ཞིང་ལྷའི་བསང་མཆོད།
ཞིང་ལྷའི་བསང་མཆོད་བཞུགས་སོ།
ཀྱཻ། དེ་རིང་བཀྲ་ཤིས་ཡར་ཚེས་ལ། །གནམ་ལ་གཟའ་དང་སྐར་མ་བཟང་། །བར་ལ་དུས་ཚོད་དེ་རིང་དགེ །ས་ལ་ལོ་ལེགས་སྐྱ་ཡང་རྒྱས། །ལྷ་མིའི་བདེ་སྐྱིད་དཔལ་གཡང་འཛོམས། །ཕུན་སུམ་ཚོགས་པ་ལྔ་དང་ལྡན། །ལྔ་ལྡན་རྒྱལ་བའི་ཞིང་ཁམས་འདིར། །སེམས་དཔའ་ས་ཡི་སྙིང་པོ་དང་། །ལྷ་མོ་ཆེན་མོ་ནོར་རྒྱུན་མ། །དེ་ཝི་ཤི་གྲོགས་མོ་བརྒྱད། །ཞིང་ལྷ་ཚངས་པ་འཁོར་དང་བཅས། །དད་དང་དམ་ཚིག་དབང་གི་ནས། །གདུང་བས་འབོད་དོ་ད་ཚུར་བྱོན། །དྲི་ཞིམ་སྤོས་དཀར་དུད་པས་བསུ། །དུང་དང་གླིང་བུ་སྙན་པའི་དབྱངས། །
དར་དཀར་གཡབ་ཅིང་སྤྱན་འདྲེན་ནོ། །ཁྱེད་རྣམས་དགྱེས་པའི་མཆོད་པ་ནི། །སྨན་སྤོས་བཟང་ཤིང་སྣ་ཚོགས་དང་། །ཕྱེ་མར་འབྲུ་སྣ་ཇ་ཆང་སྐྱེམས། །དཀར་མངར་ཟས་སྣ་ཚོགས་པའི་ཕུད། །དག་བྱེད་ཞུགས་ལ་ཕུལ་བ་ཡིས། །བསང་གི་དུད་པ་སྤྲིན་ལྟར་གཏིབས། །འབྲུ་གསུམ་སྔགས་དང་ཏིང་འཛིན་གྱིས། །བྱིན་རླབས་ལྷ་ལ་ཁྱོན་འགེངས་པའི། །དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་དུ་འབེབས། །དེ་འདྲའི་ཡ་མཚན་བསང་མཆོད་འདིས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ། །
རིན་ཆེན་མེ་ཏོག་ཡོན་ཏན་བསང་། །ལོ་ལེགས་འབྲུ་རྣམས་འཕེལ་མཛད་པ། །སེམས་དཔའ་ས་ཡི་སྙིང་པོ་བསང་། །བྱང་ཆུབ་སེམས་མ་ཐུགས་རྗེ་ལྡན། །དཔལ་གྱི་ལྷ་མོ་ཆེན་མོ་བསང་། །མཚན་ཙམ་ཐོས་པས་ལོ་ལེགས་ནུས། །བཅུ་གཉིས་མཚན་ལྡན་ལྷ་མོ་བསང་། །ནོར་གྱི་རྒྱུན་མ་ཟླ་ཤེལ་མ། །སྦྱིན་བྱེད་རབ་ཏུ་སྦྱིན་མ་བསང་། །འཕགས་མ་སྦས་མ་རབ་བཟང་མ། །དབྱངས་ཅན་ལ་སོགས་འཁོར་བཅས་བསང་། །འགྲོ་ཀུན་དབུལ་སེལ་ཡིད་བཞིན་ནོར། །ཞིང་ལྷ་ཚངས་པ་ཆེན་པོ་བསང་། །བཀྲ་ཤིས་དངོས་གྲུབ་གཡང་གི་བདག །ཚངས་སྲས་ལོ་ཡག་འཁྱིལ་བ་བསང་། །དཔལ་དང་འབྱོར་པ་འཕེལ་མཛད་པའི། །བདེ་ཆེན་དབང་གི་ལྷ་མོ་བསང་། །ས་བརྒྱད་སེམས་དཔའ་གཏེར་གྱི་བདག །རྒྱལ་ཆེན་རྣམ་མང་ཐོས་སྲས་བསང་། །འབྲས་དྲུག་བང་མཛོད་གཏེར་ལ་སྤྱོད། །གནོད་སྦྱིན་ཨ་པར་ཙིཏྟ་བསང་། །རི་རབ་གསེར་གྱི་རི་བདུན་ནས། །ཤྲཱི་བྷ་དྲ་སྲས་བཅས་བསང་། །འོག་གཞི་ས་ཡི་དཀྱིལ་འཁོར་ནས། །དབང་མཛད་ལྷ་མོ་བརྒྱད་རྣམས་བསང་། །སྟོང་གསུམ་ས་ལ་དབང་བསྒྱུར་བའི། །ལྟོ་འཕྱེ་ཀླུ་བརྒྱད་
འཁོར་བཅས་བསང་། །འབྱུང་བ་གཅིག་གྲོགས་གཅིག་གིས་བྱེད། །ས་ཆུ་མེ་རླུང་ལྷ་མོ་བསང་། །ཞིང་ལྷ་གཉེན་མཆེད་ཕ་ཝང་དང་། །ས་ལྷ་མེ་སྟག་དམར་པོ་བསང་། །ཀྱཻ། ཡང་གཅིག་བསང་བའི་མཆོད་པ་ནི། །དགོང་སྔོན་དབྱིངས་ཀྱི་མཁའ་ཀློང་ནས། །སྦྲང་ཆར་འབེབས་མཛད་ཕ་ལྷ་བསང་། །དོག་མོ་ས་གཞི་འགྱུར་མེད་ནས། །ལོ་ཐོག་སྐྱེད་བྱེད་མ་ལྷ་བསང་། །བར་དུ་འབྲུ་དྲུག་མྱུ་གུ་འཁྲུངས། །འཛམ་གླིང་སྲོག་བཟུང་བུ་ལྷ་བསང་། །དབྱིབས་ལེགས་ངུལ་མའི་ཞིང་ས་ལ། །སྣུམ་བཅུད་རྒྱས་པའི་ལུད་ལྷ་བསང་། །རྩལ་ལྡན་སྐྱེས་བུས་ས་བོན་བཏབ། །རྒྱུ་རྐྱེན་འབྲུ་ཡི་ལྷ་རྣམས་བསང་། །རྨོས་ཁལ་རོག་པོ་དར་སྣས་བརྒྱན། །ནོར་ལྷ་རྨ་གཡང་འཁོར་བཅས་བསང་། །གསེར་གྱི་གཉའ་ཤིང་རིན་ཆེན་ལ། །བཀྲ་ཤིས་གཡང་འཁྱིལ་ལྷ་ཚོགས་བསང་། །དཔལ་བསམ་ལྗོན་པའི་ཐོང་གཤོལ་ལ། །མྱུར་མགྱོགས་ཅན་གྱི་ལྷ་རྣམས་བསང་། །གནམ་ལྕགས་ངར་མའི་ཐོང་སོ་ལ། །ས་དགྲ་འདུལ་བའི་ལྷ་ཚོགས་བསང་། །རྨོས་པ་སྐྱེས་བུ་ཐབས་ལྡན་ལ། །དཔའ་རྩལ་ཅན་གྱི་དགྲ་བླ་བསང་། །སྣ་ཁྲིད་
ཤེས་རབ་འོད་གསལ་ལ། །མ་ནོར་ལམ་སྟོན་ལྷ་རྣམས་བསང་། །ཡུལ་ལ་བཀྲ་ཤིས་བདེ་སྐྱིད་འཕེལ། །ཕུན་སུམ་ཚོགས་པའི་གཡང་ལྷ་བསང་། །གཞན་ཡང་ཁྱིམ་ལྷ་གེ་ཐུང་དང་། །སྲོག་ལྷ་མཁར་གྱི་རྩེ་འཛིན་ལྷ། །འགོ་ཞིང་སྡོང་གྲོགས་བྱེད་རྣམས་བསང་། །ཀྱཻ། འཛམ་གླིང་འཇིག་རྟེན་བོད་ཁམས་འདིར། །ལོངས་སྤྱོད་དངོས་གྲུབ་གཡང་གི་མཛོད། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །གཟི་བརྗིད་བཀོད་པ་ཆེན་པོ་བསང་། །རིན་ཆེན་གདུགས་ལྟར་རྒྱལ་བ་དང་། །མ་དྲོས་སྔགས་ཀྱི་བདག་པོ་བསང་། །མཁར་ནག་མི་མགོན་ཀླུ་ཆེན་བརྒྱད། །རིགས་ལྔའི་ཀླུ་གཉན་ཐམས་ཅད་བསང་། །སྤྲིན་བདག་ཆར་ལ་མངའ་མཛད་པའི། །ཀླུ་མོ་རྗེ་འབངས་བཅས་པ་བསང་། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་དང་། །ཡུལ་ཕྱོགས་འདིར་གནས་གཞི་བདག་བསང་། །དབྱི་དོ་གདོང་ར་རྫ་ནག་སོགས། །དམ་ཚིག་ལྡན་པའི་དགེ་བསྙེན་བསང་། །ཡེ་ཤེས་པ་དང་འཇིག་རྟེན་གྱི། །མགྲོན་རྣམས་མ་ལུས་ཐམས་ཅད་ཀུན། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་དང་འགྲོ་ལ་བརྩེར་དགོངས་ནས། །ཚད་མེད་ཐུགས་རྗེའི་མྱུར་གཟིགས་ཏེ། །
ནད་དང་དབུལ་ཕོངས་བཀྲེས་སྐོམ་དང་། །འཇིགས་པ་ཀུན་ལས་སྐྱབས་མཛད་གསོལ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་བཅུད་འབྲུ་གཡང་འདིར་བསྡུས་ལ། །ལོ་ལེགས་སྐྱ་རྒྱས་དངོས་གྲུབ་སྩོལ། །དེ་ལ་བར་དུ་གཅོད་པའི་བགེགས། །སད་སེར་བཙའ་ཐན་འབུ་སྲིན་སོགས། །མཐུ་སྟོབས་ནུས་པའི་གཟི་བྱིན་གྱིས། །རྨིང་མེད་གཞོམ་པར་མཛད་དུ་གསོལ། །སྣོད་བཅུད་དཔལ་འབྱོར་ཕྱུ་དང་གཡང་། །ཐམས་ཅད་དེང་འདིར་འགུགས་ཤིང་ལེན། །བཀྲ་ཤིས་བདེ་སྐྱིད་འཛིན་མའི་ཁྱོན། །ཡོངས་སུ་གང་བའི་ཤིས་པ་སྩོལ། །ལྷ་རྒྱལ་ལོ། །གཡང་ཕྱུག་གོ །འབྲུ་འཕེལ་ལོ། །ཞེས་བརྗོད་རོལ་ཆེན་བྱ། མེ་ཏོག་འཐོར། སརྦ་མངྒ་ལཾ། ཞེས་སྔགས་འཆང་རཱ་ག་ཨ་སྱས་བྲིས་དགེ་ལེགས་འཕེལ། འབྲུ་ནོར་ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཤོག །དགེའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།