Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས།


CMR046_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས་བཞུགས་སོ།


CMR046_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ གནམ་ཆོས་རྡོ་རྗེ་མཆུ་ཡི་སྒྲུབ་ཐབས་ཀྱི། །མན་ངག་ཞལ་ཤེས་ཉམས་སུ་བླངས་བདེར་བཀོད། །སྒྲུབ་གཏོར་ཤིང་སྡེར་ལ་སོགས་ཆེ་བའི་ནང་། །ཟན་ནི་གྲུ་གསུམ་ཧོམ་ཁུང་དབྱིབས་ཅན་དམར། །དེ་སྟེང་གཏོར་མ་ནག་པོ་ཟུར་གཉིས་པ། །དཔེའུ་རིས་ལས་བྱུང་བ་ལྟར་དུ་བཅའ། །རྩང་དང་དམར་རྒྱུན་མི་བྱ་ཤ་རྒྱན་བཙུགས། །སྟོད་ནི་ཁྲོ་བོ་སྨད་ནི་མཆོད་པར་དམིགས། །རྒྱུན་དུ་ལས་བྱང་འདོན་དུས་གསོ་བྲན་བྱ། །དེ་ཡི་མཐའ་བསྐོར་རམ་ནི་གར་བདེ་རུ། །སྐྱེར་པའི་རྩང་ཐུར་བཙུགས་པའི་ཀོང་ཟོར་དང་། །སཱཙྪ་ནག་པོ་ཕུར་པ་མཐོ་རེ་


CMR046_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །ཚྭ་དང་ཅོང་ཞི་ཞིབ་བཏུལ་ཁྲག་དང་བསྲེས། །དེ་ལ་ལྕགས་ཕྱེ་བཏབ་ནས་ཡོད་ན་བཟང་། །དེ་ཉིད་རྡོ་ཐུན་མང་པོར་བྱུག་པ་དང་། །དེ་དག་སེར་གཏའ་བཀྲམ་རྒྱུ་སྔགས་ཕྱིར་བཞག །གཏེར་གསར་ལུགས་འདིར་སྔགས་དང་ཤོག་དྲིལ་དང་། །རྫས་དང་འཁོར་ལོ་མི་དགོས་ཟབ་ཁྱད་ཡིན། །འོན་ཀྱང་དེ་དག་ཐོན་ན་བཟང་བའི་ཕྱིར། །རཀྟ་ཞེས་པའི་སྔགས་དེའི་ཤོག་དྲིལ་ནི། །གྲོ་ག་ལ་བྲིས་སཱཙྪའི་ནང་དུ་བཅུག །ཕུར་པ་ཐུང་ན་ཕུར་པའི་སྐེད་པར་དཀྲི། །ཕུར་པ་རིང་ན་ཆངས་ཟུང་ཨཱཡིག་དང་། །ཆངས་ཟུང་འགོ་མར་ཨོཾ་དང་འོག་མར་ཧཱུྃ། །ཕུར་པའི་ལོགས་


CMR046_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྲུང་སྔགས་བཀོད་བྱ་སྟེ། །སྟོད་ལ་ཨོཾ་དང་སྔགས་མཇུག་ཕུར་རྩེར་སྟོན། །ལོགས་གཅིག་ལ་ནི་ཨོཾ་ནས་ཀོན་གྱི་བར། །གཅིག་ལ་ཙ་ནས་རཾ་གྱི་བར་དུ་བྲི། །གཅིག་ལ་གྷ་ནས་ཀླུ་ཡི་བར་དུ་བྲི། །ཕུར་པ་ཐམས་ཅད་བཙག་གིས་དམར་པོ་བྱུག །ཡུངས་ཀར་ཐལ་ཆེན་སྔགས་པ་རས་གཙང་བསྟུམ། །ཕུར་པའི་སྐེ་ལ་ཚོན་སྐུད་སྣ་ལྔས་བཅིང་། །གྲོ་ག་མཆོག་ཡིན་ཤོག་གུ་འཐུག་པོ་ལ། །དབུས་སུ་ཧཱུྃ་ཡིག་རྩེ་ལ་ཁྲོམ་ཡིག་བཀོད། །དེ་ཡི་མཐའ་བསྐོར་ཁྲོ་བོ་རྡོ་རྗེ་མཆུས། །ཡུལ་འདིའི་ལོ་ཐོག་འབྲས་དྲུག་ཐམས་ཅད་ལ་སྲུངས་ཤིག །སེར་ཟློབ་མ་བཏང་ཞིག །ཅེས་པ་སེར་ལམ་གཅོད་པའི་འཁོར་ལོ་སྟེ། །སྒྲུབ་རྟེན་གཏོར་མའི་རྩེ་ལ་བཙུགས་རྒྱུ་ལ། །རང་གིས་བསྲུང་རྒྱུའི་གྲོང་པ་ཐམས་ཅད་ཀྱི། །མིང་རྣམས་ཡུལ་འདི་ཞེས་པའི་ས་དེར་བྲི། །དེ་རྒྱབ་མུ་ཁྱུད་བསྙེན་སྔགས་བྲི་བ་སྟེ། །དེ་རྒྱབ་རྩིབས་བཅུ་ལ་ནི་ཧཱུྃ་ཡིག་རེ། །དེ་རྣམས་ཡིག་མགོ་ཕྱི་ལ་བསྟན་པ་སྟེ། །དེ་རྒྱབ་མུ་ཁྱུད་གདོང་ཟློག་སྔགས་བྲི་བ། །དེ་ནི་ཡིག་མགོ་ནང་དུ་བསྟན་པར་བྱ། །དེ་རྒྱབ་མུ་ཁྱུད་ཅུང་ཙམ་ཆེ་བ་ལ། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་རྣམས་ནི་ཕྲེང་གྲངས་མེད་པ་བྲི། །ཡུལ་ཀུན་


CMR046_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ལ་གཏོར་མའི་རྩེ་རུ་བཙུགས། །གཅིག་དེ་གལ་ཆེ་ས་ཡི་སེར་ཐོའི་ནང་། །ཟོར་དང་ཐུན་ནི་གདོང་ཟློག་འཕེན་རྒྱུ་ཡིན། །ཤིང་རལ་དང་ནི་གདོང་བཟློག་སྔགས་བྲི་སྟེ། །ཤིང་རལ་ཡང་ནི་སེར་ལམ་བཞག་རྒྱུའོ། །གདོང་ཟློག་སྔགས་ཀྱི་མཇུག་ཏུ་འདི་ཡང་བྲི། །གཡས་སུ་བྱོལ་ཅིག །གཡོན་དུ་གཟུར་ཅིག །གློག་མོའི་ལྕེ་ཆོད། འབྲུག་མོའི་སྒྲ་ཆོད། སེར་བ་དཀར་པོའི་རྐང་པ་ཆོག་ཅིག །ཤ་ལཾ་བྷི་ཏི་སྭཱ་བྷ་ཡ་ནྟཾ་བྷ་ཡ༔ ཨུ་ཙཊྚ་ཡ་ཨུ་ཙཊྚ་ཡ༔ ཕཊ་ཕཊ་སྭཱ་ཧྭ༔ ཡ་ཡ་ས་ཏྲི་ཀ་ཏྲི༔ རུ་རུ་ཙི་རུ་ས་ར་ཡ་ཛ་ཛཿ ཨོཾ་བཛྲ་ཏ་ཀི་ནི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སེར་སྲུང་སྙན་བརྒྱུད་ཡི་གེ་མེད་པ་ནི། །སྔགས་པ་ནུས་ལྡན་གདུང་རུས་ཕྱེ་མ་ནི། །སཱཙྪའི་ནང་དུ་བསྲེ་བ་ཟབ་པར་བརྩི། །ཕག་ཚིལ་ཆུ་དག་སྦྲུལ་ཚིལ་རྩང་ཕག་ཤ །གླ་རྩི་བཙན་དུག་བྱ་རོག་འུག་པའི་སྒོ། །མུ་ཟི་རྐྱང་རྟེལ་དུད་པས་སེར་བ་ཆད། །ཡང་ན་རྩང་པའི་ཤ་དང་སྦྲུལ་ཤ་དང་། །ཕག་ཚིལ་གུ་གུལ་གླ་རྩི་ཆུ་དག་ནག །གྲོ་ཕྱེ་བསྲེས་པའི་རིལ་བུ་མང་པོ་འཚག །དུད་པ་ཐེང་བ་ཙམ་གྱིས་སེར་བ་ཆད། །ཡང་ན་སྲེ་མོང་ཤ་དང་རྩང་པའི་ཤ །རྟ་བོན་རྐྱང་བོན་མུ་ཟི་ནག་པོ་དང་། ཕག་མོའི་


CMR046_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བྲུན་དང་གུ་གུལ་གླ་རྩི་དང་། །སྦྱར་བུན་ར་ཐུག་ལུག་ཐུག་རྨང་ཁའི་སྤུ། །དུད་པ་ཐེང་བ་ཙམ་གྱིས་སེར་བ་ཆད། །རོ་རས་ཤ་ཆེན་གུ་གུལ་སེ་བ་དང་། །རྒྱུ་སྐག་མུ་ཟི་ཡུངས་ཀར་ལྡོང་རོས་ཏེ། །རྫས་བརྒྱད་འཛོམ་ན་དུད་པ་ཐེང་བར་ཆོག །དེ་དག་རྫས་ཀུན་འཛོམས་པར་དཀའ་བ་སྟེ། །གང་འཛོམ་ཕྱོགས་བསྡུས་བྱས་ན་སྔགས་ནས་འཚག །ནམ་ཡིན་མི་བདུག་ཕོག་ཐུག་འགྲོ་དོག་ཡོད། །ཨུས་ཐུག་མི་ཐུབ་ཤོམ་དུས་ཞད་ཙམ་འདུག །སེར་གཏའ་རྫས་སྣ་དེ་དག་སྔོན་ནས་བསགས། །གཏོར་མཆོད་བཅས་པ་མཚམས་བསྡོམ་ཞག་བདུན་སྒྲུབ་། །ཆོ་ག་གཅིག་གིས་བདག་མདུན་དུས་གཅིག་བསྒོམ། །བདག་མདུན་ཕྱི་རོལ་ཧཱུྃ་ཡིག་ཡོངས་གྱུར་པ། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་རྩིབས་གཉིས་བཅས། །རྩིབས་རྣམས་རལ་གྲི་སོ་གཉིས་རྩེ་རྣོ་ལྟར། རྩིབས་ནང་རྩིབས་རྩེར་རང་འདྲའི་ཁྲོ་བོ་བཅུ། །འཁོར་ལོའི་ནང་ནི་སྦུབ་ཆལ་ཁ་སྦྱོར་ལྟར། །སྟོང་པའི་ནང་དུ་བདག་མདུན་དཀྱིལ་འཁོར་གསལ། །རྩིབས་རྣམས་སྔ་དྲོ་གཡས་དང་ཕྱི་དྲོ་གཡོན། །དྲག་ཏུ་འཁོར་བའི་རྩེ་མོས་གནོད་བྱེད་གཏུབ། །དེ་རྒྱབ་འཁོར་ལོ་ཆུང་ངུ་མང་པོ་འབྲེལ། །དེ་རྒྱབ་རྡོ་རྗེ་རིན་ཆེན་པདྨ་


CMR046_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱ་གྲམ་མེ་རི་ཁ་དོག་ལྔ་ལྡན་གུར། །དེ་སྟེང་སྤྱི་གཙུག་ཐད་ཀྱི་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཡི། །དབུས་སུ་ཤཱཀྱ་ཐུབ་པ་སྟོང་ཕྲག་བཞུགས། །རྩིབས་སྟོང་ནང་དུ་བསྐལ་བཟང་སངས་རྒྱས་སྟོང་། །བཞུགས་ནས་སྟེང་ཐོག་གནོད་པ་སྲུང་བར་བསྒོམ། །རང་གི་རྐང་ཞབས་གཡུ་ཡི་གྲོད་པ་ནི། །ཆེན་པོ་རྐང་པས་ནེམ་ནེམ་མནན་ཡོད་བསམ། །དེ་ཡིས་འོག་འཁྱུག་སྲུང་བར་བྱེད་པར་བསམ། །མདུན་བསྐྱེད་རྡོ་རྗེ་མཆུ་ཡི་ཐུགས་ཀ་རུ། །རང་གི་བསྲུང་རྒྱུའི་ལོ་ཐོག་ཀུན་ཚུད་བསྒོམ། །ཉིན་ཕྱེད་ཡན་ལ་བསྙེན་སྔགས་སྭཱ་ཧཱ་ཅན། །ཉིན་ཕྱེད་ནས་བཟུང་སྔགས་འདིས་སེར་གཏའ་སྔགས། །ཨོཾ་བཛྲ་དུ་ན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི་རཾ་རཾ་གྷ་རུ་ཎ་ཨ་ཏི་སེར་བ་སྲུངས་མི་ཏི་སེར་བ་རཀྵ་རཀྟ༔ སེར་གཏད་ཐམས་ཅད་ཁྱུང་དང་ཁྲོ་བོར་བསྒོམ། །དེ་འདྲ་དཔག་མེད་སྤྱན་དྲངས་བསྟིམ་བྱ་ཞིང་། །ཐུན་བཞི་ལས་བྱང་བསྟོད་པ་ཡན་ཆད་འདོན། །དགོང་མོའི་ཐུན་ལ་ཚོགས་དང་གཏོར་འབུལ་བྱ། །དེ་ལྟར་བསྙེན་ཚད་ཞག་བདུན་བསྒྲུབས་བྱས་པས། །མཁར་ལས་བཟང་པོ་བྱས་དང་བཙན་སར་འདུག །ར་ལུག་ཁྱིམ་དུ་བཙུད་དང་


CMR046_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཤའ་རགས་བརྩིག །ནགས་ཚལ་འཐུག་པོའི་ནང་དུ་འདུག་པ་དང་། །ཞིང་གི་རིམ་པ་བཙན་པོས་བྱས་པ་རྨི། །གཞན་ཡང་མཚན་ལྟས་བཟང་ན་འགྲུབ་པ་ཡིན། །གཞུང་ན་མེད་ཀྱང་སྔགས་རྒན་གསུང་རྒྱུན་ལ། །ལུག་ཁྱུ་མ་ཐུབ་རྨི་ན་ངན་ཞེས་ཟེར། །ད་རུང་སྒྲུབ་པ་ཞག་གྲངས་བསྲིང་ན་ལེགས། །དེ་ལྟར་སྒྲུབ་ཚར་ནས་སེར་བསངས་བྱ། །ཡུལ་དེའི་གཞི་བདག་དྲགས་རིམ་མིང་ནས་འབོད། །ལོ་ཐོག་འདི་དག་ཁྱེད་ལ་བཅོལ་བ་ཡིན། །སེར་བ་མ་གཏོང་ཁྱེད་ཀྱིས་ཐུབ་པར་སྲུངས། །མཐུ་དང་ནུས་པ་ཅི་འདུག་ལྟ་འོ་བརྗོད། །དེ་ནས་ཕུར་པ་སཱཙྪ་མཁར་གོང་སོགས། །གང་འོས་སོ་སོར་སེར་གཏའ་བཀྲམ་རྒྱུ་བསྐུར། །འཁོར་ལོ་ལྟེབས་ནས་ཕྱིང་པ་སོགས་ཀྱིས་བསྟུམ། །སེར་བ་རྒྱུན་ཏུ་འོང་བའི་སེར་ལམ་གྱི། །སེར་ཐོའི་ནང་དུ་བཞག་རྒྱུ་བསྐུར་བས་ཆོག །སཱཙྪ་འཁོར་ལོ་ཆུ་ཡིས་མི་འཇིག་བྱ། །སེར་ཐོ་རྣམས་ཀྱང་ཁྲོ་བོ་ཁྱུང་བཅས་བསྒོམ། །རྒྱུན་དུ་ལས་བྱང་འདོན་དུས་བསྐྱེད་བསྟིམ་བྱ། །སེར་གཏའ་རྣམས་ལ་བུད་མེད་མི་རེག་བྱ། །དམ་ཚིག་རང་དང་སྡེ་ཡི་བསྲུང་བྱ་གཉིས། །རང་གི་ཕྲེང་བ་གཞན་གྱིས་ལག་མི་འགྲིམ། །ཕྱི་ཤ་མི་ཟ་མགོ་ལ་མར་མི་བཀུ། །སླ་ངར་


CMR046_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བརྫིས་པའི་ཟན་ནི་མི་ཟ་ཞིང་། །མནའ་རྫུན་མི་སྨྲ་སླ་ང་མགོར་མི་གྱོན། །རྨེ་ཅན་དམ་ཉམས་ཁ་འཕྲོ་འཐུང་མི་རུང་། །སྒྲུབ་ཚེ་སྔགས་ཚིག་གཞན་གྱིས་མ་ཚོར་བྱ། །སེར་བ་བསྲུང་ཚེ་གདམས་ངག་སྤེལ་མི་རུང་། །མི་གཙང་གོས་སྨེ་གོན་པར་མི་བྱའོ། །སྡེ་ཡིས་བསྲུང་བྱ་མནའ་གཉན་སྐྱེལ་ལེན་དང་། །ཉ་དང་སྦལ་སྦྲུལ་ཕྱི་བ་གསོད་མི་རུང་། །ཤིང་གཉན་གཅོད་དང་ཆུ་མིག་ནེའུ་སིང་རློག །གླང་དང་རྔ་བྲན་བཤའ་བར་མི་རུང་ངོ་། །འཛིན་རྩོད་ངུ་འབོད་ཀླུ་ཤིང་མེར་མི་བཅུག །སེར་བ་སྔགས་དུས་སྔགས་པའི་ངོར་མི་ལྟ། །ཁྱི་དང་བུད་མེད་སྔགས་པའི་རྩར་མི་བཏང་། །སྔགས་པའི་སྔོན་དུ་ར་ལུག་མི་འདེད་ཅིང་། །སེར་བ་སྔགས་སྟང་མི་རུང་དམ་ཚིག་ཡིན། །དེ་ནས་དུས་དང་དུས་མིན་སེར་བ་གཉིས། །ཚེས་བཞིའི་སྔ་དྲོ་སྤྲིན་ནི་སེར་ནག་བྱུང་། །ཚེས་བརྒྱད་ཕུག་རོན་སྐེ་ཡི་མདོག་འདྲའི་སྤྲིན། །བཅུ་གཅིག་ར་མ་རྒྱ་མོའི་སྦོ་འདྲ་དང་། །བཅོ་ལྔ་ཁམ་ནག་ཐལ་བ་གནམ་སྟོར་འདྲ། །བྷོ། བཅོ་བརྒྱད་རྟ་སྐྱའི་རྔ་མ་གྱེན་བཤད་འདྲ། །ཉི་ཤུ་སྤྲིན་དམར་སེམས་ཅན་གཟུགས་འདྲ་བ། །ཉེར་དགུ་སྤྲིན་ནི་དུད་ཁ་མགོ་ཆེ་བ། །དེ་དག་སེར་བའི་དུས་ཡིན་སྔགས་དམིགས་


CMR046_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིམ། །དུས་མིན་སྤྲིན་ནི་རྨ་བྱའི་མགྲིན་འདྲ་དང་། །དུང་རྩེགས་འདྲ་ན་སེར་སྤྲིན་ཡིན་པས་སྔགས། །གཡུ་འབྲུག་འདྲ་ན་ཕྱི་འཕྲད་འོང་བའི་རྟགས། །དཀར་པོ་སྲན་མ་གཏོར་འདྲ་ཕྱིན་ཉིན་འོང་། །དཀར་པོ་དུང་འདྲའི་དཀྱིལ་དུ་གཟུགས་བརྙན་འདྲ། །ཕྱིན་ཉིན་ནམ་ནི་སྲོད་ལ་འོང་བ་ཡིན། །ར་མ་རྒྱ་མོའི་སྤོ་འདྲ་དམའ་ཞིང་འཁྲུགས། །རྨུགས་ཆེན་བྱུང་ན་འཕྲལ་དུ་འོང་བ་ཡིན། །ཁང་རྨིང་ས་རྡུལ་འདྲ་ན་དེ་མ་ཐག །ནམ་མཁའ་སྐྱ་དང་འོད་དེ་འཕྲལ་དུ་འོང་། །ཕུབ་རུལ་ཐལ་བ་གཏོར་འདྲ་ཕྲལ་དུ་འོང་། །དུད་ཁ་བང་རིམ་ཆགས་པ་འདྲ་བ་དང་། །སྤྲིན་ཀུན་དམའ་ཞིང་འཁྲུག་ན་འོང་བ་ཡིན། །འབྲུག་ནི་རྐང་པའི་འོག་ནས་གྲག་འདྲ་དང་། །གྲམ་རྡོ་ཆད་འདྲ་འབྲུག་སྐད་ཡང་ཡང་ཆད། །གློག་ནི་དམའ་ཞིང་ཁྱིམ་དུ་འཁྱུག་འདྲ་དང་། །སྤྲིན་ནི་ཐལ་བ་འདྲ་ཞིང་དམའ་ལ་འཁྱུག །འབྲུག་སྒྲ་ཆེ་ཞིང་ནམ་མཁའ་གསལ་ལ་སྐྱ། །ནམ་མཁའ་མཐིང་ནག་འབྲུག་སྒྲ་གློག་ཀྱང་མྱུར། །སྤྲིན་དལ་རླུང་འཚུབ་ཀ་ར་ར་བྱེད་ན། །ཉི་མ་ཕྱི་དྲོ་མུན་འཚུབས་དུས་ལ་འོངས། །སྤྲིན་དཀར་འཕང་མཐོ་རླུང་དྲག་ཤེད་ཆེ་ན། །ཉི་མ་ཕྱེད་ཡོལ་མན་གྱིས་སེར་བ་འོང་། །དུད་ཁ་སེམས་ཅན་


CMR046_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་འདྲ་ཀླུ་ཡིན་ཏེ། །ཁམ་ནག་རླུང་འཚུབ་འབྲུག་གློག་ཆེ་བ་ན། །བདུད་ཀྱི་སེར་བ་མུན་འཚུབས་ནམ་ཕྱེད་འོངས། །སེར་པོ་རླུང་འཚུབ་སྐོར་སྐོར་བཙན་གྱི་ཡིན། །སྤྲིན་ནག་ནམ་མཁའ་སྐྱ་ལ་འཚུབ་མ་ལོང་། །ལྷ་སྲིན་སྡེ་བརྒྱད་འདུས་པའི་སེར་བ་ཡིན། །སྤྲིན་ནག་ཐད་དཀར་འཁྱིལ་ཞིང་གཞན་རྣམས་དང་། །དེ་ནི་གཟའ་ཡི་སེར་བ་ཡིན་པར་བཤད། །དེ་ལྟར་སེར་བ་བཅས་ནས་བྱུང་བའི་དུས། །དེ་ལ་ཁ་གྱུས་སྔགས་ནི་མི་རུང་སྟེ། །སྡེ་བརྒྱད་ཁྲག་སྐྱུག་གཟའ་ཡི་ལྟོ་བ་འགས། །རང་ཉིད་སྡེ་བརྒྱད་ཀུན་དང་འགྲས་ཚབ་ཆེ། །དེ་ཕྱིར་སེར་སྤྲིན་ལ་ནི་རྒྱབ་རྟེན་བསྔགས། །ཕྱི་ལྟས་བྱས་ལ་ཐུན་དང་སྡིགས་མཛུབ་བྱ། །ཕྱག་གཡོན་རླུང་འཚུབ་སྤྲོས་པས་སེར་སྤྲིན་གཏོར། །ཕྱག་གཡས་མེ་དཔུང་འབར་བས་སེར་བ་བཞུས། །སེར་སྤྲིན་བྱུང་ནས་བཟུང་སྟེ་གདོང་ཟློག་སྔགས། །འདི་ཉིད་དྲག་ཏུ་བརྗོད་ཅིང་སྔགས་པར་བྱ། ཨོཾ་བཛྲ་དུན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ སེར་བ་མཱ་ར་ཡ་ཕཊ༔ ཟློག་ཟློག༔ གནོད་བྱེད་སེར་བ་སེར་བྱེད་དང་བཅས་པ་ཛྭ་ལ་རཾ་རཾ༔ སེར་སྤྲིན་གཏོར་མ་ཐུབ་ཅིང་འཁྲིགས་བསྡད་ན། །ལྕགས་ཕྱེ་བསྲེས་པའི་ཐུན་


CMR046_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡོད་ན་འཕང་། །ལག་གཡས་རྡོ་རྗེའི་ཕྱག་རྒྱ་བྱས་ནས་ཀྱང་། །སེར་ལམ་སྟོན་པའི་སྔགས་འདི་བརྗོད་བྱ་སྟེ། །ཨོཾ་བཛྲ་དུན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ སེར་བ་བྷོ་བྷོ་དྷིར་གྷོ་འདིར་བྱོ༔ ཞེས་པའི་སྔགས་ནི་དེ་ཡི་མཇུག །ལོ་ཐོག་མེད་པའི་ས་ཕྱོགས་སུ། །ནགས་ཚལ་ཆེ་ན་འདི་ཉིད་བྱ། །ནགས་རི་ལ་རྒྱབ་ཡཱ་ཆོམ། །སྤང་རི་ཆེ་ན་འདི་ཉིད་སྦྱར། །སྤང་རི་ལ་རྒྱོབ་ཡ་ཡི༔ བྲག་རི་ཆེ་ན་འདི་ཉིད་སྦྱར། །བྲག་རི་ལ་རྒྱོབ་ཡ་ཧཾ་རྫ་རི་ཆེ་ན་འདི་ཉིད་སྦྱར། །རྫ་རི་ལ་རྒྱོབ་ཡ་ཨཱ༔ མཚོ་འམ་ཆུ་ཆེན་ཡོད་པ་ན། །ཆུ་ལ་རྒྱོབ་ཡ་ཨཱ༔ ། ཞེས་པ་གང་རུང་ཤམ་བུ་གཅིག་སྦྱར་གྱིས། །ཐམས་ཅད་སྦྱར་ན་མི་རུང་ངོ་། །དེ་ཕྱོགས་རྡོ་རྗེས་ལམ་བསྟན་པས། །སེར་བ་དེ་རུ་འགྲོ་བར་འགྱུར། །གལ་ཏེ་སེར་རྐང་བཙུགས་བྱུང་ན། །ཡོད་ན་ཤིང་རལ་གཡུག་བྱ་སྟེ། །མེད་ན་རལ་གྲིའི་ཕྱག་རྒྱ་གཡུག །གནམ་ལྕགས་ངར་མིའི་རལ་གྲི་ཡིས། །སེར་བའི་རྐང་པ་བཅད་པར་བསྒོམ། །ལག་པ་ཁྱུང་གི་ཕྱག་རྒྱ་བྱས། །ཁྱུང་གིས་གཤོག་པས་སེར་སྤྲིན་རྣམས། །གཤག་ཅིང་མེ་ཡིས་བསྲེགས་པར་བསྒོམ། །དེས་མ་ཐུབ་ན་ཐུན་དང་ཟོར། །ཁྲོ་བོ་ཁྱུང་བཅས་མེ་འབར་


CMR046_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །སེར་བའི་གདོང་དུ་བརྒྱབ་པ་ཡིས། །སེར་བ་སེར་བྱེད་གཞོབ་པར་བསྒོམ། །རྡོ་རྗེའི་འགྲོས་བྱས་ཕུར་པ་འདྲིལ། །སེར་འབྲུ་ཁར་བཅུག་གནམ་དུ་སྟོར། །ཤིན་ཏུ་ཐུ་ན་ཞྭ་གོས་བརྡབ། །རྟེན་གཏོར་འཕང་བས་ཐེ་ཚོམ་མེད། །དེ་ནས་སེར་བ་ཡལ་བ་དང་། །ཉམས་ལེན་སྟོང་ཉིད་ངང་ལ་བཞག ༈ །དེ་ནས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཁ་སར་པཱ་ཎིའི་སྐུ། །ནམ་མཁའ་ཁྱབ་པའི་ཕྱག་གཡས་ཀྱིས། །མཆོག་སྦྱིན་མཐིལ་ནས་ཧཱི༔དཀར་ལས། །བདུད་རྩིའི་འོ་མའི་མདོག་ལྟ་བུ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་བབ། །ལྷ་འདྲེ་ཀུན་ལ་ཁྲུས་བྱས་པས། །སྣད་ཡར་སྨད་འགྲམ་བྱུང་བ་གསོས། །བདུད་རྩི་འཐུང་བས་ངོམ་ཞིང་ཚིམ། །ཐལ་མོ་སྦྱར་ནས་ཆོས་ཉན་བསྒོམ། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལྷ་འདྲེ་རྣམས་ལ་ཆོས་སྦྱིན་དང་། །འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན། །རྩམ་ཟན་རྣམས་ལ་ཟང་ཟིན་སྦྱིན། །སེམས་ཅན་ཀུན་ལ་བྱམས་པའི་སྦྱིན། །སེར་སྲུང་སྦྱིན་པ་རྣམ་བཞི་འདིས། །བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག །


CMR046_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་བསྔོ་བ་སྨོན་ལམ་བྱ། །ཐོག་ཆོད་སྐྱ་ནི་ཞམ་པའི་དུས། །གཏང་རག་བསངས་མཆོད་ཐོན་ན་ལེགས། །ཚོགས་དང་མཆོད་གཏོར་རྒྱས་པར་འབུལ། །གཏང་རག་ལེགས་སོ་ཐོན་ན་ནི། །དེ་ཕྱིར་སྲུང་ཡང་སླ་བ་ཡིན། །སེར་གཏའ་རྣམས་ཀྱང་བསྡུས་ན་ལེགས། །རབ་གནས་སྤར་ནས་ཕྱིར་ལོ་བཀྲམ། །གལ་ཏེ་བསྡུ་བར་མ་གྲུབ་ན། །རྗེས་ཆོག་སྐབས་སུ་དམིགས་པས་བསྡུས༔ བསྟིམས་པའི་ལྷ་རྣམས་གཤེགས་གསོལ་བྱ། །དེ་དག་ཐམས་ཅད་རྡོ་རྗེ་མཆུ། །ཁོ་ནའི་གཞུང་ནས་བྱུང་བ་སྟེ། །རྡོ་རྗེ་མཆུ་ཡི་རྩ་སྔགས་མཇུག །ཚོག་རུ་ཊ་ཧཾ་ས་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཡོར་གེ་ག་གེ་སད༔ ཐཾ་ཐཾ་སད༔ རཾ་རཾ་སད༔ ཕུར་ཕུར་སད༔ པྲ་མུ་ཏི་སད༔ ཅེས་པའི་ཤོག་དྲིལ་བྲིས་ནས་ཀྱང་། །རང་སྔགས་དེ་ཡིས་ཅི་འགྲུབ་སྔགས། །སེར་དུང་ལ་ནི་དཀྲིས་ཏེ་བཅིང་། །བུས་པས་སེར་བ་ཐུབ་པར་བཤད། །སེར་སྒྲ་ཙིར་སྒྲ་གྲག་པའམ། །རྨི་ལམ་མགར་ཚང་མགར་བྱེད་མཐོང་། །ཉམས་སྣང་ལྕགས་རྡུང་སྒྲ་ཐོས་ན། །ཐོག་ནི་འོང་བའི་ལྟས་ཡིན་པས། །ཐོག་དམིགས་གཞུང་དུ་གསལ་ལྟར་ལས། །ནི་ནཱ་ག་ཛ་མུ་ན་ཏི་དེ་ཉིད་ཅུང་ཟད་བཟླས་པས་ཐུབ། །མཐིང་ཤོག་


CMR046_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གསེར་གྱི་བྲིས། །རང་སྔགས་དེས་སྔགས་བཏགས་པ་ན། །ཐོག་སྲུང་དེ་ལས་ཟབ་པ་མེད། །རང་བྱུང་བ་དང་ཨོ་རྒྱན་གསུངས། །དེ་གཉིས་གཞན་ནས་ཁ་བསྐང་བྱས། །ལྷ་བཙུན་སྔོན་མོའི་གཏེར་མ་ཡི། །རྡོ་རྗེ་མཆུ་ནི་རྒྱས་ན་ཡང་། །གཏེར་རྙིང་དབང་ལུང་བརྒྱུད་པ་དཀོན། །འཁྲུགས་ཆེ་ཕལ་ཕྱིར་ལག་ལེན་དཀའ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ། །ཁྲོ་བོ་ཉིད་ཀྱིས་གསུངས་པའི་ཕྱིར། །བརྒྱུད་པ་ཉེ་ཞིང་རྣོ་བ་ཡིན། །དེ་སྔོན་ཐུབ་པའི་ལག་བླང་མང་། །འོན་ཀྱང་འདོན་འགྲིགས་ཕྱག་ལེན་བཅས། །གསར་བུ་རྣམས་ལ་ཕན་པའི་ཕྱིར། །འདི་ཡི་དབང་ལུང་ཐོབ་ཕྱི་ནས། །དཔེ་ཆ་ཡོད་པས་ཆོག་པ་འདི། །གཏེར་བློན་རཱ་ག་ཨ་སྱས་བསྒྲིགས། །དགེ་སློང་བརྩོན་འགྲུས་ཅན་གྱིས་བྲིས། ཉེས་འགལ་སེར་བདག་རྣམས་ལ་བཤགས། །དགེ་བས་རྩམ་ཟན་མི་རྣམས་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་ཤོག །མངྒ་ལཾ།། །།སྟོད་ཁྲོ་བོ་བསྐྱེད། །སྐྱེར་པ་དགོས། ཟུར་གཉིས་མདུན་འབུར་དོད་ཀྱི་དཀྱིལ་འཁོར་གཤོང་གདན་ཟན་གྲུ་གསུམ། མར་རྒྱན་དང་རྩང་མི་བཙུགས། ཧོམ་ཁུང་དམར། གཏོར་མ་ནག་པོ་མཐོན་ཟན་མདོག་རུང་། །སྣོད།་་ཀོང་ཟོར།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས།next