Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད།next

ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད།


CMR046_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད་ཅེས་བྱ་བ་བཞུགས་སོ།


CMR046_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསང་འདི་ཡི་བཅའ་ཐབས་ལ། དང་པོ་དཀྱིལ་འཁོར་བྲི་བར་བྱ། དབུས་སུ་པདྨའི་ལྟེ་བ་དཀར་པོ་བྱས་ལ་རི་རབ་བང་རིམ་གསུམ་པའི་སྟེང་དུ་བུམ་པ་གཅིག །དེའི་སྟེང་དཀར་གཏོར་གཅིག་བཞག །ཕྱི་རིམ་སྣ་ཚོགས་པདྨ་འདབ་བཞི་ལ་དཀར་གཏོར་བཞི་བཞག །དེའི་ཕྱིར་རིམ་པད་འདབ་དཀར་པོ་བརྒྱད་བྱ་སྟེ་སྡེ་བརྒྱད་བཤོས་བུ། དེའི་ཕྱི་རིམ་པད་འདབ་བཅུ་གཉིས་བྱ། ལོ་སྐོར་བཅུ་གཉིས་བཞག །མཆོད་པ་རྣམ་ལྔ་བཤམས། གཏོར་མ་བརྒྱ་རྩ་བཏང་། མཆུ་སྡེ་ལྔ་དང་། འབྲུ་སྤེལ་སྣང་བརྒྱད། དེ་རྣམས་འདོན། ཤིང་རྩི་སྣ་ཚོགས་བརྒྱན་ཅིང་འདི་སྐད་དོ།།་ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། །དུས་གསུམ་སངས་རྒྱས་མཆོད་པ་དང་། །ཁམས་གསུམ་སེམས་ཅན་གསོ་བ་


CMR046_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྲེགས་པ་ཅན་རྣམས་སྐེམས་པ་དང་། །བུ་ལོན་ལན་ཆགས་སྐོང་བ་དང་། །བཙན་གྱི་ཡུལ་ནས་ལེན་པ་དང་། །མཚུན་གྱི་ཞལ་ནི་གསོ་བ་དང་། །ནོར་ཡ་མཚན་ཅན་རྣམས་བསྒྲུབ་པ་དང་། །ཟས་འདོད་དགུ་གསོག་པའི་དོན་ཆེན་དུ། །འབྲུ་ནི་མེད་དུ་མི་རུང་བས། །སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བྱིན་གྱིས་བརླབས་པའི་མཁའ་ལྡིང་བྱ། །མགྲིན་པ་ནས་ཀྱིས་གང་བར་མཛད། །དེ་རིགས་གསུམ་མགོན་པོའི་ཐུགས་རྗེ་ཡིན། །འདབ་ཆགས་རྒྱལ་མོའི་མགུལ་ནས་འཁྲུངས། །ལྷ་མོའི་པི་ཝཾ་ནང་ནས་བླངས། །འབྱུང་བ་ལྔ་


CMR046_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱུ་བྱས་པས། །དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས། །དེ་ནས་སྲིད་པ་རྒན་རྒོན་གྱིས། །ཐེག་ཆེན་ས་ལ་ནས་འདི་བཏབ། །སྟེང་ནས་བདུད་རྩིའི་ཆར་པ་འབེབས། །སྦྱིན་པ་ཐོང་གཤོལ་ཤུགས་ཀྱིས་རྨོས། །ཚུལ་ཁྲིམས་གཙང་མའི་ས་བོན་བཏབ། །བཟོད་པ་རིན་ཆེན་འབྲས་བུ་སྨིན། །བརྩོན་འགྲུས་མྱུར་བའི་ཟོར་བས་བརྔས། །བསམ་གཏན་ཉམས་ཀྱི་ཐག་པས་བཅིངས། །ཐེག་ཆེན་ཤེས་རབ་ཁལ་དུ་བཀལ། །དོན་དམ་ཆོས་ཀྱི་དབྱིངས་སུ་ཕོག །མ་ཆགས་བྱམས་པའི་དབྱུག་པས་བརྡུངས། །འབྱུང་བ་རླུང་གི་དྭངས་སྙིགས་ཕྱེས། །འཁོར་འདས་གཉིས་ཀྱི་འདོད་ཡོན་བྱས། །སྔོན་གྱི་ནས་བྱུང་དེ་ལྟར་བྱུང་། །དེ་ནས་ལྷ་རྣམས་བཀའ་བགྲོས་ནས། །འགྲོ་བའི་མི་ནི་བྱིན་གྱིས་བརླབས། །གླང་པོ་ཆེ་ནི་ས་སྲུང་དང་། །མ་ཧེ་འགྲོས་ཆེན་གཉའ་བ་བསྡེབས། །ཤིང་དང་གཉའ་འགྲོས་གཉའ་ཐང་སྤྲད། །ཤ་རྒྱུས་གཉེན་མོས་སྲང་ཐག་འཐེན། །འབྲུ་སྣ་བརྒྱ་ཡི་ས་བོན་ལ། །ཞིང་གི་ལྷ་དེ་ཚངས་པས་མཛད། །ས་ཡི་ལྷ་མོ་བརྟན་མ་དེ། །ཞིང་ལྷ་རྒྱལ་མོས་མངའ་གསོལ་བྱས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །


CMR046_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང་། །ས་བདག་རྒྱུ་སྐར་གཞི་བདག་གིས། །འབྲུ་རྣམས་སྤེལ་བའི་སྨོན་ལམ་བཏབ། །ནས་འདི་བསྐྱེད་པའི་སྲུང་སྐྱོབ་བྱས། །དུས་གསུམ་རྒྱལ་བས་བྱིན་བརླབས་པས། །འབྲུ་ནི་ཉིན་མཚན་མེད་པར་སྐྱེས། །ནས་འདི་སྨིན་ཅིང་འཕེལ་ཁ་ཆེ། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་བ་དེ་ནི་ཁྱུང་གཤོག་ཙམ། །སོག་མ་དེ་ནི་མདུང་ཡུ་ཙམ། །སྙེ་མ་དེ་ནི་ལྷོ་སྤྲིན་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །དུས་གསུམ་སངས་རྒྱས་བྱིན་རླབས་འགྲུབ། །སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །བདག་དང་ཡོན་བདག་འདི་དག་གིས། །ཞིང་རྨོས་ས་བོན་འདེབས་པ་ལ། །གནམ་ལ་སྐར་མ་གཟའ་ཡང་བཟང་། །ས་ལ་ཉི་མ་ལྷུན་ཡང་དྲོ། །དུས་ཚོད་མ་བུ་བཀྲ་ཡང་ཤིས། །ལྷ་གཞིའི་སྟེང་དུ་འབྲུ་ནས་བཀྲམ། །གཡང་རྣམས་བསྡུས་པའི་མཆོད་པ་བཤམས། །བླ་མ་ཡི་དམ་དཀོན་མཆོག་གསུམ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་སེམས་ས་ཡི་སྙིང་པོ་དང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། །ཕྱོགས་བཅུའི་ལྷ་རྣམས་སྤྱན་དྲངས་ནས། །མཆོད་པའི་གནས་འདིར་གཤེགས་སུ་


CMR046_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཚངས་པ་བརྒྱ་བྱིན་ལ་སོགས་དང་། །དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱང་། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རྣམ་སྲས་དང་ནི་ཛམ་བྷ་ལ། །ལྷ་མོ་དཔལ་དང་གྲོགས་མོ་བརྒྱད། །སྲིད་གསུམ་གཡང་བདག་འཁོར་བཅས་དང་། །ཕྱོགས་བཅུའི་ནོར་ལྷ་གཉན་པོ་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གཉན་ཆེན་བརྒྱད། །རྒྱུ་སྐར་ས་བདག་གནོད་སྦྱིན་བརྒྱད། །རྒྱལ་ཆེན་ཡུལ་ལྷ་འཁོར་བཅས་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞིང་ལྷ་ཚངས་པ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞོས་ལྷ་རྒྱལ་མོ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་འཁོར་བཅས་ལ། །མཆོད་པ་རྣམ་ལྔ་འདོད་ཡོན་ལྔ། །ཇི་ལྟར་དགྱེས་པའི་མཆོད་པ་འབུལ། །


CMR046_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཐོག་ཡག་པར་བྱིན་གྱིས་རློབས། །བླ་མ་ཡིད་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །བདུད་རྩི་གཏོར་མའི་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ནོར་ལྷ་གཡང་ལྷ་ཐམས་ཅད་ལ། །འདོད་ཡོན་རིན་ཆེན་གཡང་སྤེལ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཀླུ་གཟའ་དང་རྒྱུ་སྐར་དང་། །ཕྱོགས་སྐྱོང་ས་བདག་གཏོད་དང་སྨན། །ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །རིན་ཆེན་འབྲུ་ཡི་བཤོས་གསོལ་དང་། །རྣམ་ལྔ་འདོད་ཡོན་སྣ་ཚོགས་དང་། །བ་ཁྲ་བརྒྱ་དང་བེའུ་ཁྲ་སྟོང་། །གྲེ་བོ་ཁྲི་དང་རོག་པོ་འབུམ། །དཀོར་ནོར་སྣ་ཚོགས་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཡུལ་ལ་གནས་པའི་ཡུལ་བདག་དང་། །ཞིང་ལ་གནས་པའི་ཞིང་ལྷ་རྣམས། །མཆོད་པའི་ཡོ་བྱད་སྣ་ཚོགས་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ད་ལོའི་གནམ་ལོ་རྒྱལ་པོ་ལ། །རིན་ཆེན་འབྲུ་དང་རྐང་འགྲོས་གཟུགས། །ཕྱེ་མར་འོ་སྐོར་གསུར་མཆོད་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་རི་རབ་ཀྱི། །ཐད་ཀྱི་ཤེལ་བྲག་དཀར་པོ་ལ། །


CMR046_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷའི་སྟེང་དུ་ཞོས་རྡོ་བཙན། །ཞོས་རྡོ་བཙན་པའི་ཡོན་ཏན་གྱིས། །ལོ་ཡག་ལྗང་ནས་འཁྲུངས་བར་མཛོད། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་མ་དེ་ནི་རྒོད་གཤོག་ཙམ། །སྙེ་མ་དེ་ནི་ཁྱུང་གཤོག་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །འཕེལ་ཁ་ཆེ་བའི་ནས་གཡང་སྡུས། །ཞེས་རྡོ་འདི་ལ་འབྲུ་རྣམས་འཁོར། །ཞེས་རྡོ་འདི་ལ་ཞིང་ལྷ་འཁོར་། །ཞིང་ལྷ་ཞོས་རྡོ་མ་གཡེལ་ཅིག །འགོ་བའི་ལྷ་རབས་བཅུ་གསུམ་གྱིས། །ཞོས་རྡོ་འདི་ལ་སྡོང་གྲོགས་མཛོད། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ས་ཡི་ལྷ་མོ་བརྟན་མས་ཀྱང་། །སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཞིང་ས་འདི་ལ་གནས་ཆོས་དང་། །ཞེས་རྡོ་འདི་ལ་སྐུ་རྟེན་ལ། །ས་ལ་ལོ་འབྲས་སྨིན་པར་མཛོད། །ཞིང་གི་ལོ་འབྲས་རྒྱས་པར་མཛོད། །ས་གཞི་ལོ་ཏོག་སྨིན་པར་མཛོད། །ས་གཞི་རྩི་ཐོག་རྒྱས་པར་མཛོད། །ཆུ་ལ་གནས་པའི་ཀླུ་རྣམས་ཀྱང་། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྐུ་ལ་ཁྲུས་ཆབ་གསོལ་བ་ལས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཡག་ལྗང་བུ་འཁྲུངས་བར་མཛོད། །ཆར་ཆུ་དུས་སུ་


CMR046_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབབས་ན། །རྩི་ཐོག་འབྲས་བུ་མ་སྨིན་ན། །ཀླུ་རྣམས་རྒྱལ་བའི་བཀའ་ལས་འདས། །ཁྱུང་དང་བྱེ་ཚན་འཇིགས་པ་འོང་། །མགོ་བོ་ཚལ་པ་བརྒྱ་རུ་འགས། །དེ་བས་ཀླུ་རྣམས་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་འབྲས་རྟག་ཏུ་སྨིན་པར་མཛོད། །ཀླུ་ཡི་འཕེལ་གཡང་འགྲུབ་པར་མཛོད། །ཀླུ་རྒྱལ་གཙུག་ན་རིན་པོ་ཆེ། །གཞོན་ནུ་གཏུམ་པོ་འཁོར་དང་བཅས། །རྒྱལ་རིགས་རྗེ་རིགས་འཁོར་དང་བཅས། །བྲམ་ཟེ་གདོལ་པ་ལ་སོགས་རྣམས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཐོག་ཡག་པའི་སྡོང་གྲོགས་མཛོད། །ས་བདག་རྒྱལ་པོ་ཤྲཱི་བྷ་དྲ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་འཛིན་ལག་པ་ཆེན་པོ་དང་། །ས་ལ་གནས་པའི་ས་བདག་ཕྱི་རྣམས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །མཆོད་ཡོན་དམ་པ་འདི་བཞེས་ལ། །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །ད་ལྟ་སྔགས་འཆང་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །སོ་ནམ་དུས་སུ་འཕྲད་པར་གྱིས། །ལོ་ཐོག་མགོ་རུ་འཕེལ་བར་མཛོད། །སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ། །སྔགས་འཆང་བདག་གིས་ཁྱེད་


CMR046_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ན། །མཆོད་པ་དོན་མེད་མ་བྱེད་ཅིག །གཏོར་མ་ཁྲེལ་ཟས་མ་བྱེད་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདེན་པའི་བཀའ་ནི་མ་བསླུ་ཞིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །ཞིང་ལྷ་ཚངས་པ་མ་གཡེལ་ཅིག །ཞོས་ལྷ་རྒྱལ་མོ་མ་འཆུག་ཅིག །ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་ཀྱིས། །ཞིང་གི་ལོ་ཐོག་ཡག་པར་མཛོད། །ས་ཡི་རྩི་བཅུད་འཁྲུངས་པར་མཛོད། །ཆོས་སྐྱོང་སྲུང་མ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །རྒྱལ་ཆེན་སྡེ་བཞི་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །གཟའ་དང་རྒྱུ་སྐར་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །གནོད་སྦྱིན་ནོར་ལྷ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །ས་བདག་ཡུལ་ས་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །གཏོད་དང་གཉན་རྣམས་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་


CMR046_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །འབྲུ་ལྷ་གང་བཟང་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །ཀྱཻ། ཡུལ་གཉིས་དེ་ནི་ལོ་འགྲན་ན། །ལོ་འཕང་གཞན་བས་མཐོ་བར་ཤོག །ཞིང་གཉིས་མུ་དང་ཐོག་འགྲན་ན། །ལོ་ཤག་ཞན་པས་མཐུག་པར་ཤོག །མཉམ་གཉིས་ས་བོན་གྲངས་འགྲན་ན། །འབྲུ་གྲངས་གཞན་བས་མང་བར་ཤོག །ནས་ཀྱང་བྲེ་དང་ཁལ་འགྲན་ན། །བྲེ་ཁ་གཞན་བས་མང་བར་ཤོག །འཇིག་རྟེན་ཁམས་ཀྱི་ནས་གཡང་སྡུས། །འཛམ་བུ་གླིང་གི་ཞིང་གཡང་སྡུས། །མདོ་ཁམས་སྒང་གི་འབྲུ་གཡང་སྡུས། །བཙན་ཕྱུག་ལྡན་པའི་ནོར་དང་གཡང་། །བདེ་སྐྱིད་འཛོམ་པའི་ཚེ་གཡང་དཔལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དེ་རིང་འདི་རུ་བསྩལ་དུ་གསོལ། །ཞིང་ལྷ་ཚངས་པ་དཔལ་མ་ཞན། །ཞོས་ལྷ་རྒྱལ་མོ་མཐུ་མ་ཆུང་། །ལོ་ཡག་ལྗང་ལྡེམ་འཁྲུངས་པར་མཛོད། །ལོ་དུང་གཞན་བས་ཆེ་བར་མཛོད། །ལོ་ཤ་གཞན་བས་མཐུག་པར་མཛོད། །ལོ་སྐྱེད་གཞན་བས་མགྱོགས་པར་མཛོད། །འབྲུ་ནི་རྒྱལ་བ་མཉེས་པའི་འབྲུ། །འབྲུ་ནི་དམ་ཅན་སྐོང་བའི་འབྲུ། །འབྲུ་ནི་རིགས་དྲུག་གསོ་


CMR046_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབྲུ། །འབྲུ་ནི་ལན་ཆགས་སྐོང་བའི་འབྲུ། །འབྲུ་ལ་ཡོན་ཏན་ཐམས་ཅད་ཚང་། །འབྲུ་བས་མཉེས་པ་མ་མཆིས་སོ། །འབྲུ་བས་ཞིམ་པ་མ་མཆིས་སོ། །འབྲུ་བས་མཁོ་བ་མ་མཆིས་སོ། །ཅི་ཕྱིར་འབྲུ་ནི་མཁོ་བ་ན། །དུས་གསུམ་སངས་རྒྱས་འདི་ཡིས་མཆོད། །དམ་ཅན་སྲུང་མ་འདི་ཡིས་རྟེན། །ནོར་ལྷའི་རྒྱལ་མོ་འདི་ལ་འཁོར། །འགོ་བའི་ལྷ་རྣམས་མཆོད་པའི་རྟེན། །ཁམས་གསུམ་སེམས་ཅན་འདི་ཡིས་གསོ། །བུ་ལོན་ལན་ཆགས་འདི་ཡིས་སྦྱོང་། །དེ་བས་འབྲུ་ནི་ཡ་མཚན་ཆེ། །དེ་བས་འབྲུ་ནི་ངོ་མཚར་ཆེ། །འབྲུ་ལ་ཞི་རྒྱས་དབང་དྲག་ཚང་། །འབྲས་དང་ཡུངས་གྲོ་ཞི་བ་ཡིན། །ཁྲེ་དང་ཡུངས་ཀར་རྒྱས་པ་ཡིན། །ཙི་ཙི་ཟར་མ་དབང་གི་འབྲུ། །ཁྲའོ་སྲན་མ་དྲག་པོ་ཡིན། །ནས་ནི་སྤྱི་ཁྱབ་ཡིན་པས་ན། །ཞི་རྒྱས་དབང་དྲག་བཞི་ཀ་ཚང་། །ཡོས་སུ་རྔོས་ན་ཞི་བ་ཡིན། །ཕྱེ་རུ་བྱས་ན་རྒྱས་པ་ཡིན། །ཟན་དུ་བརྫིས་ན་དབང་དུ་གྲུབ། །ཆང་དུ་བསྒྱུར་ན་དྲག་པོ་ཡིན། །འབྲུ་ནི་ཆང་དུ་སྦྱར་བ་ན། །ཆང་བས་ངོ་ཆེ་མ་མཆིས་སོ། །གསེར་བས་འབྲུ་ནི་གང་ཐང་ཆེ། །བཙན་པོ་ཞལ་སྲོས་འདི་ལ་ཉེན། །བཙུན་པའི་རྟ་རྐུན་ཆད་པ་


CMR046_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སོད། །རྨོང་པོའི་བུ་བསད་སྟོང་ཡང་སོད། །རྐུན་བུའི་བུ་ཡི་སྲོག་ཀྱང་ཐོན། །ཕྱུག་པོའི་བུ་མོ་བག་ཀྱང་ཁུག །དེ་བས་ནས་འདི་མཁོ་ཞིང་གཅེས། །འབྲུ་འདི་དུས་གསུམ་རྒྱལ་བས་སྲུངས། །ནས་འདི་ཡི་དམ་ལྷ་ཡིས་སྲུངས། །ནས་འདི་དཔའ་བོ་མཁའ་འགྲོས་སྲུངས། །ནས་འདི་ཆོས་སྐྱོང་སྲུང་མས་སྲུངས། །ནས་འདི་ནོར་ལྷ་རྣམས་ཀྱིས་སྤེལ། །ནས་འདི་དཔལ་མགོན་རྣམས་ཀྱིས་སྐྱེད། །ཞིང་ལྷ་ཚངས་པ་ཞེས་ལྷ་རྒྱལ་མོ་དང་། །འབྲུ་ལྷ་གང་བཟང་ལ་སོགས་པའི། །ཡུལ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །ཕྱྭ་གཡང་རྟེན་འདི་འཁོར་བར་མཛོད། །ཉི་མ་དེ་རིང་ཕྱིན་ཆད་ནས། །བཙའ་སད་སེར་གསུམ་ལ་སོགས་པའི། །ཞིང་གི་ལོ་ནད་བཟློག་ཏུ་གསོལ། །ནས་ཀྱི་ནད་རྣམས་བཟློག་ཏུ་གསོལ། །འབྲུ་ཡི་བར་ཆད་བཟློག་ཏུ་གསོལ། །ལོ་ཡག་ལྗང་ལྡེམ་འབྲུ་འཕེལ་མཛོད། །གང་བ་བཟང་པོས་འབྲུ་རྣམས་སྤེལ། །ཞིང་ལྷ་ཚངས་པས་འབྲུ་རྣམས་སྤེལ། །ཞེས་ལྷ་རྒྱལ་མོས་འབྲུ་རྣམས་སྤེལ། །ཡུལ་ལྷ་རྣམས་ཀྱིས་འབྲུ་རྣམས་སྤེལ། །ཆར་ཆུ་དུས་སུ་འབབ་པར་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །


CMR046_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བསམ་དོན་རྣམས་འགྲུབ་པར་ཤོག །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཞིང་ལྷ་ཚངས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ས་ཡི་ལྷ་མོ་བརྟན་མ་དང་། ཞོས་ལྷ་རྒྱལ་མོ་དང་། ནོར་ལྷ་གང་བ་བཟང་པོ་དང་། རྒྱལ་ཆེན་སྡེ་བཞི་དང་། ས་བདག་ཡུལ་ལྷ་གཞི་བདག་རྣམས་ལ་དཀར་གཏོར་དང་ཇ་ཆང་ཕྱེ་མར་མཆོད་བསྟོད་སོགས་ཞིང་གི་དཀྱིལ་ནས་བྱེད། ཞིང་དཀྱིལ་ཞེས་རྡོ་བསྟོད། དེ་ནས་ཁུ་ཡེ་བཀྲ་ཤིས་སོགས་བྱའོ། །ཞེས་ཞིང་ལྷ་ཚངས་པ་ལ་བསང་མཆོད་འབུལ་བ་འགྲོ་རྣམས་རེ་འདོད་བསྐང་ཕྱིར་ཨ་རཱ་གས་སྨྲས་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད།next