཚན་བརྗོད་ཅིང་། །རིགས་དྲུག་མ་གཏོགས་མགྲོན་རྣམས་སོ་སོ་ཡི། །མིང་ནས་བརྗོད་མ་ཐག་ཏུ་སྐད་ཅིག་བྱོན། །པད་འདབ་སྟེང་བཞུགས་གཏོར་མ་གསོལ་བར་དམིགས། །རིགས་དྲུག་རྣམས་ནི་ཚུར་ལ་མི་བཀུག་སྟེ། །བསྔོས་པ་ཙམ་གྱིས་སོ་སོའི་གནས་རྣམས་སུ། །སོ་སོར་ཅི་འདོད་ལོངས་སྤྱོད་ཐོབ་པར་བྷཻཾ། །དེ་དག་ཀུན་ལ་སྔགས་གྲངས་བདུན་རེ་རེ། །མཇུག་ཏུ་སོ་སོའི་འདོད་གསོལ་བྱ་བ་ཡིན། །དེ་རྗེས་ཆོས་རྣམས་ཐམས་ཅད་རྒྱུ་ལས་སོགས། །ཆོས་བཤད་བྱ་ཞིང་རྒྱ་མཚོར་ཆུ་དོར་བ། །དགེ་བ་འདི་སོགས་བསྔོ་བ་བརྗོད་བཞིན་དུ། །ཐེབ་ཙེ་བཤམ་པ་ཕྱག་ལེན་ཡིན་པའོ། །གཏོར་མ་བཏང་བ་ཟང་ཟིང་སྦྱིན་པ་སྟེ། །སྔོན་ཆད་ཆོས་སྒྲ་མ་ཐོས་འབྱུང་པོ་དང་། །ཡི་དྭགས་རྣམས་ལ་ཆོས་ཀྱི་སྦྱིན་པའི་ཕྱིར། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་བརྗོད། །འདི་ནི་རྒྱ་སྐད་རྟེན་འབྲེལ་སྙིང་པོ་ཡིན། །


CMR046_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྩ་བ་ཡིན། །དེ་ཡང་བཏང་ལུགས་གོ་རིམ་མང་ན་ཡང་། །དང་པོར་ཡི་དྭགས་དེ་ནས་བར་དོ་བཏང་། །དེ་ནས་ཇོ་སེར་ཛ་ནག་ལ་སོགས་ཏེ། །ཇི་ལྷའི་རིགས་རྣམས་སྐབས་དེར་བཏང་བ་ནི། །དེ་ཡང་ཇོ་དཀར་སྐུ་དང་ཛོ་དམར་གསུང་། །ཛཾ་ནག་ཐུགས་དང་ཇི་སེར་ཡོན་ཏན་དང་། །ཛ་ཁྲ་ཕྲིན་ལས་གོ་རིམ་བྱས་ན་ལེགས། །གོ་རིམ་ཇི་སྙེད་བྱས་ཀྱང་འགལ་བ་མེད། །དེ་ནས་ཐེབ་ཙེ་དྲུག་ནི་ཡིན་དོན་ནི། །ལན་གཉིས་བཤམས་པས་རྫོགས་པ་གྲྭ་སའི་ལུགས། །ལྔ་བས་མེད་ན་མཐའ་གཉིས་དབུས་དང་གསུམ། །གཏོར་རིལ་མི་བླུག་ཡོན་ཆབ་བཤམས་ལ་བཞག །བར་གྱི་གཉིས་པོ་གཏོར་རིལ་བླུགས་བྱས་ཏེ། །གཡོན་དུ་ཉེར་གཅིག་གཡས་སུ་བཅུ་བཞི་བླུག །ཉེར་གཅིག་བླ་མ་བཅུ་བཞི་ཆོས་སྐྱོང་ཡིན། །དེ་གཉིས་དོར་ཚེ་ཆོས་བཤད་མི་རུང་ངོ་། །དེ་རྗེས་བཤམས་ཐེབ་གཉིས་ཀྱིས་ཆ་བཅུ་རྫོགས། །གལ་ཏེ་ཐེབ་ཙེ་གཅིག་ལས་མེད་ན་ནི། །ཡི་དྭགས་བར་དོར་བཏང་ལ་བཤམ་པར་བྱ། །དེ་ནས་ཛ་ལྷ་ཀུན་བཏང་དངོས་གྲུབ་བླང་། །དེ་ནས་ཆ་བཅུ་དུས་གཅིག་བཤམ་པ་སྟེ། །ཆུ་དང་ནས་འབྲུ་ཁ་གསོ་འདོན་པས་ཆོག །དེ་དོར་


CMR046_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་རྗེས་ཡི་དྭགས་བར་དོར་བཏང་། །ལན་བཞི་དོར་བས་ཐམས་ཅད་རྫོགས་པ་ཡིན། །དེ་རྗེས་འབུལ་གཏོར་འབྱུང་དང་གླུད་གཏོར་སོགས། །སྤྲོ་ན་གཏོང་གི་མེད་ཀྱང་ཚང་བ་ཡིན། །དེ་རྗེས་ཡི་དྭགས་བར་དོར་ལན་གཅིག་བཏང་། །མ་འབྱོར་པ་སོགས་བཤགས་པའི་ཚིགས་བཅད་བརྗོད། །ཡིག་བརྒྱ་བརྗོད་ན་ལེགས་ལ་མ་བརྗོད་རུང་། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས། །གཤེགས་སུ་གསོལ་རྗེས་བཛྲ་མུ། །ཞེས་པས་ཡེ་ཤེས་པ་རྣམས་གཤེགས། །མཆོད་སྦྱིན་གནས་འདིར་གང་ལྷགས་པ་སོགས་བརྗོད། །སརྦ་བྷུ་ཏ་གཙྪས་འཇིག་རྟེན་པ་རྣམས། །མགྲོན་བོས་ཟས་ཀྱིས་ཚིམ་པ་ཇི་བཞིན་དུ། །འགྲངས་ཤིང་དགའ་ནས་རང་གནས་སོང་བར་བྷཻཾ། །བདག་བསྐྱེད་དང་པོ་དྲན་རྫོགས་ཡིན་པའི་ཕྱིར། །བསྡུ་ཆོག་མི་དགོས་སྒོམ་མཁན་ངོ་བོར་ལྟ། །གཏོར་མ་ཆ་བཅུའི་ནང་ནས་གལ་ཆེ་ཤོས། །ཕྱི་དང་ནང་གི་སྒྲིབ་པ་ཅན་ཞེས་པ། །མཁའ་ལ་རྒྱུ་བའི་འབྱུང་པོའི་གཏོར་མ་དེ། །ཐུབ་པ་ཉིད་ཀྱིས་དངོས་སུ་གསུངས་པ་ཡིན། །སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ལ་སོགས། །མདོ་ཚིག་ཟུར་ཙམ་ལ་ལར་གསལ་བར་ཡོད། །གཞན་རྣམས་བླ་མ་རྣམས་ཀྱིས་རིམ་པར་


CMR046_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན། །ནད་པ་སོགས་ཀྱི་རིམ་གྲོ་ཡིན་ན་ནི། །མཁའ་ལ་རྒྱུ་བའི་འབྱུང་པོའི་གཏོར་མ་དང་། །ལན་ཆགས་བུ་ལོན་གཉིས་པོ་མང་བར་བཏང་། །ཁང་ལས་ཆར་འབོད་ལ་སོགས་ཡིན་ན་ནི། །ཀླུ་དང་ས་བདག་གཉིས་པོ་མང་བར་བྱ། །ཉིན་རེ་བཞིན་དུ་ད་ནངས་ཆུ་གཏོར་དང་། །དོ་ནུབ་མཇུག་ཏུ་ཆུ་གཏོར་གཅིག་བཏང་ཞིང་། །དེ་མིན་ཉིན་རེ་བརྒྱ་རྩ་ཁོ་ན་ཝིག །ཚར་གྲངས་ཁྲི་ཕྲག་བཅུ་ནི་འབུམ་ཡིན་ཏེ། །དེ་འདྲ་ཚོགས་པ་མང་ན་མ་གཏོགས་པ། །རེ་ཟུང་གིས་ནི་ཐོན་པའི་དུས་མ་མཆིས། །དེང་སང་རང་དོན་འབུམ་ཐེར་གསོག་མཁན་རྣམས། །སཾ་བྷ་ར་ཡི་སྔགས་གྲངས་འབུམ་ཐེར་ཏེ། །ཚར་གཅིག་ལ་ནི་སྔགས་གྲངས་བརྒྱ་རྩ་འགྲོ། །ཚར་བརྒྱ་ལ་ནི་སྔགས་གྲངས་ཁྲི་ཕྲག་ལྷག །ཚར་སྟོང་ལ་ནི་སྔགས་གྲངས་འབུམ་ལྷག་ཙམ། །དེ་ཕྱིར་དེང་སང་གཏོར་མ་ཚར་སྟོང་ལ། །གཏོར་མ་འབུམ་ཐེར་ཡིན་པ་བརྩི་སྲོལ་གདའ། །འདིར་ནི་ཚར་གྲངས་གཙོ་བོ་མི་བྱེད་ཅིང་། །སཾ་བྷ་ར་ཡི་སྔགས་གྲངས་གཙོར་འཛིན་པས། །གཏོར་མ་འབུམ་ཐེར་ཡིན་པ་ཞེས་སུ་གྲགས། །ཚར་གྲངས་ཅི་སྨོས་སྔགས་གྲངས་འབུམ་ལ་སོགས། །རིལ་བུ་ཆུ་ཐིགས་འབུམ་གྱི་གྲངས་


CMR046_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསོགས་ནས། །གཏོར་མ་འབུམ་ཐེར་ཡོན་ནི་ལེན་སྲོལ་བྱུང་། །དེ་ནི་ཉེས་པ་ཆེ་ཞེས་མཁས་པས་སྨད། །ཨོཾ་ནི་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །ཛ་ལ་འོད་ཀྱི་མེས་ནི་ཞི་བར་བྱེད། །མི་དཾ་སེར་སྣ་འཇུར་བགེགས་བྱས་པ་ཚིམ། །སརྦ་པྲ་ཏ་ཡི་དྭགས་ཐམས་ཅད་དེ། །བྱུ་ནི་ལས་དང་ཉོན་མོངས་ཞི་བར་བྱེད། །སྭཱ་ཧཱ་བཀྲེས་སྐོམ་འཇིགས་སྐྲག་ཞི་བའི་དོན། །རྒྱུད་ལ་སཾ་བྷ་ར་ནི་སྔོན་ལ་ཡོད། །དེ་བཞིན་གཤེགས་པའི་མཚན་ནི་རྗེས་ལ་གསུངས། །རྒྱུད་ལྟར་བྱ་དགོས་པཎ་ཆེན་གསུངས་ན་ཡང་། །འདི་ནི་མགྲོན་དང་གཏོར་མ་བྱིན་རླབས་ཡིན། །རིན་ཆེན་མང་ནི་གཏོར་མ་འདོད་ཡོན་གྱུར། །གཟུགས་མཛེས་དམ་པས་ཡི་དྭགས་གཟུགས་ངན་རྣམས། །གཟུགས་བཟང་ཁ་ཆེ་མགྲིན་པ་ཡངས་པར་གྱུར། །འབྱམས་ཀླས་ཀྱིས་ནི་གནོད་སེམས་གདུག་རྩུབ་ཞི། །འཇིགས་བྲལ་གྱིས་ནི་སྐྲག་འཇིགས་སྡུག་བསྔལ་སེལ། །དེ་ལྟར་མཚན་བཞིས་གཏོར་མགྲོན་བྱིན་གྱིས་བརླབས། །དེ་ནས་གཟི་བརྗིད་ཚད་མེད་གཟུངས་སྔགས་ཀྱིས། །བསྔོས་པས་མགྲོན་ཀུན་ཚིམས་ཏེ་མཉེས་པ་ཡིན། །དེ་ལྟར་གཏོར་མ་ཆ་བཅུའི་དམིགས་རིམ་འདི། །པདྨ་སྟོབས་བཅུ་ལ་སོགས་འགའ་ཞིག་ལ། །ཕན་པའི་


CMR046_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་རཱ་ག་ཨ་སྱས་བརྩམས། །མཐར་ཕྱིན་ཞེས་བྱས་རང་གཞན་དོན་དུ་བྲིས། །འགལ་འཁྲུལ་གང་མཆིས་མཁས་པའི་དྲུང་དུ་བཤགས། །དགེ་བས་བློ་དམན་འགའ་ལ་ཕན་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས།next