Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེར་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེར་བསང་།next

སེར་བསང་།


CMR046_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བསང་བཞུགས་པའི་དབུ་ཡི་གཟིགས་ཕྱོགས་སྤྲོ་བར་བཞུགས། ༈ འདི་ཡི་གེ་སུ་ཤེས་ཀྱི་འདོན་རུང་བཀའ་གཉེན་མིན་ལག །དཔེ་གཅོད་མི་གདའ་ན་གཅོད་ཆུགས། གཞན་ཕན་གང་ཆེ་བསམ་པས་བྲིས་པ་དགེ་ལེགས་འཕེལ། ཀརྨ་མརྟིས།


CMR046_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཡིག་ལས། །ངོམ་གྱི་ཕྱོགས་སུ་སད་སེར་མུ་གེ་འབྱུང་། །ཞེས་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་པའི་དུས་ལ་བསླེབས་པས། དུས་ཕྱིས་སེར་བ་རྒོད་ཅིང་སྔགས་པ་རྣམས་ཀྱིས་ཐུབ་དཀའ་བར་བྱུང་བས། དེ་ལ་ཕན་པའི་དོན་དུ་ལོ་གླུད་སེར་བསང་བྲི་བར་བྱ་སྟེ། བསང་མཆོད་སྤྱི་ལྟར་ལས། ཁྱོད་པར་བསང་ཁང་ནང་དུ་སྙེ་མའི་ཕུད་རྣམས་མཆོད་ཅིང་བསང་རྒྱས་པར་བྱེད་ན། འདི་ཁུ་ཡེའི་གོང་དུ་འདོན་ལ། འདི་རྐྱང་པ་དུས་བཏོན་ན་ཡང་ཆོག་པས། ཚར་གསུམ་བཞི་བདུན་སོགས་འདོན་ན། གཤེགས་གསོལ་མན་ཚར་གཅིག་བྱ། བསང་རྒྱས་པ་བྱེད་ན་གཤེགས་གསོལ་ཉུང་བ་ནི་སྐྱུར་ཀྱང་རུང་ངོ་། དམིགས་པ་འདོན་སྒོམ་སྦྲགས་པས་བྱའོ། །


CMR046_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །གུ་རུ་དྲག་པོ་ཡེ་ཤེས་ཁྲོ་བཅུ་ལ། །བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི། །འགྲོ་བ་མུ་གེའི་འཇིགས་པ་ཞི་བ་དང་། འབུ་སྲིན་རྣམས་ལ་མི་འཇིགས་སྦྱིན་པའི་ཕྱིར། །ལོ་གླུད་སེར་བསང་བདག་གིས་བརྩམ་པར་བྱ། །ཆོས་རྣམས་སྤྲོས་བྲལ་ཡེ་ནས་རྫོགས་པ་ཆེ། །དེ་ཡི་རང་མདངས་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་གྲོ་ལོད་སྐུ་མདོག་དམར་སྨུག་ནག་སྤྱན་གསུམ་ཨམ་གཙིགས་དབུ་སྐྲ་དམར་སེར་འཁྱིལ། །རྡོ་རྗེ་ཕྱར་ཞིང་ལྕགས་ཕུར་ཕྱོགས་བཅུར་གཟིར། །ཕོད་ཁ་ཆོས་གོས་མི་མགོའི་དོ་ཤལ་


CMR046_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །བརྐྱང་བསྐུམ་འདོར་ཐབས་སྟག་མོའི་གདན་ལ་འགྱིངས། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་བསང་མགྲོན་སྤྱན་དྲངས་གྱུར། །ཧཱུྃ། གདོད་ནས་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས། །འཇིག་རྟེན་དྲེགས་པ་ཀུན་འདུལ་པདྨ་འབྱུང་། །ཡེ་ཤེས་ཁྲོ་བཅུ་འཁོར་བཅས་གཤེགས་སུ་གསོལ། །ལོ་ཐོག་རྣམས་ལ་བསྲུང་ཕྱིར་བརྟན་པར་བཞུགས། །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །སྲིད་པའི་སེར་བདག་གཟའ་གདོན་དྲེགས་པའི་ཚོགས། །ལོ་གླུད་བསང་མཆོད་འབུལ་ཚུཕྱིར་འདིར་བྱོན་ལ། །ཞི་ཞིང་བྱམས་པའི་སེམས་ཀྱིས་བསང་མཆོད་བཞེས། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །དྷིལས་བསང་ཁང་དུ་བའི་ལྷ་མོ་ནི། །སྔོན་མོ་རྒྱན་དང་ལང་ཚོ་ཕུན་སུམ་ཚོགས། །ཕྱག་གཡས་ཁྲུས་བུམ་ཕོག་ཐུག་འགྲམ་འཁྲུག་བཀྲུ། །གཡོན་པས་སྨན་གཞོང་སྤོས་སྤྲིན་སྟོང་གསུམ་ཁྱབ། །དུད་པའི་ཆ་ཤས་ཟེར་མ་རེ་རེ་ལ། །འདོད་ཡོན་ལྔ་དང་རྒྱལ་སྲིད་བཀྲ་ཤིས་རྫས། །བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་ཆར་བཞིན་འབེབས། བཛྲ་དྷུ་པེ་ཧཱུྃ་གིས་བྱིན་གྱིས་བརླབས། །ཕྱེ་མར་ཟས་ཕུད་དཀར་གསུམ་


CMR046_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་འདིས། །ཧཱུྃ། སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །ལྷ་སྲིན་ཐམས་ཅད་འདུལ་མཛད་པ། །གུ་རུ་པདྨ་འབྱུང་གནས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལོ་ཏོག་རྣམས་ལ་སྐྱབས་པར་ཞུ། །བྱིན་གྱིས་རློབས་ཤིག་གུ་རུ་རྗེ། །སྣང་སྲིད་དྲེགས་པ་འདུལ་མཛད་པ། །གུ་རུ་དྲག་པོའི་ལྷ་ཚོགས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །སད་དང་སེར་བའི་གནོད་པ་ཟློག །ལོ་ཏོག་རྣམས་ལ་བསྲུང་དུ་གསོལ། །ལོ་ལེགས་འབྲུ་བཅུད་འཕེལ་བའི་ལྷ། །སེམས་དཔའ་ས་ཡི་སྙིང་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །སད་དང་སེར་བ་ཟློག་པའི་ལྷ། །ཁྲོ་བོ་རྡོ་རྗེའི་མཆུ་ལ་ཡང་། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཐོག་དང་སེར་བའི་གནོད་པ་ཟློག །ལོ་ཐོག་རྣམས་ལ་བསྲུང་དུ་གསོལ། །ཁྲོ་བོ་ཧཱུྃ་ཆེན་ཀཱ་ར་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །སྟེང་གི་ཕྱོགས་ཀྱི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་བསྲུང་དུ་གསོལ། །ཁྲོ་བོ་རྣམ་པར་རྒྱལ་བ་ལ། །ཕྱག་འཚལ་བསང་དང་མཆོད་པ་


CMR046_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཤར་ཕྱོགས་དྲི་ཟའི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་བསྲུང་དུ་གསོལ། །ཁྲོ་བོ་དབྱུག་པ་སྔོན་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ལྷོ་མེ་ལྷའི་ཐོག་སེར་ཟློག །ལོ་ཏོག་སྲུང་སྐྱོབ་མཛད་དུ་གསོལ། །ཁྲོ་བོ་གཤིན་རྗེའི་གཤེད་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ཕྱོགས་གཤིན་རྗེའི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་སྲུང་སྐྱོབ་མཛོད། །ཁྲོ་བོ་མི་གཡོ་མགོན་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ནུབ་སྲིན་པོའི་ཐོག་སེར་ཟློག །ལོ་ཏོག་རྣམས་ལ་ཐུགས་རྗེས་སྐྱོབ། །ཁྲོ་བོ་རྟ་མགྲིན་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་ཀླུ་ཡི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་སྐྱོབ་པར་ཞུ། །ཁྲོ་བོ་འདོད་པའི་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་བྱང་རླུང་ལྷའི་ཐོག་སེར་ཟློག །ལོ་ཐོག་སྲུང་སྐྱོབ་མ་གཡེལ་ཞིག །ཁྲོ་བོ་བདུད་རྩི་འཁྱིལ་པ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཕྱོགས་གནོད་སྦྱིན་ཐོག་སེར་ཟློག །ལོ་ཐོག་སྲུང་སྐྱོབ་མེལ་ཚེ་མཛོད། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ། །ཕྱག་འཚལ་བསང་


CMR046_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པ་འབུལ། །བྱང་ཤར་བགེགས་ཀྱི་ཐོག་སེར་ཟློག །ལོ་ཐོག་ཁྲོ་བོ་ཁྱོད་ཀྱིས་སྲུངས། །ཁྲོ་བོ་སྟོབས་པོ་ཆེ་ལ་ཡང་། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ས་བདག་ཡུལ་ལྷའི་ཐོག་སེར་ཟློག །ལོ་ཐོག་འདི་རྣམས་ཐུབ་པར་སྲུངས། །དཔལ་མགོན་བདུན་ཅུ་རྩ་ལྔ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཡུལ་འདིར་སད་སེར་མ་བཏང་ཞིག །རྒྱལ་བའི་བཀའ་བཞིན་འཇིག་རྟེན་སྐྱོངས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཡུལ་འདིར་སད་སེར་མ་བཏང་བར། །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །སྔགས་བདག་དྲེགས་པ་བཅོ་བརྒྱད་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། ཡུལ་འདིར་སད་སེར་མ་བཏང་བར། །སེར་བ་སྲུང་རོགས་ཁྱོད་ལ་བཅོལ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིད་པའི་སེར་བདག་རཱ་ཧུ་ལ། །ཡབ་ཡུམ་སྲས་དང་འཁོར་བཅས་ལ། །


CMR046_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གླུད་བསང་དང་མཆོད་པ་འབུལ། །ཡུལ་འདིར་སེར་བ་མ་བཏང་ཞིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །ཤར་ནས་ནུབ་ཏུ་བྱོན་ཙམ་ན། །དམུ་བདུད་དྲག་པོ་འཁོར་བཅས་ལ། །བྱི་ནུ་ར་ཙ་ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །དམུ་བདུད་སེར་བ་མ་བཏང་ཞིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །ཤར་ལྷོ་མཚམས་ནས་བྱོན་ཙམ་ན། །དགྲ་བླའི་རྒྱལ་མོ་འཁོར་དང་བཅས། །དྲང་སྲོང་ཆེན་པོ་ར་ཧུ་ལ། །ཁྱེད་ལ་ལོ་གླུད་བསང་མཆོད་འབུལ། །དགྲ་བླའི་སེར་བ་མ་བཏང་ཞིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །ལྷོ་ནས་བྱང་དུ་བྱོན་པའི་ཚེ། །ཀླུ་བཙན་ཡོངས་ཀྱི་འཁོར་གྱིས་བསྐོར། །ལྷ་ཆེན་ཁྱབ་འཇུག་ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཀླུ་བཙན་སེར་བ་མ་བཏང་ཞིག །ཟས་ངོ་ཁྱབ་འཇུག་ཁྱོད་ཀྱི་གྱིས། །ལྷོ་ནུབ་མཚམས་ནས་བྱོན་པའི་ཚེ། །སྲིན་པོ་ཤ་ཟ་འཁོར་དང་བཅས། །སྲིན་པོ་བྱི་ཏྲི་པ་ཏྲ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཀླུ་བཙན་སེར་བ་མ་བཏང་ཞིག །ཟས་ངོ་བྱི་ཏྲི་ཁྱོད་ཀྱི་གྱིས། །ནུབ་ནས་ཤར་དུ་བྱོན་པའི་ཚེ། །སྲིད་པ་མ་མོའི་ཚོགས་དང་བཅས། །དགྲ་ཕུང་ལྗང་སྔོན་


CMR046_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །མ་མོའི་སེར་བ་མ་བཏང་ཞིག །ཟས་ངོ་ལྗང་སྔོན་ཁྱོད་ཀྱི་གྱིས། །ནུབ་བྱང་མཚམས་ནས་བྱོན་པའི་ཚེ། །ལས་ཀྱི་གཤིན་རྗེའི་འཁོར་གྱི་བསྐོར། །དུ་བ་འཇུག་རིང་ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །གཤིན་རྗེའི་སེར་བ་མ་བཏང་ཞིག །ཟས་ངོ་འཇུག་རིང་ཁྱོད་ཀྱི་གྱིས། །བྱང་ནས་ལྷོ་རུ་བྱོན་པའི་ཚེ། །བདུད་རིགས་ཀུན་གྱི་འཁོར་གྱིས་བསྐོར། །བདུད་པོ་རོག་ཏི་འབར་བ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །བདུད་ཀྱི་སེར་བ་མ་བཏང་ཞིག །ཟས་ངོ་རོག་ཏི་ཁྱོད་ཀྱི་གྱིས། །བྱང་ཤར་མཚམས་ནས་བྱོན་པའི་ཚེ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར། །བགེགས་དཔོན་བྱི་ནུ་ཡ་ཀ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །བགེགས་ཀྱི་སེར་བ་མ་བཏང་ཞིག །ཟས་ངོ་ལོག་འདྲེན་ཁྱོད་ཀྱི་གྱིས། །ཤར་ཕྱོགས་ནམ་མཁའི་ལོ་བདག་མོ། །སྟག་སྲིན་ཟོར་བའི་གདོང་ཅན་མ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་སྤྲིན་ནག་པོ་མ་གཡོ་ཞིག །ཟས་ངོ་སྲིན་མོ་ཁྱོད་ཀྱི་གྱིས། །ལྷོ་ཕྱོགས་ནམ་མཁའི་མངའ་བདག་མོ། །


CMR046_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བམ་སྲིན་དྲེད་མོང་གདོང་ཅན་མ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་འབྲུག་འུར་སྒྲ་མ་འབྱིན་ཅིག །ཟས་ངོ་སྲིན་མོ་ཁྱོད་ཀྱི་གྱིས། །ནུབ་ཕྱོགས་ནམ་མཁའི་མངའ་བདག་མོ། །རྐང་སྲིན་བ་གླང་གདོང་ཅན་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་སྒྲ་གློག་དམར་མ་འཁྱུག་ཅིག །ཟས་ངོ་སྲིང་མོ་ཁྱོད་ཀྱི་གྱིས། །བྱང་ཕྱོགས་ནམ་མཁའི་མངའ་བདག་མོ། །འབྲོག་སྲིན་ཆུ་སྲིན་གདོང་ཅན་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་བ་དཀར་པོའི་གདོང་མ་སྟོན། །ཟས་ངོ་སྲིན་མོ་ཁྱོད་ཀྱི་གྱིས། །རི་རབ་རི་ཡི་རྩེ་མོ་ནས། །ཡབ་གཅིག་སྲིན་པོ་ཡཀྵ་འབར། །ཁྱོད་ལ་ལོ་གླུད་མཆོད་པ་འབུལ། །གནམ་ལྕགས་ཐོག་མདའ་མ་འཕེན་ཅིག །ཟས་ངོ་ཡབ་རྒན་ཁྱོད་ཀྱི་གྱིས། །འོག་ཕྱོགས་རྒྱ་མཚོའི་གཏིང་རུམ་ནས། །ཡུམ་གཅིག་སྦལ་མགོ་ཁྲག་མིག་མ། །ལོ་གླུད་མཆོད་པ་འདི་བཞེས་ལ། །འོག་ཐོག་ས་འཁྲུག་མ་བཏང་ཞིག །ཟས་ངོ་ཡུམ་རྒན་ཁྱོད་ཀྱི་གྱིས། །གཟའ་བདུད་ཡབ་ཡུམ་སྲས་འཁོར་ལ། །སེར་བ་སྲུང་བའི་ཕྲིན་ལས་བཅོལ། །ཁྱེད་ལ་བསྲུང་དུ་བཅོལ་བ་འདི། །རང་ཤ་རང་གིས་མ་ཟ་ཞིག །རང་ཁྲག་རང་


CMR046_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མ་འཐུང་ཞིག །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །པདྨ་འབྱུང་གནས་བཀའ་མ་བཅག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བོད་ཁམས་བརྟན་མ་བཅུ་གཉིས་དང་། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཡུལ་འདིར་སེར་བ་མ་བཏང་ཞིག །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཡུལ་འདིར་བཀྲ་ཤིས་བདེ་ལེགས་མཛོད། །ཁྱད་པར་མདོ་ཁམ་ཟལ་མོ་སྒང་། །ཆུ་གཉིས་བར་གྱི་སྤྱི་རྗེ་ནི། །བོད་ཀྱི་སྐུ་རྒྱལ་ཤེ་ནེ་ནི། །འཁོར་དང་བཅས་པ་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །ངོམ་ཡུལ་ཀུན་ལ་མངའ་མཛད་པའི། །སྐྱེས་བུ་ངོམ་རྒྱ་མཚོ་བཀྲ་ནི། །འཁོར་དང་ཡང་འཁོར་བཅས་པ་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་གི་ཡུལ་འདི་ཁྱོད་ཀྱིས་སྲུངས། །སྤོ་རྒྱལ་སྟག་རྩེ་མཆེད་དགུ་དང་། །དགེ་བསྙེན་སྤྱི་འབྱམས་རྫ་དམར་དང་། །ཁྲ་ཚང་མ་ལ་


CMR046_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡི། །ཡུལ་ཕྱོགས་འདི་ཡི་བཙན་རིགས་ནི། །མ་ལུས་འཁོར་དང་བཅས་པ་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་གི་ཡུལ་འདི་ཁྱོད་ཀྱིས་སྲུངས། །དགེ་བསྙེན་དབྱི་དོ་མཚོ་ནག་དང་། །མཁར་ནག་རིན་ཆེན་ལྷུན་གྲུབ་སོགས། །ཡུལ་ཕྱོགས་འདི་གནས་ཀླུ་བདུད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །སེར་བ་སྲུང་བའི་ཕྲིན་ལས་མཛོད། །མཛོད་འཛིན་སོ་རྒྱལ་དོན་འགྲུབ་དང་། །བསེན་མཁར་གསུམ་པོ་ཕས་ཕས་སོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །སེར་བ་ཁྱེད་ཅག་རྣམས་ཀྱིས་སྲུངས། །རྫ་ཡི་ལྷ་བྲག་དཀར་པོ་སོགས། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །སེར་བའི་སྣ་འདྲེན་མ་བྱེད་པར། །རང་གི་ཡུལ་འདིར་རང་གིས་སྲུངས། །འཛམ་རྒྱལ་ར་དཀར་ག་ཡས་དང་། །མཁར་ནག་བཙོས་རུ་ལ་སོགས་པ། །ཡུལ་འདིའི་


CMR046_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་གི་ཡུལ་འདིར་རང་གིས་སྲུངས། །ནོར་བདག་རྟ་འདྲ་འཁོར་བཅས་དང་། །འབྲོག་རྫོ་ང་སྐྱོ་ཐུ་བེནེ་སོགས། །ངོམ་ཡུལ་སྟོད་ཀྱི་གཞི་བདག་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་རང་ཡུལ་རྣམས་རང་གིས་སྲུངས། །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྨིན་པར་གྱུར། །ས་བོན་ཁ་བ་རྣམས་ལ་ནི། །འབྲས་བུ་ཁ་བ་སྨིན་པར་གྱུར། །སྡིག་པའི་འབྲས་བུ་སྡུག་བསྔལ་ཏེ། །དགེ་བའི་འབྲས་བུས་བདེ་བ་ཐོབ། །དེ་ཕྱིར་གནོད་པའི་སེམས་སྤོངས་ལ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །འཇིག་རྟེན་ལྷ་འདྲེ་ཁྱེད་རྣམས་ལ། །ལོ་གླུད་བསང་མཆོད་འདི་འབུལ་བས། །གནས་སྐབས་བདེ་སྐྱིད་ལྡན་པ་དང་། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ལྷ་མོ་དཔལ་གྱི་འབྲུ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ལྷ་མོ་བརྟན་མའི་ས་བཅུད་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡེ་ཤེས་འཇིག་རྟེན་ཐམས་


CMR046_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱུ་ཧཱུྃ་གཡང་ཧཱུྃ་ལོ་ལེགས་སྐྱེ་རྒྱལ་ཧཱུྃ། །འཇིག་རྟེན་ལྷ་འདྲེ་ཐམས་ཅད་ནི། །རང་རང་སོ་སོའི་གནས་སུ་གཤེགས། །ཡེ་ཤེས་ཁྲོ་བཅུ་རྡོ་རྗེ་མཆུ། །ལོ་ཐོག་མ་བསྡུས་བར་དུ་ནི། །བརྟན་པར་བཞུགས་ལ་སྲུང་སྐྱོབ་མཛོད། །ལོ་ཏོག་བསྡུས་ནས་དབྱིངས་སུ་གཤེགས། གུ་རུ་པདྨའི་བཀྲ་ཤིས་ཤོག །ས་ཡི་སྙིང་པོའི་བཀྲ་ཤིས་ཤོག །ཁྲོ་བོ་བཅུ་ཡི་བཀྲ་ཤིས་ཤོག །ས་ཡི་ལྷ་མོའི་བཀྲ་ཤིས་ཤོག །བན་དེ་པདྨ་ཐབ་མཁས་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་འཕྲལ་དུ་ཟློབྲིས་པས་སེམས་ཅན་མང་པོ་ལ་ཕན་ཐོགས་པའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ། ཞལ་དྲོ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR046_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྲུང་གདམས་པ་ཉེར་མཁོ།


previousསེར་བསང་།next