ལོ་རིམ་རྒྱུན་བསང་བསྡུས་པ་ལོ་དགྲ་ཚར་གཅོད།
ལོ་རིམ་རྒྱུན་བསང་བསྡུས་པ་ལོ་དགྲ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །
ན་མོ་བཛྲ་གྲོ་ལོད་ཡེ། ལོ་རིམ་རྒྱུན་བསང་བྱ་བ་ནི། །ཁང་པའི་སྟེང་ངམ་གཙང་ས་རུ། །བསང་ར་རྫ་མའི་ཐོག་བརྩེགས་ལ། །འཇིམ་བརྩེགས་ཞལ་བ་ལེགས་པར་བྱ། །འབྲུ་སྣ་ཟས་ཕུད་ཕྱེ་མར་རྣམས། །གཙང་ཕྱེ་བསྲེས་ལ་ཁུག་ནང་ཚག །ཤུག་ཕྱེ་མཁན་དཀར་སུར་དཀར་རྣམས། །གཙང་སར་ཕྱེ་མ་མང་དུ་བསགས། །ནངས་སྔ་བསང་རར་མེ་བླུགས་ལ། །ཤུག་ཕྱེ་སྤར་གང་བསང་རྫས་བཏབ། །ཇ་ཆང་ཕུད་དམ་འོ་ཕུད་བྲན། །འདི་ལྟར་ཚར་གཅིག་གྱེར་སྒོམ་སྦྲགས། ཧྲཱི༔ སྐྱབས་གནས་ཀུན་འདུས་པད་མ་འབྱུང་གནས་ལ། །བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི། །འགྲོ་ཀུན་མུ་གེའི་འཇིགས་པ་བསལ་བའི་ཕྱིར། །བདག་གིས་ལོ་ཐོག་
བསྲུང་བ་བསྒྲུབ་པར་བྱ། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཞལ་གཅིག་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །དབུ་སྐྲ་ཐོར་ཚུགས་ཟབ་བེར་ཆོས་གོས་གསོལ། །རྒྱ་སྟག་གྲུས་མའི་སྟེང་ན་འདོར་ཐབས་བསྒྲད། །ཡེ་ནས་དམ་ཡེ་དབྱེར་མེད་ངོ་བོར་གསལ། །ཐུགས་སྲོག་ཧཱུྃ་མཐིང་ཞལ་ནས་ཧཱུྃ་སྒྲ་སྒྲོག །ཧཱུྃ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས། །བསང་རྫས་མ་དག་དངོས་འཛིན་དྲི་མ་སྦྱངས། །སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། །བསང་
མགྲོན་ཐམས་ཅད་སྐད་ཅིག་སྤྱན་དྲངས་གྱུར། ཧྲཱི༔ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །ཡུལ་ལྷ་གཞི་བདག་གཉེན་པོའི་ཚོགས་དང་བཅས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་གཤེགས་སུ་གསོལ། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །ཡིད་སྤྲུལ་འོས་ཤིང་འཚམས་པའི་གདན་ལ་བཞུགས། །ཐུགས་བསྐྱེད་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོའི་མཆོད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ། །བདག་ཅག་རབ་ཏུ་གུས་པས་ཕྱག་འཚལ་བསྟོད། །ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་བའི་དྭངས་མ་ཤིང་དུ་སྲིད། །བལ་བུ་དཀར་པོ་ཞི་བའི་ཤིང་། །གསེར་སྟག་སེར་པོ་རྒྱས་པའི་ཤིང་། །ཙན་དན་དམར་པོ་དབང་གི་ཤིང་། །ཐང་ལོ་ཀླུ་གཉན་དགའ་བའི་ཤིང་། །བཟང་ཤིང་རྣམ་པ་སྣ་ཚོགས་དང་། །ཕྱེ་མར་འབྲུ་སྨན་ཟས་ཀྱི་
ཕུད། །ཇ་ཆང་འོ་ཞོའི་ཕུད་རྣམས་བསྲེགས། །དྷིལས་དུད་པའི་ལྷ་མོ་སྔོ། །ཕྱག་གཡས་བུམ་པས་ཉམས་སྒྲིབ་བཀྲུས། །ཕྱག་གཡོན་སྨན་གྱི་གཞོང་པ་ནས། །སྨན་གྱི་དུད་སྤྲིན་ཁམས་གསུམ་ཁྱབ། །དུ་བ་སྤོས་ཀྱི་ཁྲི་ཤིང་གིས། །སངས་རྒྱས་ཞིང་ཁམས་ཐམས་ཅད་ཁྱབ། །དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་རྣམ་ལྔ་ཆར་དུ་འབེབས། །དུ་བ་ཤངས་ལ་བྲོ་ཙམ་གྱིས། །ལྷ་དང་སྲུང་མ་ཐམས་ཅད་ཀུན། །ཉམས་པ་སོས་ཤིང་སྨུག་པ་སངས། །ཟས་འདོད་ཟས་ལ་སྐོམ་འདོད་སྐོམ། །ནོར་འདོད་ནོར་གྱི་ཚིམས་པར་གྱིས། །དེ་འདྲའི་ཡ་མཚན་བསང་མཆོད་འདིས། །སྣང་སྲིད་ལྷ་འདྲེ་འདུལ་མཛད་པ། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་། །གུ་རུ་དྲག་པོ་ཐོད་ཕྲེང་བསང་། །དྲག་པོ་རིགས་བཞི་ཡབ་ཡུམ་བསང་། །ཁྱུང་དང་གོ་ཆ་ལྷ་ལྔ་བསང་། །བདུད་འདུལ་ཁྲོ་བཅུའི་ལྷ་ཚོགས་བསང་། །གུ་རུ་ཞི་ཁྲོའི་ལྷ་ཚོགས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ནག་ཕྱོགས་ལྷ་འདྲེ་ཟིལ་གྱིས་གནོན། །བཙའ་སད་སེར་བ་
བཟློག་པ་དང་། །ལོ་ཐོག་སྲུང་བའི་ཕྲིན་ལས་མཛོད། །འབྲུ་བཅུད་ལོ་ཐོག་འཕེལ་མཛད་པ། །ས་བཅུ་ལ་གནས་སེམས་དཔའ་ཆེ། །ཉེ་སྲས་ས་ཡི་སྙིང་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ལོ་ཆུ་ལེགས་པར་བྱིན་གྱིས་རློབས། །སྟོང་གསུམ་འཇིག་རྟེན་སྐྱོང་བའི་ལྷ། །གཙང་རིས་དཔལ་མགོན་བདུན་ཅུ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ལོ་ལེགས་འབྲུ་རྣམས་འཕེལ་བ་དང་། །འཇིག་རྟེན་བདེ་ཞིང་སྐྱིད་པར་མཛོད། །འཇིག་རྟེན་ཁམས་ན་དབང་ཆེ་བ། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་བ་བཟློག་པར་མཛོད། །དྲེགས་པའི་སེར་བ་མ་གཏོང་ཞིག །འཇིག་རྟེན་ཁམས་ན་དྲག་རྩལ་ཅན། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་བ་མ་གཏོང་ཞིག །ལྷ་ཆེན་ཨིནྡས་གཙོར་བྱས་པའི། །ཤར་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དྲི་ཟའི་སེར་བ་མ་གཏོང་ཞིག །ཡ་མ་ཡེ་ཡི་གཙོར་བྱས་པའི། །ལྷོ་ཕྱོགས་གནས་པ་ཐམས་ཅད་བསང་། །
གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཤིན་རྗེའི་སེར་བ་མ་གཏོང་ཞིག །ཝ་རུ་ཎ་ཡི་གཙོར་བྱས་པའི། །ནུབ་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་ཡི་སེར་བ་མ་གཏོང་ཞིག །ཀུ་བེ་ར་ཡི་གཙོར་བྱས་པའི། བྱང་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གནོད་སྦྱིན་སེར་བ་མ་གཏོང་ཞིག །ཨག་ནེ་ར་ཙ་གཙོར་བྱས་པའི། །ཤར་ལྷོར་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དྲང་སྲོང་སེར་བ་མ་གཏོང་ཞིག །ནི་རི་ཏི་ཡི་གཙོར་བྱས་པའི། །ལྷོ་ནུབ་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྲིན་པོའི་སེར་བ་མ་གཏོང་ཞིག །ཝ་ཡ་ཝེ་ཡི་གེ གཙོར་བྱས་པའི། །ནུབ་བྱང་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རླུང་ལྷའི་སེར་བ་མ་གཏོང་ཞིག །ཨི་ཤྭ་ན་ཡི་གཙོར་བྱས་པའི། །བྱང་ཤར་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །འབྱུང་པོའི་སེར་བ་མ་བཏང་ཞིག །པྲ་ཧ་མ་ཎའི་གཙོར་བྱས་པའི། །སྟེང་ཕྱོགས་གནས་པ་ཐམས་
ཅད་བསང་། །།གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ལྷ་བདུད་སེར་བ་མ་གཏོང་ཞིག །པྲི་ཐི་དེ་ཝའི་གཙོར་བྱས་པའི། །འོག་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་སྣ་མ་འདྲེན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། འཇིག་རྟེན་ཕུང་བྱེད་ར་ཧཱ་ལ། ཐོག་སེར་བདག་པོ་ཆེན་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཐོག་དང་སེར་བའི་སྣ་མ་འདྲེན། །ཡབ་གཅིག་ཡཀཱ་ཛཱ་ལ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཟའ་སྲིན་སེར་བ་མ་བཏང་ཞིག་།ཡུམ་གཅིག་སྦལ་མགོ་ཁྲག་མིག་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་སྲིན་སེར་བ་མ་བཏང་ཞིག །སྲིན་མོ་གདོང་མོ་མཆེད་བཞི་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སེར་བ་དཀར་པོའི་གདོང་མ་སྟོན། །སྤྲུལ་པའི་གཟའ་ཆེན་བརྒྱད་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཟའ་ཡི་སེར་བ་མ་བཏང་ཞིག །ནུབ་ཕྱོགས་ལྗང་སྔོན་ཆེན་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །མ་མོའི་སེར་བ་མ་བཏང་ཞིག །ཤར་ལྷོར་དྲང་སྲོང་ར་ཧུ་ལ། །
གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཟའ་ཡི་སེར་བ་མ་བཏང་ཞིག །བྱང་ཤར་བི་ན་ཡ་ཀ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བགེགས་ཀྱི་སེར་བའི་གདོང་མ་སྟོན། །བྱང་གི་རོ་ཏི་ནག་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བདུད་ཀྱི་སེར་བ་མ་བཏང་ཞིག །ལྷོ་ནུབ་བྷོ་དྷི་ཏྲ་ཧ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྲིན་པོ་སེར་བ་མ་བཏང་ཞིག །ཤར་གྱི་བྷི་ནུ་ར་ཙ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རླུ་བདུད་སེར་བ་མ་བཏང་ཞིག །ནུབ་བྱང་དུ་བ་མཇུག་རིང་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཤིན་རྗེའི་སེར་བ་མ་བཏང་ཞིག །ལྷོ་ཡི་ཁྱབ་འཇུག་ཆེན་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་ཡི་སེར་བ་མ་བཏང་ཞིག །ཤོར་གྱི་སྟག་སྲིན་ཟོར་གདོང་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཤར་ནས་སེར་བའི་གདོང་མ་སྟོན། །ལྷོ་ཡི་རྐང་སྲིན་གླང་གདོང་བསང་། །གཡུ་ཤུག་ཕྱེ་མར་གྱི་མཆོད། །ལྷོ་ནས་བའི་གདོང་མ་སྟོན། །ནུབ་ཀྱི་བམ་སྲིན་དྲེད་གདོང་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ནུབ་ནས་སེར་བའི་
གདོང་མ་སྟོན། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བྱང་ནས་སེར་བའི་གདོང་མ་སྟོན། །གཟའ་བདུན་རྒྱུ་སྐར་ཉེར་བརྒྱད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སོ་སོར་དབང་བའི་ཚེས་གྲངས་ལ། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །སད་དང་སེར་བ་མ་བཏང་ཞིག །ཀྱཻ། འཛམ་གླིང་བོད་ཁམས་སྐྱོང་མཛད་པའི། །བརྟན་མ་བཅུ་གཉིས་དཔོན་དང་གཡོག །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སད་དང་སེར་བའི་ཁ་ཁོག་ལ། །བོད་ཁམས་བཀྲ་ཤིས་བདེ་ལེགས་མཛོད། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །བཙའ་སད་སེར་གསུམ་མ་བཏང་ཞིག །ལོ་ཉེས་འཁྲུག་རྩོད་ཞི་བར་མཛོད། །ཀྱཻ། །ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །ཁམས་ཕྱོགས་ཀུན་ལ་དབང་མཛད་
པའི། །གཉན་རྗེ་རྨ་གཉན་སྤོམ་ར་ནི། །ཡ་མཚན་དུང་མི་དཀར་པོ་ལ། །མདོག་དཀར་དངུལ་གྱི་དབུ་ཞྭ་གསོལ། །སྟག་ཤམ་བེར་དཀར་གསེར་ཁྲབ་ཅན། །ཕྱག་མཚན་སྦ་ལྕག་ནོར་བུ་བསྣམས། །སྟག་རལ་གཟིག་ཤུབས་འཁོར་གསུམ་བསྐོར། །སྟག་འཕྲུ་ཁྱུང་དང་ཉི་ཟླས་བརྒྱན། །ཐུགས་ཀར་ཡིད་བཞིན་ནོར་བུ་ལ། །རྨ་གཡང་དངོས་གྲུབ་ཆར་ལྟར་འབེབས། །དུང་རྟ་ངང་ཞུར་རི་ཙམ་ཆིབས། །སྔོན་ན་ཁྱུང་དང་བྱ་རྒོད་ལྡིང་། །རྒྱབ་ནས་སྟག་གཡག་སེང་གེ་ཁྲིད། །རྨ་སྲས་དགུ་དང་རྨ་སྨན་དགུ་། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་བདག་པོ་འཁོར་བཅས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །བཙའ་སད་སེར་གསུམ་མ་བཏང་ཞིག །ཀྱཻ། ཟངས་རི་འབར་བ་རྩེ་དགུ་ནས། །ཟལ་མོ་སྒང་ལ་མངའ་མཛད་པའི། །གིང་ཆེན་བཙན་གྱི་རྒྱལ་པོ་སྟེ། །བཙན་གྱི་མགོན་པོ་བེག་རྩེ་ཅན། །སྐུ་རྒྱལ་ཤེ་ནེ་ཞེས་སུ་གྲགས། །ཟངས་རྨོག་ཟངས་ཁྲབ་འཁོར་གསུམ་ཅན། །བཙན་རྟ་
མཚར་བུ་ཏིང་དཀར་ཆིབས། །ཕྱག་ན་ཟངས་ཀྱི་མདུང་དར་ཕྱར། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤྭ་ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུའི་བསྐོར། །ཡང་འཁོར་བཙན་དམག་སྟོང་བཅས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །སྐྱེས་བུ་ཟླ་རྒྱལ་ཤེ་ནེ་དང་། །སྦ་རི་སྨྱུག་རི་སྤོ་རྒྱལ་སོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཡུལ་འདིར་སེར་བ་མ་བཏང་ཞིག །ཀྱཻ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བེར་དཀར་ཤེལ་ཁྲབ་ཅན། །མདུང་དར་ཕྱར་ཞིང་འཁོར་གསུམ་བསྐོར། །དུང་རྟ་རླུང་གི་ཤུགས་ཅན་ཆིབས། །བཙུན་མོ་གཉིས་དང་བློན་པོ་གཉིས། །བླ་མཆོད་གཉིས་དང་རུ་འདྲེན་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་བཅས། །འཁོར་དང་ཡང་འཁོར་བཅས་པ་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་
གསུམ་མ་བཏང་ཞིག །གཏམ་རྒྱལ་མདོ་ཟོར་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །རྒྱལ་མོ་བུ་སྤངས་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་ལྔ་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །སྤྱི་འབྱམས་དུང་བིལ་གཟེ་འདྲེ་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །གུར་རྣ་དཔལ་རི་དཔའ་རྒོད་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཉན་གྱི་སེར་བ་མ་བཏང་ཞིག །གདོབ་ཟེ་དབྱི་དོ་གཡོ་རྫོངས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་ཡི་སེར་བ་མ་བཏང་ཞིག །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་
སེར་གསུམ་མ་བཏང་ཞིག །ཁྱེད་རྣམས་བསང་མཆོད་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡིས། །བཀའ་དང་དམ་ལ་མ་འདའ་བར། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །སེར་བའི་གནོད་པ་མ་བཏང་ཞིག །ལོ་ཐོག་ཐམས་ཅད་ཁྱོད་ལ་བཅོལ། །སེར་བ་མ་བཏང་ཐུབ་པར་སྲུངས། །མཐུ་དང་ནུས་པ་ཅི་འདུག་བལྟ། །གལ་ཏེ་བཀའ་ལས་འདས་གྱུར་ན། །སྔོན་ཚེའི་དམ་ཚིག་གཉེན་དང་འགལ། །དེ་བས་དམ་ལ་མ་འདའ་ཞིག །ཁྱད་པར་རྣལ་འབྱོར་བདག་ཅག་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །དངོས་གྲུབ་ཁུ་ཡེ་གཡང་དུ་ལེན། །མཆོད་པའི་འབག་བཙོག་ཕུད་ཉམས་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །བསང་མགྲོན་རང་རང་གནས་སུ་གཤེགས། །ལོ་ལེགས་འབྲུ་འཕེལ་དམ་ཆོས་དར། །བཀྲ་ཤིས་བདེ་ལེགས་ཀུན་འབྱུང་ཞིང་། །ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །སྒྲུབ་པ་མཐའ་རུ་ཕྱིན་གྱུར་ནས།། ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །འོད་དཔག་མེད་དང་མཇལ་བར་ཤོག །ཅེས་བརྗོད་བྱམས་པ་སྐྱབས་ཀྱི་དོན་དུ། ཨ་རཱ་གས་བྲིས་པ་མངྒ་ལཾ།།