Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡེབ་འཁོར་གནད་ཀྱི་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡེབ་འཁོར་གནད་ཀྱི་མན་ངགnext

རྡེབ་འཁོར་གནད་ཀྱི་མན་ངག


CMR046_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྡེབ་འཁོར་གནད་ཀྱི་མན་ངག །གནད་ཀྱི་གདམས་པ་ཞལ་ལུང་མ་ཡི་དམིགས་རིམ་ལྟར་གསལ་བས། བདག་ཉིད་ཡི་དམ་བསྐྱེད། དབུ་ཚངས་པའི་སྲིད་རྩེར་ཁྱབ་པ། ཞབས་རྡོ་རྗེ་གདན་དུ་བསྐྲད་པ། སྡེ་བརྒྱད་གཙོ་བོ་རཱ་ཧུ་ལ་ཡི་ཁོག་པར་སེར་བྱེད་བསྟིམས་ནས་སྐེ་ནས་ཞབས་གཉིས་ཀྱི་དྲག་ཏུ་མནན་ནས་ཕྱག་གཉིས་ཀྱིས་མཇུག་མ་ནས་བཟུང་། ཤུགས་ཀྱི་ཤིན་ཏུ་ཁྲོས་ནས་གཅུས་པས་གཟའི་ཁ་ནས་སྡེ་བརྒྱད་ཀྱིས་གློ་སྙིང་ནང་ཁྲོལ་ཁྲག་དང་བཅས་པ་ཐམས་ཅད་མར་བུད་བྱུང་བས་སྐེ་དང་ལུས་ཐམས་ཅད་ཚ་ཧྲག་ཧྲག་རྩེ་ཟིང་ཟིང་ཟ་ཕུ་ལུ་ལུ་བྱེད་པར་བསམ། ཁ་ནས་དམྱལ་སྒྲ་དང་སྨྲེ་སྔགས་ཙེར་ཙེར་བྱེད་པར་བསྒོམ་ལ་སེར་བ་ཚབ་ཆེ་ཆུང་དང་བསྟུན་པའི་དམིགས་རིམ་གང་འཚམས་ཤིན་ཏུ་གསལ་བའི་ངང་ནས་རྡོ་རྗེའི་འགྲོས་བྱ་ཞིང་རྡེབ་འཁོར་དྲུད་པ་དང་རྡེབ་དགོས་བྱུང་ན་བསད་སྔགས་བཟླས་སོ། །ཡི་དམ་གུ་དྲག་མཁན་ཡིན་ན། ཨོཾ་ཨཱཿཧཱུྃ། ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ། ཨོཾ་བི་ཏུ་ཊ་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པའི་ལུས་ངག་ཡིད་གསུམ་ཁུག་ཛ་སམྦྷ་ཡ་ནན༔ བཛྲ་ཡཀྵ་ཀྲོ་ཏ་ཐུམ་རིལ་རྦད༔ རཀཱ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་སྟམྦྷ་ཡ་ནན་ནཱ་ག་ཤ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་དམིགས་པ་གསལ་ན་ངེས་པར་ཐུབ་བོ། །ཨ་རཱ་གས་སོ། ༈ །ཡང་ཤིན་ཏུ་སེར་བ་རང་གི་ཐད་ནས་


CMR046_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་གཏུག་བྱུང་ན། རང་ཉིད་ཡི་དམ་སྐད་ཅིག་གིས་གནས་འགྱུར་ནས། རང་ཡང་གན་རྐྱལ་དུ་ཉལ་ལ། སྡིག་པ་ནག་པོ་འཇིགས་སུ་རུང་བ་འཇིག་རྟེན་གྱི་ཁམས་གང་བས། རང་གི་སྲུང་རིས་མེར་གྱིས་གང་ནས། རྭ་གཡས་པ་དགུས་སྲིད་པའི་རྩེ་མོ་སྙིལ་བར་བྱེད་པ། གཡོན་པ་དགུས་ས་འོག་ནས་གཡེངས་བར་བྱེད་པ། ཁ་ནས་དུག་གི་རླངས་པ་ཕྱུ་རུ་རུ་བྱེད་པ་གཅིག་བསམ། ཞལ་ནས་ཧཱུྃ་མང་པོ་བརྗོད་ནས། ལག་པ་གཉིས་ཀྱིས་བསྙབས་པས་སེར་བ་སེར་བྱེད་ཐམས་ཅད་འུབ་ཀྱིས་བསྡུས་ནས་རང་སྡིག་པའི་ཁ་ནང་དུ་རོག་རོག་མིད་པས། སེར་བྱེད་ཐམས་ཅད་རྡུལ་དུ་བརླག་པར་བསམ། དམིགས་པ་གསལ་ན་ཤིན་ཏུ་ཟབ་ཅིང་མྱུར་དུ་འཆད་པའི་མན་ངག་གོ །ཕྱི་རབས་སྔགས་པ་རྣམས་ལ་མང་སྤེལ་ན་རང་ལ་ཉེས་པ་ཆེ། ཞེས་ཨ་རཱ་གས་སྦྱར་བ་ལ་ཉེས་པ་མཆིས་ན་བླ་མ་དྲག་པོའི་ལྷ་ཚོགས་ཁྲོ་བཅུ་འཁོར་དང་བཅས་པ་ལ་བཤགས་ཤིང་། དགེ་བས་སེམས་ཅན་རྣམས་ལ་སྦྱིན་པ་རྣམས་བཞི་དོན་མཆིས་པར་གྱུར་ཅིག །མངྒ་ལཾ།། །༈ འོག་ནས་བྱུང་བའི་བསད་སྔགས་ལུགས་གཅིག་ལ། ཨོཾ་བཛྲ་ཡཀྵ་ཀྲོ་ཏ་སོགས། ཕྱིན་བཟླས་ནས་ཆོག་པ་ཁ་གཅིག་ནས་བྱུང་། །


previousརྡེབ་འཁོར་གནད་ཀྱི་མན་ངགnext