Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད།next

ཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད།


CMR046_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད་བཞུགས་སོ།


CMR046_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ཞིང་ལྷ་བསྟོད་པའི་ཐབས་བསྟན་པ་ནི། ཞིང་ལྷའི་རྟེན་རྡོ་དཀར་པོ་གསུམ་ལ་ཤིང་སྣ་བལ་ཚོན་བྱ་སྤུས་བརྒྱན་པ་བཙུགས། ཕྱེ་རམ་འབྲུ་སྨན་དཀར་གསུམ་མངར་གསུམ་ཇ་ཆང་རྣམས་བསགས། ཞིང་རྡོ་ལ་མར་གྱིས་བརྒྱན། དཀར་གཏོར་དང་བཅས་པ་འབུལ། ཡུལ་ས་ལྷ་ཀླུ་གཉན་རྣམས་ལ་གསོལ་མཆོད་འབུལ། འགྲས་བསྡུམ་ལ་བསྟེན་ནས་འདི་བྱའོ། །ཀྱཻ། ཞིང་ལྷ་བསྟོད་པ་གར་སྲིད་ན། །གནམ་ཞོ་ས་སྨུག་བསྡེབས་པ་ལ། །གཡུ་སྒོང་སྔོན་པོ་གཅིག་ཏུ་སྲིད། །གཡུ་སྒོང་རྡོལ་པའི་ནང་ཤེད་ནས། །གཡུ་ནས་སྔོན་པོ་འབྲུ་བདུན་བྱུང་། །མཚོ་སྨན་རྒྱལ་མོ་དེཡི་གཟིགས། །དམུ་རྗེ་རྒྱལ་མོའི་སྙན་དུ་གསོལ། །


CMR046_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་རྗེ་རྒྱལ་མོ་བྱ་བ་དེས། །མཚོ་སྨན་རྒྱལ་མོ་ལ། །དམུ་ལུག་རིང་དུ་བྱས། །སྔོན་མོ་འབྲུ་བདུན་ལ། །རིན་ཆེན་གསེར་གྱིས་ཉོས། །དམུ་རྗེ་རྒྱལ་པོ་དེས། །ཁྱུང་དཀར་གཉའ་ཡ་སྡེབ། །དབྱར་གྱི་ཟླ་གསུམ་ལ། །དམུ་ཡུལ་ཞིང་དུ་རྨོས། །དམུ་སྨན་དར་མ་དེས། །གསེར་སྐྱེམས་གནམ་དུ་གཏོར། །སྨོན་ལམ་ཚིག་གསུམ་བཏབ། །གཉན་ཆེན་བསྡེ་བཞི་དང་། །ཀླུ་ཆེན་རིགས་ལྔ་དང་། །ཞིང་ལྷ་ཚངས་པ་ཁྱེད་གསུམ་གྱིས། །བདུད་རྩིའི་ཆར་ཕོབ་ལ། །འབྲས་དྲུག་སྨིན་པར་གྱིས། །དེ་སྐད་སྨོན་ལམ་བཏབ་པ་ལ། །གཉན་ཆེན་སྡེ་བཞི་


CMR046_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དམུ་ཞག་སྤྲིན་ཚོགས་བསྡུས། །ཀླུ་ཆེན་རིགས་ལྔ་ཡིས། །བདུད་རྩིའི་ཆར་པ་ཕབ། །ཞིང་ལྷ་ཚངས་པ་ཡིས། །དམུ་ཡུལ་སྲེགས་བྲག་དེར། །འབྲས་དྲུག་དུས་སུ་འཁྲུངས། །ལྗང་བུ་དེ་ནི་རལ་གྲི་ཙམ། །མྱུ་གུ་དེ་ནི་མདུང་ཤིང་ཙམ། །གྲ་མ་དེ་ནི་ལྕག་ཡུ་ཙམ། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །ཞིང་ལྷ་བསྟོད་པའི་ཡོན་ཏན་གྱིས། །བཙའ་སད་སེར་གསུམ་ལ་སོགས་དང་། །འབུ་སྲིན་སོགས་ཀྱི་གནོད་མི་སྲིད། །སྔོན་གྱི་དུས་ཀྱི་དཔེ་བཞིན་ལ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །རྣལ་འབྱོར་བདག་གི་སྨོན་ལམ་འདེབས། །གསེར་སྐྱེམས་ཕྱེ་རམ་གནམ་དུ་གཏོར། །གཉན་ཆེན་སྡེ་བཞིས་སྤྲིན་ཚོགས་བསྡུས། །ཀླུ་རིགས་ལྔ་ཡི་ཆར་ཆེན་ཕོབ། །ཞིང་ལྷ་ཚངས་པས་འབྲས་དྲུག་བསྐྱེད། །ལྗང་བུ་རལ་གྲི་ཙམ་དུ་ཤོག །སོག་ཡུ་མདུང་ཤིང་ཙམ་དུ་ཤོག །ནས་འབྲུ་ཁྱུང་སྒོང་ཙམ་དུ་ཤོག །གྲ་མ་ལྕག་ཡུ་ཙམ་དུ་ཤོག །འབུ་དང་སྲིན་གྱི་མ་ཟ་ཞིག །བཙའ་སད་སེར་གསུམ་མ་བཏང་ཞིག་།ཞིང་ལྷ་ཚངས་པའི་ངོ་སོ་བསྟོད། །ལོ་ཡག་ལྗང་བུ་འཁྲུང་དུ་གསོལ། །ལོ་ཡི་ཡག་ཁ་བདག་ལ་བསྟོད། །འབྲུ་ཡི་འཕེལ་ཁ་བདག་ལ་


CMR046_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཞིང་ལྷ་ཚངས་པ་འཁོར་བཅས་རྣམས། །ཞིང་རྡོ་འདི་ལ་སྐུ་རྟེན་མཛོད། །ཤིང་རྩི་བལ་གྱིས་བརྒྱན་པ་འདི། །ཁྱེད་ཀྱི་འདི་ལ་སྤྱན་གཟིགས་མཛོད། །ཞིང་དབུས་རྡོ་དཀར་བལ་ཚོན་གསུམ། །འདི་ཉིད་བརྟེན་པའི་གནས་མལ་མཛོད། །བདུད་རྩི་བསང་གི་མཆོད་པ་དང་། །ཕྱེ་རམ་འབྲུ་སྣ་དཀར་མངར་དང་། །ཤ་ཆང་ཇ་ཡི་མཆོད་པ་འདི། །ཞིང་ལྷ་ཚངས་པ་འཁོར་བཅས་དང་། །ས་བདག་ཀླུ་གཉན་འཁོར་བཅས་དང་། །ཡུལ་འདིའི་གཞི་བདག་ལ་སོགས་རྣམས། །མཆོད་པ་ཕུལ་བའི་་བྱིན་རླབས་ཀྱིས། །འབྲས་དྲུག་རྟག་ཏུ་ལེགས་པར་ཤོག །བཙའ་སད་སེར་གསུམ་མ་བཏང་ཞིག །འབུ་སྲིན་ཞིང་ནད་མ་བཏང་ཞིག །ས་ནག་བཞི་བཅུའི་ལོ་གཡང་ཕོབ། །རྒྱ་ཡི་ཡུལ་ནས་ཞིང་གཡང་ཕོབ། །བལ་པོའི་ཡུལ་ནས་ཞིང་གཡང་ཕོབ། །ཁ་ཆེའི་ཡུལ་ནས་ཞིང་གཡང་ཕོབ། །དམུ་ཡི་ཡུལ་ནས་གཡང་ཕོབ། །འབྲུ་གཅིག་འབྲུ་བརྒྱ་འཕེལ་བའི་གཡང་ཕོབ་ཅིག །བྲེ་གང་བྲེ་བརྒྱ་འཕེལ་བའི་གཡང་ཕོབ་ཅིག །ཁལ་གཅིག་ཁལ་བརྒྱ་འཕེལ་བའི་གཡང་ཕོབ་ཅིག །སྤེན་ནེ་རི་བཀྲའི་འབྲུ་འཕེལ་གཡང་། །ནས་ཞིང་


CMR046_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཡང་ཕོབ་ཅིག །བཀྲ་ཤིས་འབྲུ་འཕེལ་བརྟན་པ་ཐོབ་པར་ཤོག །ཅེས་བརྗོད་པར་བྱའོ། །དེ་ལ་རབ་ས་བདག་འཁྲུག་བཅོས། འབྲིང་སྣང་བརྒྱད། མཆོད་པ། གཏོར་མ་བརྒྱ་རྩ་སོགས་ལ་བརྟེན་པར་བྱའོ། །ཞེས་པ་འདི་མཚོ་སྨན་རྒྱལ་མོའི་ལུང་བསྟན་པའི་ཉེ་ས་ཨ་རཱ་གས་མཛད་པ་རྫོགས་སོ། །དགེའོ། །སརྦ་མངྒ་ལཾ།། ཤུ་བྷཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད།next