Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སད་སེར་ཞི་བའི་གསོལ་འདེབས། སྣེ་གཉིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསད་སེར་ཞི་བའི་གསོལ་འདེབས། སྣེ་གཉིས།next

སད་སེར་ཞི་བའི་གསོལ་འདེབས། སྣེ་གཉིས།


CMR046_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། འོག་མིན་འཐུག་པོ་བཀོད་པ་ན། །རྣམ་པར་སྣང་མཛད་གངས་ཆེན་མཚོ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱག་མཐིལ་གནས་པའི་འཇིག་རྟེན་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །སྟོང་གསུམ་མི་མཇེད་ཞིང་ཁམས་ནས། །ཐུབ་ཆེན་རྒྱལ་བ་གསེར་གླུམདོག་ཅན། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་འདུལ་ཞིང་འཇིག་རྟེན་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །པོ་ཊ་ལ་ཡི་གནས་མཆོག་ན། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་ཞིང་ཁམས་གངས་ཆེན་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །ཟངས་མདོག་དཔལ་རིའི་རྩེ་མོ་ན། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་འདུལ་ཞིང་བོད་ཡུལ་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །བཀྲ་ཤིས་དབུས་རིའི་ལྷ་ས་ན། །ཆོས་རྒྱལ་


CMR046_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་མངའ་འོག་བོད་འབངས་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་འདུལ་བྱ་བོད་ཁམས་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །མཐོ་ལྡིང་གངས་རི་གཡའ་བྲག་ལ། །བོད་ཁམས་བརྟན་མ་བཅུ་གཉིས་པོ། །སྔོན་གྱི་དམ་ཚིག་མ་གཡེལ་གསོལ། །ཉིད་ཀྱི་བརྐྱང་བྱ་བོད་ཁམས་འདིར། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཅེས་པ་འདི་མེ་མོ་ཕག་ལོ་གྲོ་ཞུན་གྱི་ཉི་ཤུ་ནུབ་སད་འོང་གྲབ་བྱུང་དུས་ཨ་རཱ་གས་བྱུང་རྒྱལ་དུ་སྨྲས། བྱམས་པའི་ཏིང་ངེ་འཛིན་གནད་དུ་བསྣུན། སྤྲིན་སྡུད་འཁོར་ལོ་བསྐོར་བ་སོགས་བྱས་པས། རང་ལ་ནུས་པ་ཡོད་པའི་ཆ་ནས་མ་ཡིན། རྟེན་འབྲེལ་འགྲིགས་པའི་ཆ་ནས་སྐྱོན་ཆེར་མ་བྱུང་ངོ་།། །།


CMR046_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷོ་དྷི་སཏྭ་ཡེ། སྤྲིན་དཀར་དུམ་བུ་ཕུང་པོ་སྤུངས་འདྲ་བའི། །ཉ་རྒྱས་ཟླ་བ་ལྟ་བུ་ཞལ་གཅིག་པ། །ཕྱག་གཡས་མྱུ་གུ་ཨིནྡྲ་ནཱི་ལའི་མདོག །ཛཾ་བུ་ཆུ་གསེར་ལས་གྲུབ་དྲིལ་བུ་གཡོན། །སུམ་རྩེན་ལྷ་ཡི་རྒྱན་དང་ན་བཟས་བཀླུབས། །རབ་མཛེས་པདྨའི་ལྟེ་བར་ཕྱེད་པའི་སྐྱིལ། །བྱང་ཆུབ་སེམས་དཔའི་ནང་ནས་སེམས་དཔའ་ཆེ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་ཐུགས་རྗེས་བརྩེར་དགོངས་ཤིང་། །སད་དང་སེར་བའི་གནོད་པ་མི་འབྱུང་ཞིང་། །ལོ་ཐོག་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །བཙོ་མའི་མདོག་ཅན་སྐབས་གསུམ་བུ་མོ་འདྲ། །སྐུ་སྟོད་ས་ནས་ཕྱུངས་ཏེ་གཏེར་བུམ་འཛིན། །དུས་གསུམ་རྒྱལ་བའི་ས་ལམ་བགྲོད་པ་ཡི། །དཔང་པོ་མཛད་པས་བདུད་སྡེ་ཕམ་མཛད་མ། །ས་འཛིན་ཆེན་མོ་དེ་ལ་བདག་གིས་བསྟོད། །རྒྱལ་བའི་སྤྱན་སྔར་ཐུགས་དམ་རྗེས་དགོངས་ལ། །སྟོང་ཕྲག་ཉི་ཤུའི་འོག་ནས་ས་ཡི་བཅུད། །ས་ཕྱོགས་འདི་ལ་བསྡུས་ལ་ཡུལ་ཕྱོགས་འདིར། །རྟག་ཏུ་ལོ་ལེགས་འབྲུ་འཕེལ་བཀྲ་ཤིས་སྩོལ། །རྒྱ་མཚོའི་ཀློང་ནས་ཤེལ་དཀར་རི་བོ་བཞིན། །ལྟོ་འགྲོས་


CMR046_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཀ་སྤྲིན་ཕུང་ནམ་མཁར་ཁྱབ། །ཕྱག་གཉིས་ཐལ་སྦྱར་མཛད་པས་གཏེར་བུམ་འཛིན། །ལྟོ་འཕྱེ་མཇུག་མས་ས་འོག་རྒྱ་མཚོ་དཀྲུག །འཇམ་དབྱངས་སྤྲུལ་པ་ཀླུ་ཡི་རྒྱལ་པོ་ཆེ། །ཀླུ་ནི་མི་མགོན་དཀར་པོ་ཞེས་སུ་གྲགས། །སྨར་ཁམས་ཕྱོགས་ནས་ཡུལ་ཕྱོགས་འདིར་གཟིགས་ལ། །གྲོ་བཞིན་ཁྲུམས་དང་ཡར་ངོའི་ཟླ་བའི་ཚེ། །ཐོ་རངས་དུས་སུ་ནམ་མཁར་དབུགས་ཐོགས་ལ། །སྤྲིན་ཕུང་འཁྲིགས་ཤིང་སད་སེར་མེད་པར་མཛོད། །སེམས་དཔའ་ཁྱོད་ནི་སྙིགས་མའི་འགྲོ་བ་ལ། །སྙིང་རྗེའི་དབང་གིས་མི་འཇིགས་སྦྱིན་པ་ཚོཐོངས། །དེ་ཝི་ཀོ་ཊའི་གནས་དང་བླ་མཚོ་ནས། །ས་བརྒྱད་སེམས་དཔའ་ཀླུ་བདུད་རྒྱལ་པོའི་ཚུལ། །སྨྱོ་ཁ་ཀླུ་བདུད་ནག་པོ་མགོ་དགུ་པ། །སྲིན་པོའི་གཟུགས་ཅན་སྦྲུལ་མཇུག་གདེངས་ཀ་ཅན། །གསེར་གྱི་འཁོར་ལོ་སྦྲུལ་ཞགས་ལག་ན་ཐོགས། །མི་མང་སྤྲིན་འཁྲིགས་ན་བུན་གློག་འོད་འཁྱུག །ཁྲག་ནག་རྟིང་དཀར་རྫུ་འཕྲུལ་རླུང་བས་མགྱོགས་། །གྲོ་ཞུན་ཁྲུམས་དང་ཐ་སྐར་ཟླ་བ་ལ། །ཐོ་རངས་རྒྱུན་དུ་ནམ་མཁར་ཁྱོད་རྒྱུགས་ལ། །སྤྲིན་ནག་འཁྲིགས་ཤིང་སད་སེར་མེད་པར་མཛོད། །ཁྱོད་ནི་འཇིག་རྟེན་


CMR046_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་འཁོར་བའི་ཚུལ། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་འདིར་བཞུགས་ནས། །སྙིགས་དུས་འགྲོ་ལ་མུ་གེའི་འཇིགས་པ་ལས། །སྐྱོབ་ཕྱིར་སེམས་དཔའ་ཁྱོད་ཀྱི་ཐུགས་བསྐྱེད་མཛོད། །གཞན་ཡང་ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཆེན་བརྒྱད་དང་མ་དྲོའི་ཀླུ་དབང་དང་། །བློན་པོ་ཁམས་ཀྱི་བྱ་ཐུལ་ལ་སོགས་པའི། །གཟི་བྱིན་ཆེ་བའི་ཀླུ་དང་ཡུལ་ལྷ་རྣམས། །སད་དང་སེར་བའི་གནོད་པ་མ་བཏང་ཞིག །འཇིག་རྟེན་བདེ་ཞིང་ལོ་ལེགས་མཛད་དུ་གསོལ། །ཅེས་མེ་ཕོ་རྟའི་ལོ་ལ་གླང་རྩིས་ནས་ལོ་ལྟས་ཤིན་ཏུ་ངན་ཞིང་དབྱར་སྟོད་ཆུ་སྐམ་ཟེར་བ་ཡོད་ཀྱང་ཀུན་ལ་ཆར་སྒྲུབ་བྱས་པའི་རྟེན་འབྲེལ་ཡིན་ནམ་སྙམ། ཕྱོགས་གཞན་དུ་ཆར་དཀོན་པ་དང་ཕྱོགས་འདིར་ཆར་ལེགས་པར་བྱུང་ཡང་གྲོ་ཞུན་ཟླ་བའི་བཅུ་གཉིས་དང་བཅུ་གསུམ་ལ་ཤི་ལུགས་ངན་པའི་སྐྱེས་པ་བུད་མེད་འགའ་རེ་ཤི་ནས་སད་འོང་དོག་སྤྲིན་བཅུད་འཁོར་ལོ་དང་གདམས་པ་འགའ་བྱས་དུས། ཨ་རཱ་གས་སྨྲས་པའོ།། །།


previousསད་སེར་ཞི་བའི་གསོལ་འདེབས། སྣེ་གཉིས།next