Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེར་སྲུང་གདམས་པ་ཉེར་མཁོ་བཞུགས་སོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེར་སྲུང་གདམས་པ་ཉེར་མཁོ་བཞུགས་སོ། next

སེར་སྲུང་གདམས་པ་ཉེར་མཁོ་བཞུགས་སོ།


CMR046_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨརྩིག་ཡེ། བླ་མ་དྲག་པོའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་ཕྱིར་སེར་སྲུང་གདམས་པ་བྲི། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དང་པོ་དམ་ཚིག་བསྲུང་བྱ་ནི། །སེར་སྲུང་སྔགས་པའི་བསྲུང་བྱ་དང་། །སྡེ་ཡི་དམ་ཚིག་གཉིས་སུ་ཡོད། །སྡེ་ཡི་དམ་ཚིག་ཟས་སུ་ཡོད། །སེར་སྲུང་སྔགས་པའི་བསྲུང་བྱ་ནི། །གཙང་མའི་ཕུད་ཀྱི་ལྷ་སྲུང་དང་། །ཡུལ་ལྷ་དུས་སུ་མཆོད་པ་བྱ། །རྫུན་དང་མནའ་ལ་རྟག་ཏུ་འཛེམ། །མནའ་ནི་དཔང་པོ་མི་བྱའོ། །ཕྱི་བ་མི་གསོད་ཤ་མི་ཟ། །མགོ་ལ་མར་ནི་མི་བཀུ་ཞིང་། །སེར་བསང་དུས་སུ་སྲུང་མི་བཀུ། །སླང་ངར་བརྫིས་པའི་ཟས་ནི་ཟ་མི་རུང་། །སླ་ང་མགོ་ལ་གྱོན་མི་རུང་། །ཕྲེང་བ་གཞན་གྱི་ལག་མི་


CMR046_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ། །ཆུ་དང་ནེའུ་སེང་རློག་མི་བྱ། །སེར་གཏའ་སྔགས་པ་གཞན་གྱིས་ཚོར་མི་བྱ། །འཐབ་འཁོན་འཛིང་མོ་མི་བྱའོ། །ཁ་འཕྲོ་སྦག་པ་སྲུང་བར་བྱ། །ཁྱད་པར་རྨེ་ཅན་དམ་ཉམས་ཀྱི། །ཁ་འཕྲོ་འཛེམ་པ་གལ་ཆེའོ། །སེར་བ་བསྲུངས་ནས་མ་བསྡུས་བར། །མན་ངག་གཞན་ལ་མི་སྤེལ་ལོ། །ཀླུ་ཤིང་བྲ་མའི་མེ་མི་འབུད། །གོས་སྨེ་གོན་པར་མི་བྱའོ་། །གླང་དང་རྔ་བྲན་ཤ་མི་ཟ། །སེར་བ་སྔགས་བསྡོ་གཏམ་མི་བྱ། །གཟའ་དང་སྡོང་མོ་ལྷ་འདྲེ་མཆོད། །སེར་གཏའ་སྔགས་དུས་སྨྲ་བཅད་བྱ། །སེར་གཏའ་མི་ལག་མི་འགྲིམ་སྟེ། །ཡང་ན་རབ་གནས་བསྐྱལ་བར་བྱ། །སྡེ་ཡིས་བསྲུང་བྱ་འདི་ལྟར་སྲུངས། །གཉེན་སར་སྐྱེས་པའི་ཤིང་མི་གཅོད། །ཆུ་མིག་ན་བ་མི་རློག་གོ །ཉ་དང་སྦལ་པ་སྦྲུལ་མི་གསོད། །གཉན་སའི་


CMR046_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དང་ཀླུ་ཤིང་གིས། །མེ་ནི་འབུད་པར་མི་བྱའོ། །ཕྱི་བ་གྲུམ་པ་སྲམ་མི་གསོད། །རི་གཉན་ཀུས་འདེབསརྦབ་བཏང་སྤང་། །སེར་བ་སྔགས་དུས་སྔགས་པའི་དྲུང་། །ཁྱི་དང་བུད་མེད་མི་བཏང་ངོ་། །སེར་བ་སྔགས་པའི་སྟང་མི་བྱ། །སེར་བ་སྔགས་པའི་མདུན་དུ་ནི། །ར་ལུག་འདེད་པར་མི་རུང་ངོ་། །སེར་བ་སྔགས་དུས་སྔགས་པ་ཡི། །ངོ་ལ་གཞན་གྱི་ལྟ་མི་རུང་། །དམ་ཚིག་དེ་རྣམས་མ་ཐུབ་ན། །ཞུད་ཀྱི་ཕོག་པ་ཞེས་བྱ་སྟེ། །སེར་བ་ཐུབ་པར་དཀའ་ཞེས་བཤད། ༈ །དེ་ནས་སེར་བའི་དུས་བདུན་ལ། །རྟག་བདུན་བྱུང་ན་སེར་བ་འོང་། །ཚེས་པ་བཞི་ཡི་སྔ་དྲོ་ཞོགས། །སྤྲིན་ནི་སེར་ནག་བྱུང་བ་ན། །སེར་བ་འོང་ནས་སྤྲིན་མགོ་གནོན། །ཚེས་བརྒྱད་ཕུག་རོན་སྐེ་འདྲའི་སྤྲིན། །བཅུ་གཅིག་ར་རྒྱའི་སྒོ་འདྲའི་སྤྲིན། །བཅོ་ལྔ་ཁམ་ནག་ཐལ་བ་གནམ་གཏོར་འདྲ། །བཅོ་བརྒྱད་རྟ་སྐྱའི་རྔ་མ་གྱེན་བཤད་འདྲ། །ཉེར་གཉིས་སྤྲིན་དམར་སེམས་ཅན་གཟུགས་འདྲ་བ། །ཉེར་དགུ་སྤྲིན་ནི་དུད་ཁ་མགོ་ཆེ་བ། །དེ་དག་བྱུང་ན་དུས་ཀྱི་སེར་བ་འོང་། །དུས་དེར་འོང་བར་ཤེས་ནས་བསྒྲིམ་པར་བྱ། །གཞན་ཡང་དུས་མིན་སྤྲིན་ལ་བརྟག་པ་ནི། །རྨ་བྱའི་མགྲིན་འདྲ་དུང་ནི་བརྩེགས་འདྲ་ཡི། །སྤྲིན་ནི་བྱུང་ན་སེར་བ་འོང་འདོད་ཡིན། །སྔོན་པོ་གཡུ་འབྲུག་འདྲ་ན་ཕྱི་འཕྲད་འོང་། །སྤྲིན་དཀར་སྲིན་མ་དྲན་པ་འདྲ་བྱུང་ན། །དེ་ཡི་ཉིན་ཕྱེད་སེར་བ་འོང་བའི་ལྟས། །སྤྲིན་དཀར་དུང་འདྲའི་དཀྱིལ་དུ་གཟུགས་བརྙན་འདྲ། །བྱུང་ན་ཕྱིར་ཉིན་སེར་བ་འོང་བ་ཡིན། །ཡང་ན་དེ་ནུབ་ཕྱིར་ནུབ་


CMR046_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ལ་སེར་བ་འོང་། །ར་མ་རྒྱ་མོའི་སྤོ་དང་འདྲ་བའི་སྤྲིན། །དམའ་ཞིང་འཁྲུག་ལ་རླུང་ཆེན་བྱུང་བ་ན། །ད་ལྟ་ཉིད་དུ་སེར་བ་འོང་བར་ངེས། །སྤྲིན་ནི་ཁང་རྨིང་ས་རུལ་མདོག་འདྲ་དང་། །ཕུབ་རུལ་གཏོར་འདྲ་བྱུང་ན་འཕྲལ་དུ་འོང་། །སྤྲིན་ནི་དུད་ཁ་བང་རིམ་ཡོད་པ་དང་། །སྤྲིན་རྣམས་དམའ་ཞིང་འཁྲུག་ན་མྱུར་དུ་འོང་། །སྤྲིན་ནི་དུད་ཁ་ཐལ་བའི་མདོག་འདྲ་བ། །དམའ་ཞིང་ཁྱུག་ཁྱུག་བྱེད་ན་མྱུར་དུ་འོང་། །ནམ་མཁའ་སྐྱ་དང་འོད་དེ་འདུག་ན་འོང་། །ནམ་མཁའ་གསལ་དང་སྐྱ་འོད་རླུང་ཆེ་དང་། །སྤྲིན་ནི་མཐིང་ནག་འབྲུག་ཆེན་གློག་མྱུར་དང་། །སྤྲིན་དལ་རླུང་འཚུབ་ཀ་བ་བཙུགས་འདྲ་བ། །དེ་དག་ཕྱི་དྲོ་མུན་འཚུབ་ཚུན་ལ་འོང་། །སྤྲིན་ནི་དཀར་ཞིང་འཕང་མཐོ་རླུང་དྲག་ནས། །རླུང་ཤད་ཅན་དེ་སྨན་གྱི་སེར་བ་ཡིན། །དེ་ནི་ཉི་མ་ཕྱེད་ཡོལ་ཙམ་ནས་འོང་། །སྤྲིན་ནག་དུད་ཁ་སེམས་ཅན་གཟུགས་འདྲ་བ། །བྱུང་ན་ཀླུ་ཡི་སེར་བ་འོང་བའི་རྟགས། །སྤྲིན་ནི་ཁམ་ནག་རླུང་འཚུབ་ཆེན་པོ་དང་། །འབྲུག་གློག་ཆེ་ན་བདུད་ཀྱི་སེར་བ་གཡོས། །མུན་འཚུབ་བམ་ནི་ནམ་ཕྱེད་འོང་བ་ཡིན། །སྤྲིན་ནི་སེར་པོ་རླུང་གི་གོ་རོ་རོ། །བྱེད་ན་བཙན་གྱི་སེར་བ་འོང་བ་ཡིན། །སྤྲིན་ནི་ནག་ལ་ནམ་མཁའ་དབལ་སྐྱ་ཤིང་། །རླུང་སུབ་བྱེད་ན་སྡེ་བརྒྱད་སེར་བ་ཡིན། །ནམ་མཁའ་གཞན་ནི་དང་ཞིང་ཐད་ཀ་དེར། །སྤྲིན་ནག་འཁྱིལ་ན་གཟའ་ཡི་སེར་བ་ཡིན། །ནམ་མཁར་སྤྲིན་གྱི་འདུ་ཚོགས་མང་། །ད་ལྟ་གནགས་ཤིང་ད་ལྟ་དྭངས། །ནམ་མཁའ་མི་རྟག་ཤིན་ཏུ་བྲེལ། །བུ་ཡུག་ཁུ་འཕང་


CMR046_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕུམ་ཕྲུམ་མང་། །དེ་ཡང་གནམ་ངོ་རྒོད་པའི་ལྟས། །ཉམས་ལ་མེ་འབར་སྦྲུལ་འཁྱུག་སྙམ། །རྨི་ལམ་ལུག་ཁྱུ་མ་ཐུབ་ཤོར། །དམག་ཇག་ཚུར་ལ་བཅའ་བ་རྨིས། །འབྲུག་སྐད་གྲམ་རྡོ་ཆད་འདྲ་དང་། །འབྲུག་སྐད་གྲག་བརྡ་ཡང་ཡང་ཆད། །འབྲུག་ནི་རྐང་འོག་ནས་གྲགས་འདྲ། །གློག་ནི་དམའ་ཞིང་ས་ལ་འཁྱིལ། །སེར་བ་འོང་བའི་ལྟས་ཡིན་ནོ། །ནམ་མཁའ་བྱིན་རླབས་སྤྲིན་མགོ་མནན། །ལྷོ་ནུབ་ཐད་ཀྱི་ནམ་མཁའ་ལ། །སྤྲིན་ནག་ཆུང་ཞིང་ལོག་དགུ་ལ། །ཡང་ཡང་མཐོར་ཞིང་ཡང་ཡང་འདུ། །འབྲུག་སྐད་ཀླད་པ་འགས་སྙམ་པ། །ཡང་ན་གཟེར་ལྷང་སྙིང་ལ་གཟེར། །རྨི་ལམ་མགར་བྱེད་ལྕགས་བརྡུང་བ། །སོལ་ཁང་མགར་ཚང་བཅའ་བ་མཐོང་། །ཉམས་ལ་ལྕགས་བརྡུང་ཐོ་སྐད་ཐོས། །སར་སྒྲ་སིར་སྒྲ་ཙིར་སྒྲ་གྲག །དེ་ནི་སྟེང་ཐོག་འོང་བའི་ལྟས། །ས་འགུལ་ས་ཁོལ་རྐང་པ་སྦྲིད། །ས་འོག་རྔ་སྒྲ་འབིར་སྒྲ་གྲག །ས་ཡི་འོག་ནས་དུད་པ་འཐུལ། །དེ་ནི་འོག་འཁྱུག་འོང་བའི་ལྟས། །ཐོག་སྲུང་སྔགས་དང་དམིགས་པ་བྱ། །ནངས་སྔ་ནམ་མཁའ་བྱིན་རླབས་ནི། །ན་མོ་བདག་དང་ལོ་ཐོག་འབུ་སྲིན་བཅས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བ་གསོ་ཕྱིར་ལོ་ཐོག་འདི་རྣམས་ནི། །འགྲོ་ལ་ཕན་ཕྱིར་བདག་གིས་བསྲུང་བར་བྱ། །སྟོང་པའི་ངང་ལས་རང་སེམས་ཧཱིཡིག་ལས། །རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཞལ་གཅིག་ཞི་འཛུམ་


CMR046_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་རིན་ཆེན་བརྒྱན། །ཕྱག་གཡས་ཤེལ་ཕྲེང་གཡོན་པས་པད་མ་འཛིན། །ཐུགས་ཀའི་ཧྲིལ་ཡི་གེ་དྲུག་པས་བསྐོར། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས། །དབུ་གཙུག་ནམ་མཁའི་དབྱིངས་སུ་པད་ཟླའི་སྟེང་། །སངས་རྒྱས་འོད་དཔག་མེད་པ་སྐུ་མདོག་དམར། །ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བདུད་རྩིས་བཀང་། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཐུགས་ཀའི་ཧྲཱི༔ལས་འོད་འཕྲོས་བདེ་ཆེན་ནས། །ཐུགས་རྗེ་ཆེན་པོ་དང་ནི་འོད་དཔག་མེད། །གྲངས་མེད་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །ལྷ་སྲིན་སྡེ་བརྒྱད་སེར་བདག་སྣ་འདྲེན་བཅས། །ཚེ་རབས་མང་པོའི་ཕ་མ་ཡིན་པའི་ཕྱིར། །ད་ལྟ་ལུས་ངན་བདུད་རིགས་འདྲེ་རུ་སྐྱེས། །འདི་དག་ཐམས་ཅད་སྙིང་རེ་རྗེ་ན་ཨང་། །སྡེ་བརྒྱད་སེར་བདག་སྣ་འདྲེན་དང་བཅས་པ། །སྡུག་བསྔལ་ཀུན་བྲལ་བདེ་བ་ཀུན་དང་ལྡན། །མྱུར་དུ་སངས་རྒྱས་ཐོབ་ན་དགའ་བ་ལ། །ཨོཾ་མ་ཎི་པདྨེ་ཧཱུྃ༔ བརྒྱ་རྩ་འདོན། བདག་གི་ཞལ་ནས་ཡིག་དྲུག་སྒྲ་གྲག་པའི། །ཐུགས་ཀའི་ཧཱུྃལས་འོད་ཟེར་དཀར་པོ་འཕྲོས། །སྡེ་བརྒྱད་སེར་བདག་སྣ་འདྲེན་རྣམས་


CMR046_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕོག །བདག་ལ་དད་གུས་ཅི་གསུངས་བཀའ་ཉན་གྱུར། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོངས་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བསྐྱེད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྟེར་འོད་ཟེར་ཕོག་ཅིང་ཆོས་བསྟན་པའི། །སེར་བ་མི་བཏང་གཏང་རེ་ན་ར་ཀན། །ཅེས་སྨྲས་དམ་བཅའ་ཕུལ་ནས་ཐམས་ཅད་ཀྱང་། །བྱམས་པའི་སེམས་སྐྱེས་ཡིག་དྲུག་འདོན་པར་གྱུར། །དེ་ནས་འོད་དཔག་མེད་པའི་ཐུགས་ཀ་ནས། །འོད་ཟེར་བྱུང་བའི་སྡེ་བརྒྱད་སེར་བདག་རྣམས། །ཐམས་ཅད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་ཉིད་དུ་སངས་རྒྱས་ནས། །ཐམས་ཅད་འོད་དཔག་མེད་པའི་སྐུ་རུ་གྱུར། །ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཀུན། །འོད་དཔག་མེད་པས་ཐེམ་འགགས་ནེམ་འགགས་གང་། །ཀུན་ཀྱང་ལོ་ཐོག་སྲུང་སྐྱོབ་མཛད་པར་གྱུར། །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མ་སཾ་གྷ་ཡ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ པདྨ་ད་རི་ཧཱུྃ་ཡུལ་འདི་


CMR046_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སྲུངས་ཤིག་རཀྵ་རཀྟ། ཞེས་བརྒྱའམ་ཉེར་གཅིག་བཟླས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས། །བསྲུང་བྱར་གྱུར་བའི་ལོ་ཐོག་ལ། །ལོ་དགྲ་སད་སེར་མི་འབྱུང་ཤོག །འགྲོ་དྲུག་སྡེ་བརྒྱད་སངས་རྒྱས་སྐུ། །ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཉིད་འོད་དཔག་མེད་ལ་ཐིམ། །སྣང་བ་མཐའ་ཡས་འོད་དུ་ཡལ། །ནམ་མཁའ་ལ་ཐིམ་སྟོང་པ་ཉིད། །ཆོས་སྐུ་སྐྱེ་མེད་ངང་དུ་གནས། །ཞེས་སྟོང་ཉེར་གཅིག་ཐུན་གཅིག་བྷེ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཉེར་གཅིག་གམ་བདུན་བརྗོད། རྨི་ལམ་མཁར་བརྩིགས་བྱས་དང་བཙན་སར་འདུག །ཆུ་དང་གཤའ་ཡི་རགས་བརྩིག་ར་ལུག་བཙུད། །ཞིང་གི་རིབ་བྱས་ནགས་ཚལ་ཆེན་པོར་འདུག །དེ་དག་ལོ་ཐོག་བསྲུངས་ན་འགྲུབ་རྟགས་ཡིན། །ལྷ་ཀླུ་རྣམས་ལ་གཏོར་མའི་མཆོད་པ་བྱས། ༈ །སེར་སྤྲིན་བྱུང་ན་སྤྲིན་མགོ་གནོན་པ་ནི། །རང་ཉིད་གུ་རུ་དྲག་པོ་ཡི། །ཞབས་འོག་ཀླུ་བདུད་རཱ་ཧུ་ལ། །ཅི་གཙོར་བྱས་སྡེ་བརྒྱད་མནན། །ནམ་མཁའ་གུ་རུ་པདྨས་གང་། །སེར་སྤྲིན་དཀྱིལ་དུ་གུ་དྲག་ནི། །མཁའ་འགྲོས་བསྐོར་ཞིང་མེ་དཔུང་འབར། །སེར་སྤྲིན་མེ་དཔུང་ཆེན་པོ་


CMR046_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སེར་བ་སེར་བདག་ཐམས་ཅད་བསྲེགས། །ས་གཞི་ཡཀྵ་མེ་དབལ་གང་། །ཕྱོགས་མཚམས་སྟེང་འོག་ཁྲོ་བོ་བཅས། །ཕྱོགས་སྐྱོང་བཅུ་པོ་གན་རྐྱལ་མནན། །སྡེ་བརྒྱད་གཟའ་ཀླུ་ཕྱོགས་སྐྱོང་རྣམས། །རྒྱལ་པོ་བཙོན་དུ་བཟུང་བ་ལྟར། །འོག་ཏུ་མནན་པས་ལྷ་འདྲེ་རྣམས། །གཅིག་ཀྱང་འགུལ་དབང་མེད་པར་གྱུར། །ཨརྩིག་མཇུག་ཏུ། ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ༔ ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་བྱུ། སཾ་མྱཀཾ་བུདྡྷ་ཡ༔ ཏདྱ་ཐཱ། ཨོཾ་འབུ་འཛེ་འབུ་འཛེ་མ་ཧཱ་འབུ་འཛེ་མ་ཧཱ་འབུ་འཛེ། ས་མ་ཡ་འབུ་འཛེ༔ ཏ་ཐ་འབུ་འཛེ། པྲ་པ་ར་འབུ་འཛེ་༔ ནཱ་ག་པ་ར་བཙོན་རྩོན། ན་ཡེ་པུ་ཧཱ་འབྱུང་པོའི་བྱད་མ་བཟློག་ཅིག །སེར་བ་ཤ་ཏྲོ་མཱ་ར་ཡ་ཧཱུྃ་ཕཊ༔ སེར་སྤྲིན་བཟློག་སྔགས་དྲག་ཙམ་རེས་ཆོག་གསུངས། རྨི་ལམ་ཐོག་རྟགས་བྱུང་ན་མགར་ཚང་གཏོར་བ་ནི། རང་ཉིད་སྐད་ཅིག་ཉིད་ལ་བརྫུས་སྐྱེས་སུ། །ཁྲོ་རྒྱལ་གུ་རུ་དྲག་པོ་གསལ་བ་ནི། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་འབྲུག་སྟོང་ལྟར་བསྒྲག་ཅིང་། །ཕྱག་གཡས་སྡིགས་མཛུབ་ནམ་མཁར་གཏད་པ་ཡིས། །ཕྱག་མཚན་གསེར་གྱི་རྡོ་རྗེ་དེ་ཉིད་ལས། །གསེར་གྱི་རྡོ་རྗེ་ཆེན་པོ་རི་རབ་ཙམ། །འཕྲོས་ནས་འུར་སྒྲ་དང་


CMR046_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནམ་མཁར་སོང་། །ཐོག་དང་ཐོག་བདག་མགར་བ་མགར་ཚང་རྣམས། །ནམ་མཁའི་ཕ་མཐའ་ལྕགས་རིའི་རྒྱབ་ཏུ་དེད། །རཾ་རཾ་རཾ་བརྗོད་སྡིགས་མཛུབ་ཕྱོགས་བཅུར་གཡུག །སྟོང་གསུམ་འཇིག་རྟེན་ཐམས་ཅད་མེ་ཡི་གང་། །དེ་ནང་རྡོ་རྗེའི་རྭ་བ་གུར་ཁང་ཕུབ། །དེ་སྟེང་གནམ་ནི་གསེར་གྱི་འཁོར་ལོ་ཡི། །ལྟེ་བར་ཤཱཀ་ཐུབ་རི་རབ་ཙམ་ཞིག་བཞུགས། །རྩིབས་སྟོང་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །ཐམས་ཅད་གསེར་མདོག་ས་གནོན་མཉམ་བཞག་ཅན། །ལྷ་རྣམས་མི་གཡོ་འཁོར་ལོ་གཡས་སུ་འཁོར། །རྩིབས་རྩེ་སྤུ་གྲི་ལྟ་བུ་རབ་རྣོ་བས། །གཟའ་དང་གནམ་ཐེའུ་ཐོག་སེར་མྱལ་མྱལ་གཏུབ། །ས་གཞི་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་པ། །གཡོན་དུ་འཁོར་བས་རྩིབས་རྩེ་རབ་རྣོ་བས། །ས་ཐེལ་མགར་ཚང་སེར་བའི་སྣ་འདྲེན་གཏུབས། །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ༔ ན་མཿསཾ་གྷ་ཡ༔ ཨོཾ་མ་ཧཱ་ཤྲཱི་ཀྲོ་ཏ་ཧཱུྃ་ཕཊ༔ སརྦ་ས་ཁྱམས་ཁ་རྫོལི་བྷ་དྲ་ཛ་ལ་ཛ་ལ་ཧཱུྃ་ཕཊ༔ བཅུ་གསུམ་བཟླས་པས་འབྲུག་སྐད་ཆད༔ ཉེར་གཅིག་གི་ཐོག་ར་མར་ལྟར་ཞུ་ནས་དངོས་མེད་འགྲོ་བར་གསུངས། སྔགས་འདི་གསེར་གྱིས་བྲིས་ནས་བཏགས་ན་ཐོག་མི་ཕོག །དེ་ནས་སེར་བ་


CMR046_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནི་བྱུང་ན་སྤྲིན་གཏོར་བ་ནི། ༈ བདག་ཉིད་གུ་རུ་དྲག་པོ་དང་། །འཁོར་གྱི་ཁྲོ་བོ་བཅུ་རྣམས་ཀྱི། །ཕྱག་གཡོན་རླུང་གི་འཁོར་ལོ་ལ། །བསྐལ་པའི་རླུང་ནག་འཚུབ་མ་འཕྲོས། །སེར་སྤྲིན་ཐམས་ཅད་དངོས་མེད་གཏོར། །རང་མདུན་རླུང་ལྷ་ཤ་བ་ཞོན། །ལག་ན་རླུང་གི་བ་དན་ཐོགས། །རླུང་འཚུབ་ཆེན་པོ་འཕྲོས་པ་ཡི། །སེར་སྤྲིན་ཐམས་ཅད་གཏོར་བར་གྱུར། །ཨརྩིག་མཇུག་ཏུ། ཨོཾ་ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ། ཧཱ་ཡ་ཧཱ་ཡ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་པི་ཏྲི་པ་ཏྲཿ རུ་རུ་ནཱ་ག་ར་ཙ་ཛ་ཛཿ བླ་མེད་ཛཿ ཤ་ལེ་རུ་ཙི༔ འབར་བ་ནག་པོ་བཀྲག་མེད་ཛཿ ཁྱེད་རླུང་གི་བ་དན་ཕྱོར༔ རླུང་གི་དཀྱིལ་འཁོར་སྤྲུལ༔ ཅིང་ཐང་མཱ་ར་ཡ༔ བྱེར་བྱེར་གཏོར་གཏོར་ཟློག༔ ཆུམ་ཆུམ་དྲིལ་དྲིལ༔ ཙཀྲ་ཝར་ཏེ་ཀྱིན་ཐང་རྦད་རྦད༔ སེར་བ་ཆོད་སྤྲིན་ཁྲོལ་ཁྲོལ༔ སུརླ་ཡ་ཙཀྲ་ཛ་ཡེ་བྷི་ཛ་ཡེ་སྭཱ་ཧཱ་ཕཊ། ཅེས་ཕུ་བཏབ་སྡིགས་མཛུབ་གཏད། ལག་པའི་རྡོ་རྗེ་ཁྱུང་གཤོག་གི་ཕྱག་རྒྱ་བཅས་ལ་སེར་སྤྲིན་གཤགས་པར་བསྒོམ་མོ། །གཏོར་མ་ཐུབ་ན་སེར་བ་ཆུར་བཞུ་བ་སེར་རྐང་ཚུགས་ནས་བྱུང་ན་རྐང་པ་བཅག་པ། རང་ངོས་ཁ་བྱུང་ན་གདོང་ནས་བཟློག་པ་རྣམས་དམིགས་པ་ཕྱོགས་གཅིག་ཏུ་བཤད། བདག་ཉིད་ཁྲོ་


CMR046_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པདྨ་དྲག་པོ་རྩལ༔ འཁོར་ཚོགས་ཁྲོ་བཅུའི་ཚོགས་དང་བཅས་པ་ཡི༔ སྐུ་ལ་བསྐལ་པའི་མེ་དཔུང་ཆེན་པོ་འབར༔ གནམ་ས་མེས་གང་སེར་བ་ཆུ་རུ་ཞུ༔ ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར༔ སྔགས་བཟླས་ཤིང་རྡོ་རྗེའི་ཁྲོས་བྱེད༔ སྔགས་ཀྱི་འོད་ཟེར་མཚོན་ཆའི་འཁོར་ལོ་ཡིས༔ སེར་བའི་རྐང་པ་མྱག་མྱག་བཅད་པར་གྱུར༔ ཐུགས་ལས་སྤྲུལ་པའི་ཁྲོ་བོ་མེ་དབལ་ཚོགས༔ མེ་ཡི་འཁོར་ལོ་ཅན་འཕྲོས་སེར་རྐང་བཅད༔ ཕྱག་ཆ་ཐུན་དང་གཏོར་མ་རྣམས༔ ཡཀཱ་མེ་དབལ་སྐུ་ལུས་མེ་ལས་གྲུབ༔ སྐུ་ལས་བསྐལ་པའི་མེ་རླུང་ཆེན་པོ་འབར༔ ཕྱག་ན་མེ་ཡི་འཁོར་ལོ་འཛིན་པའི་ཚོགས༔ དམག་དཔུང་བཞིན་དུ་བར་སྣང་གང་བར་འཕྲོས༔ སེར་བ་སེར་བདག་གཞོབཐུལ་བུན་ནེ་བསྲེགས༔ སེར་བ་ཐམས་ཅད་གདོང་ནས་བཟློག་པར་གྱུར༔ གཡས་སུ་བྱོལ་གཅིག་གཡོན་དུ་གཟུར་ཅིག༔ གཡའ་རི་ལ་རྒྱོབས༔ སྤང་རི་ལ་རྒྱོབས༔ ནགས་རི་ལ་རྒྱོབས༔ གངས་རི་ལ་རྒྱོབས༔ ཞེས་སྡིགས་མཛུབ་ཀྱིས་སེར་ལམ་གཏོད་ནས། ཨརྩིག་མཇུག་ཏུ། སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་སུཾ་བྷ་ཡ༔ ན་ཤ་ཡ༔ མཱ་ར་ཡ༔


CMR046_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་རཾ་ཕཊ་རཾ་བྷོ་རཾ་ཏྲག་སེར་བ་རཾ་ཆོད༔ སྤྲིན་གཏོར་༔ དྲག་ཏུ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ འཇིག་རྟེན་ཁམས་ཀུན་ཆུ་ཁྱག་ཀྱང་། །སྐད་ཅིག་ཙམ་གྱིས་བཅད་འགྱུར་གསུངས། །སེར་བ་བྱུང་ན་ཁར་བཙུགས་གནམ་དུ་གཏོར། །ཐུན་དང་རལ་གྲི་གཏོར་མ་སོགས། །སྔགས་དང་དམིགས་པ་གཅིག་པུས་ཆོག །བཞུ་སྔགས་ཀྱང་དེས་ཆོག །དམིགས་ངན་རྣམས་ནི་ཉེས་པ་ཆེ་བསམ་མ་བྲིས། དེ་ན་སེར་བ་བཟློག་ཐུབ་ན་རབ་ཐ་ན་བབ་ཀྱང་སེར་བའི་ཤུགས་ཉམས་ནས་ལོ་ཐོག་ལ་མི་གནོད། སེར་ལམ་བསྟན་པར་བཤར་སོང་ན་འབྲིང་པོ་ཡིན་ནོ། །སེར་བ་བཅའ་མ་ཤོར་བ་དང་། བཅས་པ་གཏོར་ཐུབ་པ་དང་། སེར་བ་བཞུ་ཐུབ་ན་མཆོག་ཡིན་ནོ། །དེ་ལྟར་བདག་རྒྱལ་ཁ་ལོན་ནས། ༈ བདག་ལས་སྤྲུལ་པའི་མཚོན་ཆ་མེ་དཔུང་རྣམས། །ཐམས་ཅད་ཚུར་འདུས་ཁྲོ་བོ་རྣམས་ལ་ཐིམ། །ཁྲོ་བོ་ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཀྱང་འོད་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་འོག་ནས་གྱེན་རྫོགས་སྟོང་པར་ཡལ། །འོད་གསལ་ཆོས་སྐུ་མངོན་སུམ་རྗེན་པར་བུད། །ཅེས་ཡུད་ཙམ་མཉམ་པར་བཞག །དེ་ནས་ལྷ་འདྲེ་གསོལ་བ་ནི༔ སྐད་ཅིག་ཉིད་ལ་རང་ཉིད་སྤྱན་རས་གཟིགས། །དབུ་ནི་གཟུགས་མེད་ཁམས་ཀྱི་སྲིད་རྩེར་སླེབས། །སྐུ་སྟོད་གཟུགས་ཁམས་སྐུ་སྨད་འདོད་ཁམས་ཁྱབ། །ཡེ་ནས་དམ་


CMR046_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡེ་ཤེས་དབྱེར་མེད་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་མ་འཛིན། །པད་ཟླའི་སྟེང་ལ་རི་རྒྱལ་ལྟ་བུར་བཞུགས། །སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པ་ཡིས། །ལྷ་འདྲེ་རྣམས་ཀྱི་ཞེ་སྡང་འཁོན་སེམས་ཞི། །བདག་གིས་རླུང་གཅིག་ཚུར་ལ་རླུབ་པ་དང་། །ལྷ་འདྲེས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བདག་ལ་ཐིམ། །སེམས་ཅན་ཐམས་ཅད་སྡིག་སྒྲིབ་སྡུག་བསྔལ་བྲལ། །བདག་གི་ཕན་སེམས་བཟང་པོའི་བདེན་སྟོབས་ཀྱིས། །བདག་ཉིད་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །བདག་གི་རླུང་ཞིག་ཕར་ལ་བཏང་བ་དང་། །བདག་གི་བདེ་སྐྱིད་དགེ་རྩ་ཐམས་ཅད་པ། །ལྷ་འདྲེའི་གཙོར་བྱས་སེམས་ཅན་ཀུན་ལ་ཐིམ། །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་གྱུར། །རང་གི་ཕྱག་གཡས་མཆོད་སྦྱིན་ཕྱག་མཐིལ་ནས། །འོ་མ་ལྟ་བུར་བདུད་རྩི་ཆུ་རྒྱུན་བབ། །སྡེ་བརྒྱད་སེར་བདག་སྣ་འདྲེན་བཅས་པ་ཡིས། །བདུད་རྩི་འཐུང་ཞིང་ལུས་རྣམས་ཁྲུས་བྱས་པའི། །ཐུན་དང་གཏོར་མ་རལ་གྲི་དྲག་སྔགས་དང་། །དམིགས་ངན་སྣད་ཡར་སྨྲས་འགྲམས་བྱུང་བ་སོས། །ན་ཚ་སྡུག་


CMR046_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཀུན་ཞི་བཀྲག་མདངས་རྒྱས། །བདག་ལ་དགའ་ཞིང་གུས་འདུད་བསྐོར་བ་བྱེད། །བྱམས་པའི་སེམས་ལྡན་ཡིག་དྲུག་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། དམིགས་པ་བསྒོམ་ཞིང་བརྒྱ་ཙམ་འདོན། ཨོཾ་སརྦ་བྷུ་ཏ་གཙྪ་གཙྪ༔ སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་རང་གནས་གཤེགས། །རྩ་བ་གསུམ་གྱི་ལྷ་ཚོགས་དགོངས་སུ་གསོལ། །བདག་གི་སྡེ་བརྒྱད་སེར་བདག་སྣ་འདྲེན་ལ། །དྲག་སྔགས་དམིགས་པ་ཐུན་གྱིས་བསད་པ་འདི། །བཅོམ་ལྡན་དབང་དྲག་པད་མའི་ལྷ་ཚོགས་ལ། །ཁམས་གསུམ་ཡོངས་སྒྲོལ་མཆོད་པར་འགྱུར་བར་ཤོག །བྱ་དང་རི་དྭགས་འབུ་སྲིན་ཐམས་ཅད་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་འགྲུབ་པར་ཤོག །དབུ་ནག་རྩམ་ཟན་འགྲོ་བ་ཐམས་ཅད་ལ། །ལོངས་སྤྱོད་ཟང་ཟིང་སྦྱིན་པར་འགྱུར་བར་ཤོག །སེར་བ་བསྲུང་ཕྱིར་ལྷ་སྒོམ་སྔགས་བཟླས་པའི། །མཆོག་གི་དངོས་གྲུབ་ཞོར་ལ་ཐོབ་པར་ཤོག །སེར་བ་བསྲུང་ཕྱིར་ལྷ་ལ་མཆོད་པ་ཡིས། །བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག །སྡེ་བརྒྱད་གདོན་ལ་ལོ་གླུད་བསྔོས་པ་ཡིས། །ལན་ཆགས་བུ་ལོན་ཐམས་ཅད་བྱང་བར་ཤོག །དེ་ལྟའི་དགེ་རྩ་དེ་དག་གཅིག་


CMR046_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ། །ཆོས་སྐུ་སྣང་བ་མཐའ་ཡས་སྤྱན་སྔར་འབུལ། །མཆོད་པའི་སྤྲིན་དཔུང་ནམ་མཁའ་ཁྱབ་གྱུར་ཅིག །དེ་ཡི་དགེ་བ་འགྲོ་དྲུག་ཀུན་ལ་བསྔོ། །ཐམས་ཅད་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་ཡི་དགེ་བ་བདག་ལ་འདིར་སྨིན་ནས། །ཚེ་རིང་ནད་མེད་ཉམས་རྟོགས་ནུས་པ་འབར། །ཚེ་གཅིག་པདྨ་འབྱུང་གནས་སྐུ་འགྲུབ་ཤོག །ས་ཕྱོགས་འདི་དང་འཇིག་རྟེན་མ་ལུས་པ། །རྟག་ཏུ་ལོ་ལེགས་བདེ་སྐྱིད་ལྡན་པ་དང་། །སྡེ་བརྒྱད་ཐམས་ཅད་བྱམས་པའི་སེམས་ལྡན་ཤོག །ཨོཾ་མངྒ་ལཾ་བྷ་ཝནྟ་སྭཱ་ཧཱ༔ ཅེས་བརྗོད་ལ་འཕྲལ་དེར་ཡང་ལྷ་ལ་གཏང་རག་གི་ཚོགས་དང་བསྐང་བ་འགྲུབ་ན་ལེགས། མ་འགྲུབ་ཀྱང་མཆོད་བསྟོད་བྱ། གཏོར་མ་འཕན་དགོས་བྱུང་ན་དེའི་ཚེ་གསར་དུ་སྔར་ལས་མི་ཞན་པ་བཅའོ། །རལ་གྲི་ཡང་རབ་གནས་སྤར་བའི་ཚུལ་དུ་ཅུང་ཟད་བསྔགས་ལ་བཞག་གོ །ཞེས་པ་གཞུང་ལུགས་མན་ངག་དུ་མའི་བཅུད་ཕྱུང་། ཞལ་ཤེས་དང་མྱོང་བ་ཡོད་པས་ཀྱང་བརྒྱན། འཕྲལ་དུ་སྔགས་ཆུང་ཞི་ཁྲོ་སྐྱབས་ཀྱིས་བསྐུལ་བ་དང་། གཞན་ཡང་སྔགས་པ་ཀུན་ལ་ཕན་ཕྱིར་ཨ་རཱ་གས་བྲིས་པ་ལ། ཉེས་པ་གང་མཆིས་ལྷ་དང་སྡེ་བརྒྱད་ར་ཧུ་ལ་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་མུ་གེའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ཨེ་མ་འདི་འདྲའི་གདམས་ངག་མེད་པར་སེར་བསྲུང་བས། །


CMR046_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་ཐུབ་དཀའ་གལ་ཏེ་ཐུབ་ན་ཡང་། །སྡེ་བརྒྱད་ལྷ་འདྲེ་གཟའ་ཀླུ་ཀུན་དང་འགྲོས། །ཚེ་འདིར་མི་རུངས་མི་ཤིས་སྣ་ཚོགས་འབྱུང་། །ཕྱི་མ་ལས་སྒྲིབ་ངན་སོང་སྡུག་བསྔལ་མྱོང་། །འདི་འདྲའི་གདམས་པ་ཤེས་ནས་སེར་སྲུང་བ། །ཚེ་འདིར་གཞི་བདག་ལྷ་འདྲེས་ཕྲིན་ལས་སྒྲུབས། །བར་ཆད་སེལ་ཞིང་དངོས་གྲུབ་སྟེར་བར་འགྱུར། །ཕྱི་མ་ངན་སོང་མི་ལྟུང་མཐོ་རིས་སྐྱེ། །ཡི་དམ་ལྷ་ཡི་རྗེས་བཟུང་ཞིང་ཁམས་བརྗོད། །དེ་ཕྱིར་སྔགས་པ་ཀུན་ལ་གསེར་བས་འཕོང་། །སེམས་བསྐྱེད་ཀུན་ལ་ཕན་ཅིག་ཨང་། །དེ་སྐད་སྔགས་ནག་རཱ་ག་ཨ་སྱས་སྨྲས། །བྷ་ཝནྟུ། བཀྲ་ཤིས་པར་ཤོག །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསེར་སྲུང་གདམས་པ་ཉེར་མཁོ་བཞུགས་སོ། next