Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ།next

འབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ།


CMR046_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ་བཞུགས།


CMR046_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་དང་ནི་བ་དམར་སྐྱའི། །ལྕི་བའི་དུད་པ་བཏབ་པར་གསུངས་པའི་དོན། །འགྲོ་ལ་ཕན་ཕྱིར་ཤིན་ཏུ་བསྡུས་པ་ནི། །ཤིང་སྣ་གང་འཛོམ་བསང་རྫས་བ་ལྕི་ནི། །ཞིང་མུར་བསྲེག་ཅིང་འདི་ནི་འདོན་པས་འཐུས། །ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །འགྲོ་ཀུན་འཇིགས་ལས་སྐྱོབ་པའི་ཕྱིར། །ལོ་རིམ་བསང་མཆོད་འབུལ་བར་བྱ། །བདག་ཉིད་རྡོ་རྗེ་གྲོ་ལོད་ཉིད། །དམ་ཡེ་དབྱེར་མེད་ཐུགས་ཀ་ནས། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ནམ་མཁར་སྤྱན་དྲངས་གྱུར། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །རཾ་ཡཾ་ཁཾ་གིས་


CMR046_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བསང་རྫས་སྦྱངས། །དུད་པའི་ལྷ་མོ་མཐིང་མདོག་ལྡན། །ཕྱག་གཉིས་བུམ་པ་སྨན་སྤོས་དྲིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་འཁྲིགས། །བཛྲ་དྷུ་པེ་ཨོཾ་ཨཱཿཧཱུྃ། །ཧྲཱི༔ རང་བཞིན་གདོད་ནས་རྣམ་པར་དག །འདས་དང་མ་འདས་བསང་གི་མགྲོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །དད་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་ལྔའི་དྭངས་མ་ཤིང་དུ་འཁྲུངས། །ཞི་རྒྱས་དབང་དྲག་ཤིང་ལ་སོགས། །།ཀླུ་གཉན་ལྷ་སྲུང་མཉེས་པའི་ཤིང་། །སྣ་ཚོགས་


CMR046_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་ཕྱེ་མར་དང་། །ཇ་ཆང་ཞོ་དང་འོ་མ་དང་། །དམར་སྐྱའི་བ་ལྕི་མེ་ལ་བསྲེགས། །བསང་གི་དུད་སྤྲིན་མཆོད་རྫས་ཀྱིས། །པད་འབྱུང་སྐུ་གསུམ་སྐུ་ལྔ་དང་། །གདུག་པ་ཞི་མཛད་ཐུགས་རྗེ་ཅན། །ཕྱག་སྟོང་སྤྱན་སྟོང་མངའ་བ་བསང་། །འབྲུ་རྣམས་འཕེལ་བའི་ཐུགས་རྗེ་ཅན། །བྱང་སེམས་ས་ཡི་སྙིང་པོ་བསང་། །བཅོམ་ལྡན་པདྨ་བཛྲ་བསང་། །དགོངས་པ་འདུས་པའི་ལྷ་ཚོགས་བསང་། །འབུ་སྲིན་གདུག་པ་ཞི་བ་དང་། །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ཁྲོ་རྒྱལ་དམེ་བ་བརྩེགས་པ་དང་། །དབང་དྲག་པདྨའི་ལྷ་ཚོགས་བསང་། །གནོད་བྱེད་འབུ་སྲིན་བཟློག་པ་དང་། །འདྲེ་སྲིན་གདུག་པ་ཚར་ཆོད་ཅིག །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །སྔགས་བདག་ཡེ་ཤེས་ཀླུ་བརྒྱད་བསང་། །འབུ་སྲིན་གནོད་པ་མ་བཏང་ཞིག །རྒྱལ་རིགས་རྗེའུ་བྲམ་ཟེ་དང་། །དམངས་རིགས་གདོལ་པའི་རིགས་ལ་སོགས། །ཀླུ་རིགས་མ་ལུས་ཐམས་ཅད་བསང་། །ཁྱད་པར་ཡུལ་འདིའི་ཀླུ་རྣམས་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་འཐུང་ཁ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་


CMR046_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །འཇིག་རྟེན་ཁམས་འདི་སྐྱོང་བའི་ལྷ། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །གཉན་ཆེན་ཐང་ལྷ་ཡར་བཞུད་སོགས། །རྗེ་ཡི་མགུལ་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་ལྔ་སོགས། །བོད་ཡུལ་གཞི་བདག་གཉན་པོ་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྡོ་རྗེ་སྨན་གཅིག་ལ་སོགས་པའི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །རེ་རེའི་འཁོར་དུ་སྨན་ཕྲན་འབུམ། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་པ་ཡི། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ལྷ་ཆེན་ཨིནྡྲ་ཡ་མ་ཡེ། །ཝ་རུ་ཎ་དང་ཀུ་བེ་ར། །ཨགེ་རཱ་ཙ་ནེ་རི་ཏི། །ཝ་ཡ་


CMR046_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཝེ་དང་ཨཱི་ཤྭ་ར། །ཚངས་པ་ཉི་ཟླ་ལ་སོགས་པ། །ཕྱོགས་བཅུར་གནས་པ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་རྣམས། ཕྱོགས་བཅུ་རང་རང་ཡུལ་དུ་སྒྱུར། །ས་གཞི་ཡོངས་ལ་མངའ་མཛད་པའི། །ས་བདག་རྡོ་རྗེ་དབང་ཆེན་དང་། །བཙུན་མོ་ས་ཡི་ལྷ་མོ་དང་། །འཁོར་དུ་ས་བདག་འབུམ་དང་བཅས་། །གཡུ་ཤུག་ཕྱེར་མར་གསུར་གྱིས་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ནས། །ས་བཅུད་ཐམས་ཅད་འདིར་སྡུས་ལ། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །སྲས་པོ་ས་འཛིན་ལག་པ་དང་། །ས་བདག་ཆེན་པོ་ལྟོ་འཕྱེ་དང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་གཉན་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་ཆེན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་


CMR046_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །རྩི་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ཤར་ཕྱོགས་གངས་རིའི་རྩེ་རྒྱལ་ནས། །མདོ་ཁམས་སྒང་དྲུག་ཀུན་གྱི་བདག །གཉན་ཆེན་རྨ་རྒྱལ་སྤོམ་ར་ནི། །རྨ་སྨན་འབུམ་དང་རྨ་སྲས་དགུ། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་གཞི་བདག་ཀུན་གྱིས་བསྐོར། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེར་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློག །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་འཕེལ་རྨ་གཡང་ཕོབ། །ཀྱཻ། ཟངས་རི་འབར་བ་རྩེ་དགུ་ནས། །ཟལ་མོ་སྒང་རྒྱུད་ཀུན་གྱི་བདག །བཙན་གྱི་མགོན་པོ་བེག་རྩེ་དང་། །སྒྲོལ་གིང་ཡམ་ཤུད་དམར་པོ་སྟེ། །ཇོ་བོ་སྐུ་རྒྱལ་ཤེ་ནེ་ནི། །མི་དམར་ཟངས་ཀྱི་ཁྲབ་རྨོག་ཅན། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤོ་


CMR046_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡང་འཁོར་བཙན་དམག་འབུམ་དང་བཅས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྫ་རི་གཡའ་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ངོམ་དུ་རུང་བའི་ཡུལ་གྱི་བདག །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བེར་ནག་ཤེལ་ཁྲབ་ཅན། །བཙུན་མོ་གཉིས་དང་བླ་མཆོད་གཉིས། །རུ་འདྲེན་གཉིས་དང་བློན་པོ་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་སོགས། །སྤྲུལ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེར་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་བྲག་རིའི་གསེབ་ཏུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྨ་རྒྱལ་གཏམ་རྒྱལ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །དབྱིས་དོ་མཚོ་ནག་ལ་སོགས་པའི། །ངོམ་གྱི་མཚོ་ནག་


CMR046_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྤུན་གསུམ་བསང་། །རྒྱལ་མོ་རི་ཕྱུག་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་བཞི་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྩི་ཐོག་མེ་ཏོག་རྣམས་ལ་སྒྱུར། །དམར་པོ་བཙན་དང་དཀར་པོ་ལྷ། །ཁྲ་བོ་གཉན་གྱི་དམག་ཚོགས་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །མིང་དང་མཚན་ནས་མ་ཐོས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །ཕ་རི་གཡས་དང་ཚུ་རི་གཡོན། །ཉིན་དང་སྲིབ་ལ་གནས་པ་བསང་། །མདུན་རི་རྒྱབ་རི་གཡས་རི་དང་། །གཡོན་རི་རྣམས་ལ་གནས་པ་བསང་། །བརྟན་པ་མཁའ་དང་གཡོ་བ་རླུང་། །འབབ་པ་ཆུ་ལ་གནས་པ་བསང་། །སྐྱེ་བ་ཤིང་དང་འགྲོ་བ་ལམ། །སྲ་བ་བྲག་ལ་གནས་པ་བསང་། །ལྗོན་ཤིང་ནེའུ་གསིང་ཆུ་མིག་དང་། །ས་སྐོར་འདི་ལ་གནས་པ་བསང་། །ཁྱད་པར་ཞིང་ལ་གནས་པ་ཡི། །ཞིང་ལྷ་ཚངས་པ་འཁོར་བཅས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །


CMR046_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ༔ སྣང་སྲིད་ལྷ་འདྲེ་མ་ལུས་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལ་མ་འདའ་བར། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །མེ་ཏོག་མཛེས་པའི་ཚལ་དུ་སྒྱུར། །རྩྭ་སྔོ་ལྡུམ་སྨན་སྟེང་དུ་སྒྱུར། །ཤིང་ལོ་ཤིང་ཤུན་སྟེང་དུ་སྒྱུར། །རྩི་ཐོག་སྒང་རྩིའི་སྟེང་དུ་སྒྱུར། ལྟ་འགྲོ་བའི་གསོ་སྦྱིན་ལོ་ཐོག་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །ལོ་ཐོག་བསྲུང་ཞིང་བསྐྱབ་པར་མཛོད། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །ལོ་ཐོག་འདི་ཉིད་བསྲུང་བཅོལ་ལོ། །ཁྱེད་རྣམས་མཐུ་རྩལ་ཅི་འདུག་བལྟ། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་པ་ཞི་ཞིང་བཟློག་པར་མཛོད། །སྐྱ་རྣམས་རྒྱལ་བའི་ཁ་འཛིན་མཛོད། །འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཐུགས་དང་འགལ་བ་བཟོད་པར་གསོལ། །མགྲོན་རྣམས་སོ་སོའི་གནས་སུ་གཤེགས། །འཇིག་རྟེན་བདེ་ཞིང་ལོ་ལེགས་པའི། །བཀྲ་ཤིས་དེང་འདིར་བཀྲ་ཤིས་ཤོག །འདི་ལྟར་བསང་མཆོད་བྱས་པའི་


CMR046_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དགེས། །འབུ་སྲིན་གཙོར་བྱས་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སིདྡྷི་ཕ་ལ་ཧོ། བསང་རྫས་བསྡུས་ལ་མེ་ནང་བཏབ། དེ་ནས་བ་དམར་སྐྱའི་ལྕི་བ་བཏབ། དུད་པ་ཅུང་ཟད་འོང་བར་བྱས་ལ་བཞག །འབུ་ཡིས་གར་གནོད་ཞིང་མུར་དེ་ལྟར་བྱ། འདི་ཡང་བྱེ་མ་ཆུ་སོགས་བསྔགས་པ་ཡིས། གཉིས་ཀ་སྦྲགས་ན་ངེས་པར་ཕན་པར་གསུངས། འདི་ནི་ལོ་རིམ་ཡིན་པས་གལ་ཆེའོ། །ཞེས་ཨ་རཱ་གས་སོ།། །། འབུ་སྲུང་བསང་མཆོད་ནི། ཀྱཻ། འབྲུ་སྣ་ཕྱེ་མར་ཟས་ཕུད་དང་། །བཟང་ཤིང་བསྲེགས་པའི་དུད་སྤྲིན་འཁྲིགས། །དྷཱུ་པེ་ཧཱུྃ་གིས་བྱིན་། བརླབས་ནས། །ལྷ་དང་སྲུང་མ་ཐམས་ཅད་བསང་། །འཕགས་པ་ཡིད་བཞིན་འཁོར་ལོ་བསང་། །གུ་རུ་རྡོ་རྗེ་གྲོ་ལོད་བསང་། །ས་ཡི་ལྷ་མོ་བརྟན་མ་བསང་། །མགུར་ལྷ་བརྟན་མ་དགེ་བསྙེན་བསང་། །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །གཏམ་རྒྱལ་དབྱིས་དོ་དགེ་བསྙེན་བསང་། །དབྱི་བྲོ་ཆེ་ཆུང་འཁོར་བཅས་བསང་། །པོ་རྒྱལ་རྣས་ཚོ་འཁོར་བཅས་བསང་། །གླང་དཀར་དགྱེ་རི་གུར་རྣ་བསང་། །དབྱི་ཟོར་ལ་སོགས་ཡུལ་འདི་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བསང་། །བསང་དང་མཆོད་པ་འདི་བཞེས་


CMR046_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བསྲུང་བྱར་གྱུར་པའི་ཞིང་རྣམས་ལ། །ཚག་པའི་གནོད་པ་མ་བཏང་ཞིག །ཚག་པའི་ཟ་ཁ་འཐུང་ཁ་ནི། །སྤང་ལྗོངས་མེ་ཏོག་རྣམས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བ་ཡི། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཞིང་གི་ལོ་ཐོག་འདི་རྣམས་དང་། །ཚག་པའི་གནོད་པ་ཐུབ་པར་སྲུངས། །ལྷ་སྲིན་ཡུལ་ལྷ་ཁྱེད་རྣམས་ལ། །མཐུ་རྩལ་ནུས་པ་ཅི་གདའ་བལྟ། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །ཅེས་པའང་ཨ་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ།next