Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེར་སྲུང་བྱུང་ཁུངས་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེར་སྲུང་བྱུང་ཁུངས་ལོ་རྒྱུས།next

སེར་སྲུང་བྱུང་ཁུངས་ལོ་རྒྱུས།


CMR046_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་དྷ་ཡེ༔ པད་འབྱུང་རྩ་བ་གསུམ་ལ་ཕྱག་འཚལ་ནས༔ སེར་སྲུང་བྱུང་ཁུངས་ལོ་རྒྱུས་ཟུར་ཙམ་བརྗོད༔ དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་རྩ་ནི༔ འཇིག་རྟེན་པ་རྣམས་བདེ་ཞིང་སྐྱིད་པ་དང་༔ ཕུགས་ལ་ཕན་པའི་ཐབས་ཁོ་ན་ཡིན༔ དེ་ལ་འཇིག་རྟེན་བདེ་སྐྱིད་ཀྱི་རྩ་བ་ལོ་ལེགས་པ་ལ་རགས་ལས་པའི་ཕྱིར༔ ལོ་ལ་ཕན་བྱེད་ཀྱི་ལས་ཚོགས་བདུན་གསུངས་ཏེ༔ ཆར་འབོད་དང་༔ སེར་སྲུང་དང་༔ སད་སྲུང་དང་༔ བཙའ་སྲུང་དང༔ འབུ་སྲུང་དང་༔ ཆར་ལ་གནོད་པའི་རླུང་ནོན་དང་༔ ཆར་ཆེ་དྲག་ན་གནོད་པས་བཀག་པ་དང་༔ བདུན་པོ་འདི་ལོ་ལ་ཕན་པའི་ལས་ཚོགས་བདུན་ཡིན་ཏེ༔ འདི་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ཅི་རིགས་པ་ཚང་མ་དང་འཐོར་བུ་དུ་མ་ནས་འབྱུང་ངོ་༔ ཁྱད་པར་དུ་ཡང་རྟ་མཆོག་རོལ་པའི་རྒྱུད་ལས༔ སེར་བའི་གུར་ཁང་གི་མན་ངག་གསུངས༔ བླ་མ་དགོངས་འདུས་ལས༔ སེར་གཅོད་མེའི་པཱ་ཏྲ་གསུམ༔ པདྨ་གླིང་པའི་འགུ་དྲག་ནས་ཆུ་འཁྱག་སེར་བ་སྲུང་བའི་ལས་མཐའ༔ རིན་ཆེན་གླིང་པའི་གུ་དྲག་ལས༔ སེར་སྲུང་རིགས་གཉིས༔ དེ་སོགས་གུ་དྲག་ལས་ཚོགས་དུ་མ་ནས་


CMR046_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས༔ རྟ་མགྲིན་ལྕགས་རལ་ལས་ཚོགས་ནས༔ ཤིང་གི་རལ་གྲི་དང་སྡེ་བརྒྱད་རྡེབ་འཁོར་གསུངས༔ ཕྱག་བཞི་པའི་ལས་ཚོགས་ལས་མཆོག་ཕུར་པ་ལ་བརྟེན་ནས་སེར་སྲུང་གསུངས༔ ཁྲོ་བོ་རྡོ་རྗེ་མཆུའི་སེར་སྲུང་༔ གཤིན་རྗེ་ཁྲོ་ཆུའི་གདོང་ཟློག༔ དེ་བཞིན་དུ་ཕྱག་དྲུག་པའི་ལས་ཚོགས་སེར་སྲུང་སྟེ༔ ལྷ་ཁྲོ་བོ་ཕལ་ཆེར་ལ་སེར་སྲུང་རེ་རེ་ཡོད༔ སྤྱིའི་ལས་ཚོགས་རྔ་དང་རོལ་མོས་སེར་བ་གཅོད་པ་དང་༔ ཐུན་ཟོར་གཏོར་མ་གདོང་བཟློག་དང་༔ བསང་དང་མཆོད་པས་བཀའ་བསྒོ་བ་དང་༔ བསྲུང་བའི་འཁོར་ལོ་བསྒོམས་པས་སེར་བ་བསྲུང་བ་དེ་རྣམས་སྤྱིའི་ལས་ཚོགས་ཡིན༔ དེ་རྣམས་བྱེད་པ་ལ་རབ་ལྷ་སོ་སོའི་བསྙེན་སྒྲུབ་དུས་དང་༔ གྲངས་དང་རྟགས་སུ་ཐོན་པ་གཅིག་དགོས༔ དེ་ལྟ་བུའི་སྔགས་པས་དེ་ཚོ་གང་གི་སྒོ་ནས་བྱས་ཀྱང་ཟབ༔ བསྙེན་སྒྲུབ་མ་ཐེམས་པས་དེ་ཚོ་བྱས་ཀྱང་ཐུབ་པར་མ་བཤད་དོ༔ དེ་ནི་སྤྱིར་ཡིན་ལ༔ བྱེ་བྲག་དམིགས་པ་གསལ་བ་ཁྲོ་བོ་རྨེ་བརྩེགས་ཀྱི་སྒོ་ནས་སེར་བའི་གདོང་བཟློག་གསུངས་པ་ལྟ་བུ་ནི་བསྙེན་པ་མ་ཐོན་ཀྱང་ཐུབ་སྟེ༔ སྨེ་བརྩེགས་འདི་ཡི་ལས་ཚོགས་སུམ་ཅུ་ཐམས་ཅད་བསྙེན་སྒྲུབ་མ་ཐོན་ཀྱང་རུང་བར་གསུངས་པའི་ཕྱིར་རོ༔ དེ་


CMR046_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེར་བའི་སྲི་མ་ཞུགས་གནམ་ངོ་འཇམ་ན་མན་ངག་རེ་རེས་ཆོག༔ སྲི་ཞུགས་ན་སེར་ལམ་གཅོད་དགོས་པས༔ སེར་ལམ་གཅོད་ཐབས་རྒྱས་པ་ཕྱོགས་བཅུའི་སེར་ལམ་གཅོད་ཐབས་དགོངས་འདུས་ལུགས་དང་༔ སེར་ལམ་གཅོད་ཐབས་བསྡུས་པ་ཕྱོགས་བཞིའི་སེར་ལམ་གཅོད་ཐབས་ཕྱག་ན་རྡོ་རྗེ་གཏུམ་པོའི་ལུགས་གཉིས་ཡོད༔ སེར་གཏའ་བཀྲམ་པ་ཞེས་སེར་ཐོ་བཙུགས་པ་ནི་ཐམས་ཅད་ལ་ཡོད༔ སེར་ལམ་གཅོད་དུས་སྐྱེས་པ་ཐམས་ཅད་གོ་ཆ་བྱས༔ ལ་ལས་སྤོ་ཏི་ཁུར༔ གཏོར་མ་མཆོད་པ་དང་བཅས༔ སྔགས་པས་ཞིང་ཐམས་ཅད་བསྐོར་ནས་ཕྱོགས་བཅུར་གསེར་སྐྱེམས་གཏོར༔ གཏོར་མ་འབུལ༔ ཐོ་བཙུགས་ཕུར་པ་ཚ་ཚ་ཤོག་དྲིལ་བཅས་པ་སྦས༔ ཁྲོ་བཅུ་བསྐྱེད་རབ་གནས་བཀྲ་ཤིས་བྱ་སྟེ༔ དབུས་སུ་ལོགས་ལ་འོང་ཟེར་བས༔ སེར་ལམ་བཅད་པའི་མིང་ལ་འོང་སྐོར་ཞེས་གྲགས་སོ༔ ལོ་གླུད་ལ་གཉིས༔ གཟའ་ལ་ལོ་གླུད་བཏང་དང་༔ སྡེ་བརྒྱད་ཡུལ་ལྷ་ལ་བཏང་བ་ཀླུ་གཉིས༔ ལོ་བསང་དང་བཀའ་བསྒོ་བྱ་བའོ༔ དེ་ནས་རྒྱུན་དུ་གཏོར་མ་དང་ཟོར་བཅའ་བ༔ སེར་སྲུང་གི་དཀྱིལ་འཁོར་བཞེངས་ཏེ༔ སྒྲུབ་པ་དང་མཚམས་བྱེད་པ༔ བླ་མ་ཡི་དམ་


CMR046_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་གདབ་པ༔ ཆོས་སྐྱོང་སྲུང་མ་ལ་ཕྲིན་ལས་བཅོལ་བ༔ ཡུལ་ལྷ་སྡེ་བརྒྱད་སྡོང་གྲོགས་བཅོལ་བ༔ ནངས་སྔ་སེར་སྤྲིན་བརྟག་པ༔ སྤྲིན་མགོ་གནོན་པ༔ ནམ་མཁའ་བྱིན་གྱིས་རླབས་པ༔ ཞི་བའི་ཆོས་བཤད་པ༔ བྱམས་དང་སྙིང་རྗེ་བསྒོམ་པ༔ དགོང་མོ་སེར་སྤྲིན་གཏོར་བ༔ གཏོར་མ་ཐུབ་ན་ཆུར་བཞུ་བ༔ ཐོག་རྟགས་བྱུང་ན་མགར་ཚང་གཏོར་བ༔ གལ་ཏེ་སེར་བ་བྱུང་ན་གདོང་ནས་བཟློག་པ༔ ཞུད་མ་ཐུབ་ན་སེར་ལམ་སྟོན་པ༔ སེར་ལམ་བསྟན་ཡང་མ་སོང་ན༔ གཏོར་ཟོར་བརྡེག་པ༔ དེས་མ་ཐུབ་དཀའ་ན་སྡེ་བརྒྱད་གནད་འཁོར་བརྡབས་ནས་གནད་ལ་ཕབ་པ༔ དེ་རྣམས་ཤེས་ཤིང་གཞུང་བཞིན་བྱས་ན་སེར་བ་ངེས་པ་ཐུབ་པ་ཡིན༔ དེ་ཡང་སྡེ་བརྒྱད་རེ་རེའི་སེར་བ་བཟློག་ན༔ སྡེ་བརྒྱད་གོང་འགྲིག་ན་བཟློག་དཀའ་བར་བཤད༔ སེར་བ་ཕབ་སེར་ཡིན་ན་སེར་བ་འབེབས་མཁན་གྱིས་ངག་མནན་པ་སོགས་དཀའ་ཚེགས་ཆེན་པོ་དགོས༔ ཤིན་ཏུ་ནུས་ལྡན་རྣལ་འབྱོར་པས་ཡུལ་དེའི་ལྷ་འདྲེ་ལ་བཀའ་བསྒོས་པས་ཀྱང་ཐུབ་པ་ཡིན་ཏེ༔ དེ་ལྟ་བུའི་སྔགས་པ་དེང་སང་དཀོན༔ དེ་ཐམས་ཅད་ལྷའི་ལས་ཚོགས་ཀྱི་སྒོ་ནས་སེར་བ་བསྲུང་ཐབས་ཡིན་ནོ༔ དེ་ནས་


CMR046_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་ལས་ཚོགས་མ་ཡིན༔ བསྙེན་སྒྲུབ་ཐོན་མ་ཐོན་ལ་མ་ལྟོས་པར་མན་ངག་ཟབ་མོའི་སྒོ་ནས་སེར་བ་སྲུང་ཐབས་ལ་གཉིས་ཏེ། ནང་པ་སངས་རྒྱས་པའི་ལུགས་དང་༔ ཕྱི་པ་མུ་སྟེགས་པའི་ལུགས་གཉིས་སོ༔ དེ་ལ་དང་པོ་དྲག་ཆེ་བའི་བལ་པོ་རྡོ་འཁོར༔ བེར་རྒ་ཡན་ཐུབ༔ ཚ་ཚ་ཡན་ཐུབ༔ རུ་སྦལ་ཡན་ཐུབ༔ དེ་རྣམས་ནང་པའི་ལུགས་ཡིན༔ ཕྱི་པའི་ལུགས་ལ་ཡང་བེ་རྒ་ཡན་ཐུབ༔ མུ་སྟེགས་བྲ་བ་མདུང་ཁུར༔ ཚ་ཚ་ཡན་ཐུབ་སོགས་མང་དུ་ཡོད་སྐད་དོ༔ དེ་ལ་རྡོ་འཁོར་ནི་ཨ་ཙ་ར་དམར་པོའི་ལུགས་ཡིན་ཏེ༔ ཁོང་པཎྜི་ཏ་མཁས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པས་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ཐུབ་པ་གཅིག་ཡིན་ཅིང་༔ ཏི་པུ་གསང་སྔགས་སྡོང་པོའི་ཡབ་དེ་ཡིན་སྐད་དོ༔ དེ་བོད་དུ་ལན་གསུམ་བྱོན་པས༔ དང་པོ་ལ་ལོ་ཆེན་རིན་ཆེན་བཟང་པོས་བསྙེན་བཀུར་བྱས་ནས༔ ཀུན་རིག་སོགས་ཡོ་གའི་ཆོས་མང་པོ་བསྒྱུར་བས༔ མཚན་པཎྜི་ཏ་ཤ་དྷ་ཀ་ར་ཞེས་གྲགས་སོ༔ རྒྱབ་ལྷེ་རེས་བོད་དུ་བྱོན་པས་འབྲོག་མི་ལོཙྪ་བས་བསྙེན་བཀུར་བཟང་པོ་བྱས་དགྱེས་རྡོར་གྱི་སྐོར་མང་པོ་དང་༔ བདེ་མཆོག་ར་ལི་ཉེར་བཞི། ལམ་འབྲས་ལུགས་གཉིས་ཡོངས་སུ་རྫོགས་པར་


CMR046_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཏེ༔ མཚན་པཎྜི་ཏ་གྷ་ཡ་དྷ་ར་ཞེས་གྲགས་སོ༔ བར་རེས་ཇོ་བོ་རྗེ་དང་དུས་མཉམ་ཙམ་བོད་དུ་ཕེབས་ཆགས་ལམ་ཁོ་ན་ཤས་ཆེར་གསུངས་པས་བོད་དུ་སེར་ཁྱིམ་པའི་སྲོལ་འཇག་པ་དེ་ལ་ཨ་ཙ་ར་དམར་པོའི་ཆོས་ལོག་ཅེས་གྲགས༔ ཇོ་བོ་རྗེ་སོགས་བཀའ་གདམས་པ་རྣམས་ཀྱིས་བཀག་པ་ཡང་མཛད༔ ལྷ་མོ་དམག་ཟོར་མ་ཆོས་སྐྱོང་བེག་རྩེ་སོགས་དྲག་སྔགས་མང་དུ་བསྒྱུར༔ སྟོད་ལུང་དང་འཕན་ཡུལ་ཕྱོགས་སུ་མཐུ་གླ་བླངས་ནས་གསེར་སྲང་སུམ་བརྒྱ་ཙམ་རྙེད༔ མཚན་ཨ་ཙ་ར་དམར་པོ་ཞེས་གྲགས་ཏེ༔ གཙོ་ཆེར་གདམས་ངག་ངན་སྔགས་ཁོ་བློན་སྤེལ༔ དེའི་དུས་ཁོང་མཐུ་གླ་ལེན་ཕྱིར་བརྫུས་ནས་གར་ཡང་ཕེབས་པ་ལ༔ ཉང་སྟོད་དུ་བཞུགས་དུས་བསྙུང་ནས་ཤི་ལ་ཐུག་གཞན་ཡུལ་དུ་བསྐོར་མ་ནུས་རོག་ཀྱང་མེད་ཉམས་ཐག་པ་བྱུང་དུས༔ ཉང་སྟོད་ཡེ་ཤེས་འབར་ཞེས་བྱ་བ་སྨན་ཡང་ཤེས་པས༔ ཨ་ཙ་ར་བདག་མེད་སྙིང་རྗེ་བསམས་ནས་སྨན་དང་ནད་གཡོག་ཐམས་ཅད་བྱས་པས༔ ནད་ཕལ་ཆེར་ཕན་ནས༔ ཨ་ཙ་ར་ཁྱོད་སྤྱོད་ལམ་གཟོབ་དང་ངས་ནད་གཡོག་གཅིག་བཞག་སྨྲས་ནས་ཁོང་རང་གི་བུ་མོ་བརྒྱག་དང་བཅས་པ་བཞག་པས༔ ཁྱེད་གར་འབྱོན་ཟེར༔ ང་སེར་བ་བསྲུང་བ་ལ་


CMR046_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བྱས་པ༔ ཁྱོས་སེར་བ་ཅི་ཚུགས་བསྲུང་ཟེར༔ ངས་སེར་བ་མུ་སྟེགས་ཐག་ལེན་གྱི་སྒོ་ནས་བསྡུསང་བྱས་པས༔ ཨ་ཙ་ར་ན་རེ༔ ཁྱོས་ང་ཡི་སྲོག་བསླུས་པ་ཡིན༔ གཞན་སུ་ཡང་ཁོ་བོ་ལ་འཁོར་མི་མ་བྱུང་༔ ཁྱོས་ང་ཡི་གཡོག་བྱས་པས་ཐུགས་ལ་བཏགས༔ མུ་སྟེགས་ཀྱི་སེར་བསྲུང་འདི་ཕྱི་མ་ངན་པ་ཡིན་པས༔ ད་ལྟ་ཡང་བྱར་མི་གཏུབ་པ་ཡིན༔ ང་ཡི་འདི་ཟབ་ཆེས་པས་དེ་སྔ་སུ་ལ་ཡང་མ་བསྟན་པ་ཡིན༔ རྒྱ་གར་དུ་ཡང་འདི་ཐོགས་པ་མེད་པས་དཀོན༔ ངས་སེར་བསྲུང་ཟབ་མོ་འདི་ཁྱོད་ལ་འབུལ་ཟེར་ནས་ཡེ་ཤེས་འབར་ལ་གནང་༔ འོ་ན་གདམས་ངག་གཡོ་ཕྲི་མེད་པ་གཅིག་ཐུགས་ལ་ཐོག་བྱས་ཙ། གདམས་ངག་འདི་འདྲ་དཀོན་པ་ཡིན༔ སེར་སྲུང་འདི་ལ་བསྙེན་པ་ནི་མི་དགོས༔ གོང་བསྙེན་ལ་སོགས་ཅི་ཡང་མི་དགོས༔ གདོང་ཟློག་བྱེད་ཆོག༔ གཤིན་རྗེ་ཚེ་བདག་ཟླ་གསང་ནག་པོའི་སྲོག་སྙིང་ཡིན༔ སྔགས་འདི་སྐད་ཐོས་པས་ཆོག༔ ཤིན་ཏུ་ཟབ་པས་གབ་པར་བྱ༔ བཟླས་པ་བག་རེ་སོང་ན་ལྷ་འདྲེ་གཉེན་དགུ་ཐམས་ཅད་བརྒྱལ་བར་འགྱུར་ཏེ་ཐེ་ཚོམ་མེད༔ ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བཟླ༔ བཟླ་དགོས་བྱུང་དུས་སྐད་ཆུང་ཆུང་བཟླས༔


CMR046_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་འདྲེ་རྒོད་འདུལ་བ་ལ་ཡང་འདིས་ཆོག༔ འདི་ཟབ་ཆེ་བས་སུ་ལ་ཡང་མི་སྟོན་པ་གལ་ཆེ༔ འདི་ལྷ་འདྲེ་ཐམས་ཅད་ཀྱི་ཁ་ཆིངས་ཡིན་པས་ནན་ལྟར་གཉན་པར་འདུག༔ མ་བསྟན་ཁ་ཐཾ་ཁ་ཐཾ༔ ངས་ཁྱེད་ལ་འབུལ་བའི་གདམས་ངག་འདི་ལས་ཟབ་པ་དང་བཟང་བ་ཡོད་རེ༔ འདི་ལྷག་ཆད་ཡོད་རེ་མནའ་དང་བཅས་པ་གནང་༔ དེ་ནས་ཡེ་ཤེས་འབར་གྱིས་ཡུལ་ཁ་བཞི་བསྲུང་བ་ལ་སེར་བ་ལོ་ཐོག་ལ་མི་འབབ་པ་བྱུང་༔ ཉང་སྟོད་ཕུག་ཆུང་སྔར་ཐུབ་པའི་སྟེང་དུ་ལོ་གཅིག་སེར་བ་ཐལ་ཙམ་ཡང་མ་བྱུང་༔ ཕྱིར་ལོ་སེར་བས་ལོ་བརྡུང་༔ དེ་ཅི་ཡིན་བསམ་ནས་རྡོ་འཁོར་ཉུལ་བ་ལ་སོང་བྲག་ཕུག་སྡིབ་ནས་རྡོ་འཁོར་ཕྱེ་མར་ཆག་ནས་འདུག༔ དེ་རྣམས་བསྡུས་ནས་ཁྱིམ་དུ་སོང་སྟེ༔ ལ་ཆས་སྦྱར་ནས་རབ་གནས་བྱས༔ སེར་བ་འོང་བའི་ཤུལ་བསྐྱལ་ནས་བཞག་པས༔ དེ་ལོ་ལྔ་རེད་པ་ལ་སེར་བ་མ་བྱུང་༔ དེ་ཡང་གསུངས་ཐོག་ལས་མ་འདབ་གསུངས༔ ཡེ་ཤེས་འབར་གྱིས་སྟོན་པ་མང་ཚང་ལེགས་རྡོར་ལ་གནང་༔ དེས་སྨོན་ལམ་བྱང་ཆུབ་ལ༔ དེས་བྱང་རྡོ་ལ༔ དེས་རྒྱ་སྟོན་ལ༔ དེས་དབང་མགོན་ལ༔ དེས་དཔལ་གྱི་སེང་གེ་ལ༔ དེས་མི་གནས་རྡོ་རྗེ་སེང་གེ་ལ༔ དེས་བྷཻཾ་ཆེན་


CMR046_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་ལ༔ དེས་འོད་ཟེར་དཔལ་ལ༔ དེས་ལྷ་བཟོ་ཐར་པ་ལ་ཞལ་གདམས་དང་བཅས་པ་གནང་སྟེ༔ བརྒྱུད་པ་དེ་རྣམས་ཀྱང་སེར་བ་ཐུབ་པས་ཡིད་ཆེས་པར་བྱུང་སྐད་དོ༔ དེ་ནས་རིམ་པར་བརྒྱུད་དེ༔ བལ་པོ་རྡོ་འཁོར་ཞེས་བོད་གངས་ཆེན་གྱི་སྔགས་པ་རྣམས་ལ་ཉི་ཟླ་ལྟར་ཟབ་པ་འདི་ཡིན་ནོ༔ དེ་ནི་རྡོ་འཁོར་ལོ་རྒྱུས་སོ༔ ཡང་ནང་པའི་ལུགས་ཀྱི་བེ་རྒ་ཡན་ཐུབ་ལོ་རྒྱུས་ནི༔ སེར་སྲུང་དྲག་པོའི་སྔགས་རྒོད་འདི༔ རྒྱ་གར་ཡུལ་ན་བྲག་གཅིག་ལ་རང་བྱོན་ཡོད་པས༔ ཡུལ་དེར་སེར་བསྲུང་མ་དགོས་པ་ཡིན་སྐད༔ དེ་ལ་དཔེ་བཅད་ནས་ལ་སྟོད་དུ་གདན་དྲངས་ནས་བྱོན་ཏེ༔ ལྷ་གང་གི་དབུ་རྩེ་ལ་ཤིང་བེར་རྒ་ལ་ཤིང་བྱང་བྲིས་ནས་བཏགས་པས་ལོ་གསུམ་སྲུང་མ་དགོས་སོ༔ དེར་བཙུགས་པ་རྣམས་ན་རེ༔ བྱང་བུའི་ཡོན་ཏན་མིན་ཟེར་ནས་སེར་གླ་སྟེར་མ་ཉན༔ དེས་བྱང་བཀྲ་བས་སེར་བ་ཕབས་སོ༔ ཡང་བྱང་བུ་བཏགས་པས་སེར་བ་ཐུབ་སྐད༔ དེ་ནས་ཟབ་པའི་སྒྲ་སྐད་ཐོས་ནས་མན་ངག་བསླབས་པའི་ཡོན་ལ་རྟ་རེ་འབུལ་དགོས་པ་བྱུང་བས༔ སྦ་སྟོན་དར་མ་མགོན་པོའི་རྟ་རིན་མ་ཞེས་གྲགས་སོ༔ དེ་ནས་བཀའ་གདམས་པའི་དགེ་བཤེས་འཆད་ཁ་བ་ལ་


CMR046_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ༔ འདི་ཡི་ཤིང་རིས་རེ་རེས་རྟ་རེ་ཁུག་པ་བྱུང་ནས༔ དགེ་བཤེས་འཆད་པའི་ཞལ་གདམས་བྱང་བུ་རྟ་ཁུག་མ་ཞེས་གྲགས་སོ༔ བེར་རྒ་ཡན་ཐུབ་མ་ཞེས་ཀྱང་བྱ་སྟེ༔ འདི་བཙུགས་པ་ཁོ་ནས་ཆོག་པ་ཡིན་པར་གྲགས་སོ༔ ཨོཾ༔ རུས་སྦལ་ཡན་ཐུབ་ལོ་རྒྱུས་ནི༔ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ༔ རྒྱ་གར་དུ་བྱོན་ནས༔ མཁའ་འགྲོ་ནི་གུ་མ་ལ༔ ནི་གུ་ཆོས་དྲུག་ཞུས༔ གཞན་ཡང་པཎྜི་ཏ་དང་གྲུབ་ཐོབ་མང་པོ་ལ༔ ཆོས་དང་གདམས་ངག་མང་དུ་ཞུས༔ ཁྱད་པར་དུ་བླ་མ་མེ་ཏྲི་པ་ལ་མགོན་པོ་ཕྱག་དྲུག་སྐོར་ཐམས་ཅད་ཞུས་ཤིང་གསེར་སྲང་ལྔ་བརྒྱ་ཕུལ་དུས༔ མགོན་པོའི་འཁོར་ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་ལས་ཚོགས་མང་དུ་གནང་བའི་ནང་ནས༔ བསྙེན་སྒྲུབ་གང་བསྙེན་ལ་མ་ལྟོས་པའི༔ རུས་སྦལ་ཡན་ཐུབ་པ་འདི་གནང་སྟེ༔ འདི་ཤིན་ཏུ་ཟབ་པས་སེར་སྲུང་གཞན་གྱིས་མ་ཐུབ་པ་ལ༔ སྔགས་གཅིག་སྦལ་པ་བཞག་པས་ཐུབ་ཟེར་བ་ཐོས༔ འདི་སྔགས་གྲངས་ཐེམས་ནས་རང་མ་བསྡད་ཀྱང་སྦལ་པས་ཐུབ་པས་ཡན་ཐུབ་ཡིན༔ གདོང་བཟློག་ལ་སྦལ་པ་གཡུགས་པས་ཆོག༔ བླ་མ་ཤངས་པའི་སེར་སྲུང་སྦལ་པ་ཡན་ཐུབ་ཅེས་གྲགས་སོ༔ ཨོཾ༔ ཚ་ཚ་ཡན་ཐུབ་ནང་པའི་


CMR046_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི༔ ཚ་ཚའི་ནང་དུ་ཤོག་དྲིལ་མཇུག་ནས་རབ་གནས་དང་༔ སྔགས་མང་དུ་བསྔགས་ནས་སེར་ཐོ་ནང་དུ་བཞག་པ༔ རྟ་མཆོག་རོལ་པའི་རྒྱུད༔ དགོངས་འདུས་སེར་གཅོད་ན་གསུང་ཡོད་པ་ཡིན༔ སེར་གཏའ་བཀྲམ་པ་དང་དོན་གཅིག༔ དེ་མ་ཡིན་པའི་ཚ་ཚ་ཡན་ཐུབ་གཅིག་ཡོད་པ་དཔེ་རྒྱུད་ནས་བཤད་པ་མེད༔ སྔར་གྱི་སྔགས་པ་རྒན་པོ་རྣམས་ཀྱིས་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་གཅིག་ཡོད་དོ༔ ཨོཾ༔ ཡང་ར་རུ་ཡན་ཐུབ་ལོ་རྒྱུས་ནི༔ སྔོན་ཡུལ་སུམ་རོང་ཞེས་བྱ་བ་ན༔ མུ་སྟེགས་པའི་སེར་འགྱེད་བྱུང་ནས་སེར་སྲུང་གང་གིས་མ་ཐུབ་པ་ལས༔ ཨ་ཙ་ར་སྐུ་མཆེད་ཀྱིས་དགོངས་ནས་གདམས་པ་འདི་མཛད་དོ༔ རྫས་སྔགས་སྣོད་གསུམ་འཛོམས་ན་ཡུན་དུ་ཐུབ༔ ཡན་ཐུབ་ཡུན་ཐུབ་ཟེར་བ་འདི༔ ཁེབས་ཆེ་བ་དགུང་སྔོན་དང་འདྲ༔ ཤོང་ཆེ་བ་དོང་མོ་ས་དང་འདྲ་བ༔ གཏིང་ཟབ་པ་མ་སྤང་མཚོ་དང་འདྲ༔ རྙེད་དཀའ་བ་ཁྱུང་གི་སྒོ་ང་དང་འདྲ༔ ཁུངས་བཙུན་པ་ཨུ་དུམ་ཨ་ཝ་རའི་མེ་ཏོག་དང་འདྲ༔ འདིའི་གདམས་པ་འཇིག་རྟེན་ཁམས་ན་གསེར་བས་དཀོན༔ གསེར་སྲང་བཞིའི་བཀའ་རྒྱ་ཡོད༔ ཡིད་བཞིན་ནོར་བུ་ཡིན་སུ་ལ་མ་སྟེར༔ རང་ཉལ་ནས་


CMR046_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་ཆོག༔ ཨ་ཙ་ར་གོང་མས་མཛད་པའི་མན་ངག་ཡན་དུ་མ་བཏང་ཞིག༔ དམ་བཅའ་ཡོད༔ ཨུ་ཙུ་གསང་ནས་ལེན་འདྲ་དགོས༔ ས་མ་ཡཱ་ཞེས་འབྱུང་ངོ་༔ ཨོྃ༔ ར་རུ་ཡན་ཐུབ་འདི་མུ་སྟེགས་པའི་ལུགས་ཡིན་ཟེར་བ་ནི་མི་བདེན་ཏེ༔ སྔགས་ཡེ་དྷརྨཱས་རབ་གནས་དགོས་པའི་ཕྱིར་རོ༔ འོན་ཀྱང་རྫས་ཁྲག་སྣའི་རིལ་བུ་རི་ཐམས་ཅད་ལ་བཀྲམ་པས་ཀླུ་མི་དགའ་བས་ཆར་དཀོན་ཕྱིར་ཉེས་པ་ཡོད་ཟེར་བ་ཐོས་སོ༔ ནང་པའི་ལུགས་ཀྱི་སེར་སྲུང་ར་རུ་མ་འདི་ངན་ཤོས་རྫས་ངན་སུ་གདའ་བས་མ་བྱས་ན་ལེགས་སོ༔ ༈ དེ་ནས་ཞོར་བྱུང་མུ་སྟེགས་ལུགས་ཀྱི་ལོ་རྒྱུས་ལ༔ སྤྱིར་དབང་ཕྱུག་མུ་སྟེགས་ནག་པོའི་རྒྱུད་སོགས་ནས་སེར་བ་བཀག་ཐབས་འབེབས་ཐབས་སྣ་ཚོགས་ཡོད་སྐད༔ བོན་ལུགས་ཁྱུང་དམར་སོགས་ཀྱི་ལས་མཐའ་སེར་སྲུང་ཟབ་མོ་ཡོད་སྐད༔ དེ་རྣམས་བྱེད་པ་ལ་སོ་སོའི་དབང་ལུང་ཞུ༔ དམ་ཚིག་བསྲུང་བསྙེན་སྒྲུབ་བྱེད་ནས་སེར་བ་སྲུང་བའི་ལས་ཚོགས་བྱེད་ན༔ དགོས་ལུགས་ནང་པ་དང་འདྲའོ༔ དེ་ནས་བོན་ལུགས་དང་མུ་སྟེགས་པའི་ལུགས་ཀྱང་༔ དེའི་ལྷ་མ་བསྒྲུབས་ན་ཐབ་སྔགས་འདྲ་བ་རེས་ཆོག་པ་མ་ཡིན་ནོ༔ ཡང་ཡན་ཐུབ་འགའ་ཕྱི་པ་ལ་ཡང་ཡོད༔ རྒྱ་


CMR046_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་མུ་སྟེགས་ཀྱི་སྟོན་པ་སྐལ་ལྡན་རྒྱལ་པོ་ཟེར་བ་དེ་ལ༔ བླ་མ་རྔོག་ལོ་ཙཱ་བ་ཆེན་པོས་བེར་རྒ་ཡན་ཐུབ་ལ་སོགས་པའི་གདམས་ངག་འགའ་བསླབས་ནས༔ ཚུར་བོད་ལ་ཕེབས་དུས་གསེར་མང་པོ་བསྐུར་ཆད་བྱས་སོ༔ དེ་ནས་བོད་དུ་ཕེབས་ནས་མུ་སྟེགས་པ་ལ་ཆོས་དམ་ཚིག་ཅི་རྩི་རྒྱུ་མེད་དགོངས་ནས་གསེར་མ་བསྐུར་རོ༔ མུ་སྟེགས་པའི་ལོ་ཙྪ་བ་ལ་གདུལ་བྱ་མ་བྱུང་ངོ་༔ གསེར་མ་བསྐུར་བ་ཅི་ཡིན་ལྟ་བ་རུ་ཨ་ཙ་ར་གཅིག་བཏང་བས༔ ལོཙྪ་བ་ལ་སློབ་མ་ཡང་ཁྲི་ཚོ་དྲུག་ཅུ་ཙམ་འདུས༔ གསང་ཕུའི་དགོན་སྡེ་ཡང་ཐེབ་པ་མཐོང་ནས་ལོ་རྒྱུས་ཡང་རྒྱ་གར་དུ་ཐོས་པས༔ མུ་སྟེགས་སྐལ་ལྡན་རྒྱལ་པོ་ཁྲོས་ནས་༔ ངན་སྔགས་བྱས་པས༔ རྔོག་ལོ་ཆེན་བསམ་ཡས་ནས་ཀོ་གྲུ་ལ་བྱོན་སྐབས་ནམ་མཁའ་ནས་རྡོའི་ཆར་བབས་ནས་ཀོ་གྲུ་ཆུར་ནུབ་ནས་ལོ་ཙྪ་བ་དེར་འདས་སོ༔ དེའི་མན་ངག་ནི་ཤིང་བྱང་བུ་ལ་བུམ་པའི་གཟུགས་བྲིས་པའི་ནང་དུ༔ སྔགས་རྒོད་གཅིག་བྲིས་ནས་བཙུགས་པས་ཆོག་པ་ཡོད༔ འདི་བྱེད་མི་མང་བར་ཡོད༔ མིང་བེ་རྒ་ཡན་ཐུབ་ཅེས་གྲགས་སོ༔ གཞན་ཡང་མུ་སྟེགས་བྲ་བ་མདུང་ཁུར༔ མུ་སྟེགས་ཐག་ལེན་གྱི་སེར་སྲུང་རྣམས་ཀྱང་ཡོད་དོ༔ ཕྱི་མ་


CMR046_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྒྲིབ་ཅུང་ཟད་ཡོད་དོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས༔ བོན་དང་མུ་སྟེགས་ལུགས་ལ་སྐྱབས་སུ་ཚོལ་ན༔ སྐྱབས་འགྲོའི་བསླབ་པ་དང་འགལ་བས་མ་བྱས་ན་ལེགས་སོ༔ དེ་ལས་ཀྱང་ངན་པ་མུ་སྟེགས་གི་ཟབ་ཁྱེད་ཇ་ཚགས་སུ་ཆུ་བླུག་ནས་སྔགས་པས་ཕྱིར་ཆུ་མི་འབོ་བའི་རྣོ་ཁྱེད་ཡོད་སྐད༔ བྱེད་ལུགས་ཚ་ཚ་དང་སངས་རྒྱས་ཀྱི་སྐུ་ལྷམ་ནང་དུ་བཅུག་ནས་གདོང་ཟློག་བྱེད་པ་སོགས་ཡོད་སྐད༔ དེ་དག་རྫས་ངན་པས་ཡུལ་ལྷ་རྣམས་མནོལ་ཕབ་པས་ཆར་དཀོན་ཤིང་ཕུགས་བཀྲ་མི་ཤིས༔ དཀོན་མཆོག་ལ་ལོག་པར་ལྟ་བའི་སྤྱོད་པས་ཚེ་འདིར་ཡང་རང་གི་བསོད་ནམས་ཟད༔ ཕྱི་མ་ཡང་ངན་སོང་དུ་ངེས་པར་འགྲོ་བས་སེར་སྲུང་ངན་པ་དེ་དག་སྤང་བར་བྱའོ༔ སེར་སྲུང་ལ་ཉེས་པ་ཡོད་དོ༔ སྣང་སྲིད་ལྷ་འདྲེའི་མཆུ་བཅིང་༔ སེར་བ་ལོ་གསུམ་བསྲུངས་ན་ཟས་དྲི་མེད་ཅིང་རྩམ་པ་རྩ་མཆོག་གང་ལས་ཟ་རྒྱུ་མེད་སར་སྐྱེ༔ ལྷ་མོ་རལ་གྲི་ལན་རེ་གཡུག་དུས་གཟུགས་མེད་ལྷ་འདྲེའི་སྐེ་དམར་ཉོག་ཉོག་གཅོད༔ ཐར་པ་མེད་ཟེར་བ་ན་འཇིག་རྟེན་ན་གྲགས་ན་ཡང་དེ་ལ་དབྱེ་བ་ཡོད་དོ༔ བསམ་པ་ལ་སེར་གླ་ཨེ་རག་ཁོ་ན་མ་གཏོག་སེམས་བསྐྱེད་མེད༔ སྦྱོར་བ་ལ་བསྐྱེད་རིམ་ལྷ་ཡི་ནུས་


CMR046_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་པར་རྫས་ངན་དང་ཕྱི་ཕའི་སྒོ་ནས་བསྲུང་བ༔ ལྷ་འདྲེ་དགྲར་བཟུངས་བས་ཞེ་སྡང་གི་དྲག་སྔགས་འདོན་ཅིང་གནད་ལ་དབབ༔ སེར་གླ་མ་བྱིན་ན་སེར་བ་ཕབ་པ་སོགས་བྱེད་པའི་སེར་སྲུང་བ་ནི་འཇིག་རྟེན་པས་སྨྲ་བ་ལྟར་ངན་སོང་ལས་འགྲོ་ས་མེད་དོ༔ བསམ་པ་འཇིག་རྟེན་བདེ་ཞིང་ལོ་ལེགས་ན༔ སེམས་ཅན་རྣམས་སྐྱིད་པ་གཅིག་ཨེ་འོང་གིས་སེམས་བསྐྱེད༔ སྦྱོར་བ་ཡི་དམ་གྱི་བསྐྱེད་རིམ་དང་སྔགས་ཀྱི་ནུས་པས་ལྷ་འདྲེ་མཆོད་ཅིང་༔ བཀའ་བསྒོས་ནས་ཕྲིན་ལས་བཅོལ༔ ཡེ་ཤེས་ཀྱི་ལྷ་ཐུན་མོང་དུ་བསྒྲུབས་ན་མཆོད་བསྟོད་ཞོར་ལ་འབྱུང་བ་ཁོ་ན་ཡིན་པས༔ གནས་སྐབས་སེར་བ་བསྲུང་ཕྱིར་ཡིན་ཀྱང་མཚམས་དང་བསྙེན་སྒྲུབ་བྱས་པ་དེ་མཐར་ཐུག་བྱང་ཆུབ་ཐོབ་ཕྱིར་བསྔོ་བས་རྒྱས་བཏབ༔ གལ་ཏེ་སེར་གླ་མ་བྱིན་ཀྱང་སེར་བ་ཕབ་སོགས་བསམ་ངན་མི་བྱེད་པར༔ སེར་བ་སྲུང་བ་དེ་མིའི་འཇིག་རྟེན་པ་སྐྱབས་ཀྱི་སྦྱིན་པ་བསྔོ་བས་རྒྱས་བཏབ༔ དེ་བྱེད་ན་སེར་སྲུང་བྱང་ཆུབ་ཀྱི་ལམ་དུ་འགྱུར་དེ་ལ་དགོངས་ནས་རྒྱུད་གཞུང་རྣམས་ནས་གསུངས་པ་ཡིན་གྱི༔ སྡིག་པ་ཁོ་ན་ཡིན་པ་རྒྱུད་གཞུང་ཐམས་ཅད་ནས་ག་ལ་གསུངས༔ འདུལ་བ་ལས་ཀྱང་སེར་བ་བྱུང་ན་བཟློག་པར་


CMR046_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ ཞེས་དགེ་སློང་ཚུལ་ཁྲིམས་ལྡན་པས་ཀྱང་༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ ཞེས་སོགས། སེར་བའི་གདོང་བཀག་པའི་ཆོས་བཤད་པར་བྱ་བ་དང་༔ དགེ་འདུན་གྱི་སྡེ་ཆེན་པོས་ཀྱང་གཎྜི་བརྡུང་བ་དང་བྱམས་དང་སྙིང་རྗེ་བསྒོམ་པ་དང་༔ སྟོང་ཉིད་བསྒོམས་པས་ངོ་བོ་སྟོང་ཉིད་དུ་བསྲེ་བ་སོགས་སེར་བ་ཞི་བར་བྱ་བ་གསུངས༔ དེའི་ཕྱིར་འབྲི་གུང་ཞབས་དྲུང་དང་༔ ཞབས་དྲུང་རྡོ་རྗེ་གྲགས་པ་ད་ང༔ ཡོལ་མོ་སྤྲུལ་སྐུ་རྣམས་ཀྱིས་ཀྱང་སེར་བ་བསྲུང་བའི་སྲོལ་ཡོད་སྐད་དེ་ཡི་དོན་ཡིན་ནོ༔ འོན་ཀྱང་སྔགས་སྡེ་ཆེན་པོ་བཀྲ་ཤིས་ཟུར་མང་སྣའི་མགོན་པོའི་སྔགས་རྒྱུན་པ་རྣམས་ཀྱིས་སེར་བ་སྲུང་དགོས་པས༔ སྡེ་བརྒྱད་དང་འགྲས་ནས་དགྲ་ལ་ལྷ་རྟགས་ཆེར་མི་འབྱུང་བ་ཡིན་ཟེར་བའི་སྲོལ་གདའ་བས་དེ་ལྟར་ན་མ་བསྲུངས་ན་ཡང་ལེགས་པ་འདྲའོ་སྙམ༔ སེར་སྲུང་སྤྱིའི་ལོ་རྒྱུས་སྔགས་ནག་༧ རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ། བྷ་ཝནྟ༔ ཤུ་བྷཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེར་སྲུང་བྱུང་ཁུངས་ལོ་རྒྱུས།next