Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད།
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད།next

གནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད།


CMR046_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད་བཞུགས་སོ།


CMR046_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཤཱཀྱ་མུ་ནི་སརྦ་སདྨ་སིདྡྷི་ཧཱུྃ། གནམ་ཆོས་གནས་བཅུའི་དབང་སྒྲུབ་ནི། །རབ་ཏུ་རས་བྲིས་དཀྱིལ་འཁོར་བཏིང་། །འབྲིང་དུ་ཤོག་བུར་ཟླུམ་སྐོར་དབུས། །པདྨ་འདབ་མ་བཅོ་བརྒྱད་སྟེང་། །ལྷ་རྣམས་རང་མདོག་ཐིག་ལེ་དང་། །ཕྱོགས་བཞིར་རྒྱལ་ཆེན་ཐིག་ལེ་བཀོད། །བསྡུས་པ་ལྷ་གྲངས་ཚོམ་བུ་སྟེང་། །བུམ་པ་མཆོད་པ་སྤྱི་ལྟར་བཤམ། །དབང་གཏོར་དཔེའུ་རིས་ལྟར་རམ། །ཟླུམ་གཏོར་པད་འདབ་བསྐོར་བའི་རྩེར། །ཐུབ་དབང་ཙཀླི་འཛུགས་པར་བྱ། །བདག་མདུན་བུམ་ལྷ་གཏོར་མའི་ལྷ། །མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད། །བདག་བསྐྱེད་གཙོ་འཁོར་གསུམ་པ་ཡིན། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་


CMR046_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །དེ་ལས་ཉམས་མེད་བཏང་སྙོམས་ཤོག །ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་པའི་སྤྲིན། །མཎྜལ་རྒྱལ་སྲིད་ལྷ་མོར་བཅས། །ཟད་མེད་གྱུར་ཅིག་པཱུ་ཙ་ཧོ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །དཀྱིལ་འཁོར་མཚན་ཉིད་རྫོགས་


CMR046_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །བདེ་གཤེགས་མཆོད་རྟེན་བརྒྱད་དང་ནི། །རྡོ་ར་མེ་རིས་བསྐོར་བའི་དབུས། །བཅོ་བརྒྱད་འདབ་ལྡན་པད་ཟླའི་སྟེང་། །བདག་མདུན་མཚན་རྫོགས་བུམ་པའི་ནང་། །གཏོར་རྩེར་བསྟན་པའི་བདག་པོ་ནི། །སྐུ་མདོག་གསེར་གྱི་རི་བོའི་མདོག །ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། །གཡོན་པས་མཉམ་བཞག་འོད་ཟེར་འཕྲོ། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །རྫོགས་པའི་སངས་རྒྱས་ཆ་ལུགས་རྫོགས། །པདྨ་ཉི་ཟླ་སེང་ཁྲིར་བཞུགས། །དེ་ཡི་གཡས་སུ་ཤཱ་རིའི་བུ། །སྐུ་མདོག་གསེར་གྱི་རི་ལྟར་མཛེས། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །གཡས་པས་གསེག་ཤང་གཡོན་པར་བུ། །གཡོན་དུ་མོའུ་འགལ་གྱི་བུ། །སྐུ་མདོག་གསེར་གྱི་རི་བོ་འདྲ། །གཡས་གཡོན་གསེག་ཤང་པར་བུ་འཛིན། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །མདུན་དུ་གནས་བརྟན་བཅུ་དྲུག་གིས། །ཤཱཀྱའི་རྒྱལ་པོར་བསྐོར་བ་ཡང་། །སོ་སོའི་གནས་གཡོག་འཁོར་དང་བཅས། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །དེ་ལྟར་བསྐྱེད་པའི་གནས་གསུམ་གྱི། །ཡིག་འབྲུ་དག་ལས་འོད་འཕྲོས་པས། །རང་རང་སོ་སོའི་གནས་མཆོག་ནས། །སྤྲུལ་པ་ཡང་སྤྲུལ་


CMR046_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་རྣམས། །མཚོ་ལ་ཆར་པ་བབ་བཞིན་དུ། །བདག་མདུན་རྣམས་ལ་ཐིམ་པར་གྱུར། །ཡེ་ཤེས་ལྔ་ཡི་དབང་རྫོགས་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དེ་ལྟར་བདག་མདུན་ལྷ་ཚོགས་རྣམས། དང་པོ་ཧ་ལམ་གསལ་བཏབ་ནས་དེ་ནས་སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བཏབ་ཅིང་མངོན་སུམ་བྱོན་ནས་བཞུགས་པར་བསྒོམ་ཞིང་། བཅོམ་ལྡན་བསྟན་པའི་བདག་པོ་ནི། །སྐུ་མདོག་གསེར་གྱི་རི་བོའི་མདོག །ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། །གཡོན་པས་མཉམ་བཞག་འོད་ཟེར་འཕྲོ། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །རྫོགས་པའི་སངས་རྒྱས་ཆ་ལུགས་རྫོགས། །པདྨ་ཉི་ཟླ་སེང་ཁྲིར་བཞུགས། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །དེ་ཡི་གཡས་སུ་ཤཱ་རིའི་བུ། །སྐུ་མདོག་གསེར་གྱི་རི་ལྟར་མཛེས། །གཡས་པས་གསེག་ཤང་གཡོན་པར་བུ། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །གཡོན་དུ་མོའུ་འགལ་པགྱི་བུ། །སྐུ་མདོག་གསེར་གྱི་རི་བོ་འདྲ། །གཡས་གཡོན་གསེག་ཤང་པར་བུ་འཛིན། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །འདིར་གཤེགས་གདན་བཞུགས་མཆོད་གཏོར་


CMR046_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་ན་སྤོས་ཕོར་རྔ་ཡབ་འཛིན། །དགྲ་བཅོམ་ཆིག་སྟོང་སུམ་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་མ་ཕམ་པ། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་མཛད་པ་ལ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ནགས་ན་གནས། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་ན་སྡིགས་མཛུབ་རྔ་ཡབ་འཛིན། །དགྲ་བཅོམ་ཆིག་སྟོང་བཞི་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་དུས་ལྡན་ནི། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གསེར་གྱི་རྣ་ཀོར་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར་། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་སྡིགས་མཛུབ་རྔ་


CMR046_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་བཟང་པོ་ནི། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་ཆོས་འཆད་མཉམ་གཞག་མཛད། །དགྲ་བཅོམ་གཅིག་སྟོང་གཉིས་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་གསེར་བེའུ། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་རིན་ཆེན་ཞགས་པ་འཛིན། །དགྲ་བཅོམ་ལྔ་བཅུའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་བྷ་ར་དྷ་ཛ་ནི། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་མཛད་པ་ལ། །དགྲ་བཅོམ་བདུན་བརྒྱའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་བ་ཀུ་ལ། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །གཡས་པས་ནོར་བུ་གཡོན་ནེའུ་ལེ། །དགྲ་བཅོམ་དགུ་བརྒྱའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །


CMR046_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་རིན་ཆེན་སྲོག་ཞུ་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ལམ་ཕྲན་བརྟན། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་མཛད་པ་ལ། །དགྲ་བཅོམ་ཆིག་སྟོང་དྲུག་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་བསོད་སྙོམས་ལེན། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གླེགས་བམ་ལྷུང་བཟེད་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ལམ་བརྟེན་ནི། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གླེགས་བམ་ལྷུང་བཟེད་འཛིན། །དགྲ་བཅོམ་དགུ་བརྒྱའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་


CMR046_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཁར་གསིལ་འཛིན། །དགྲ་བཅོམ་ཆིག་སྟོང་ཉིས་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གླེགས་བམ་འཛིན་པ་ལ། །དགྲ་བཅོམ་ཆིག་སྟོང་བཞི་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་གནས་བརྟན་མི་ཕྱེད་པ། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་བྱང་ཆེན་མཆོད་རྟེན་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །རལ་པ་ཐོར་ཚུགས་གླེགས་བམ་ཁུར། །མདུན་ན་སྣང་བ་མཐའ་ཡས་བཞུགས། །ཕྱག་གཉིས་རྔ་ཡབ་བུམ་པ་འཛིན། །འཁོར་དུ་དགྲ་བཅོམ་ལྔ་བཅུས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་ཧྭ་ཤང་སྐུ་མདོག་ནག །ཕྱག་གཉིས་བྱུ་རུ་རྣམ་རྒྱལ་འཛིན། །འཁོར་དུ་བྱིས་པ་བཅུ་དྲུག་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །


CMR046_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བསྟན་སྐྱོང་ཡུལ་འཁོར་སྲུང་། །དཀར་པོ་སྙན་ཐད་པི་ཝང་སྒྲོག །རྒྱུད་མངས་གླུ་དབྱངས་ཅེ་རེ་རེ། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་བསྟན་སྐྱོང་འཕགས་སྐྱེས་པོ། །སྔོན་པོ་ཨམ་གཙིགས་བསྡམས་ནས་ནི། །རལ་གྲིའི་སེར་བ་ཤ་ར་ར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་བསྟན་སྐྱོང་སྤྱན་མི་བཟང་། །སྐུ་མདོག་དམར་པོ་མིག་དམར་བ། །སྦྲུལ་གྱི་ཞགས་པ་ཁྱུགས་སེ་ཁྱུག །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་བསྟན་སྐྱོང་རྣམ་ཐོས་སྲས། །སྐུ་མདོག་སེར་པོ་མཛེས་པ་ལ། །རིན་ཆེན་ཆར་པ་སི་ལི་ལི། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །རིན་ཆེན་སྣོད་དུ་གཏོར་མ་ནི། །བཟའ་བཅའ་སྣ་ཚོགས་གྱ་ནོམ་པ། །གུང་ཚིགས་ཚུལ་དུ་བཞེས་པར་གྱུར། །ཨོཾ་མུ་ནེ་མུ་མེ་མ་ཧཱ་མུ་ནེ་སརྦ་ས་པ་རི་པཱུ་ར་ཀ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན། ཨབྷཾ་སོགས། ཐུབ་པའི་དབང་ལ་ཕྱག་འཚལ་བསྟོད། །མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཤཱ་རིའི་བུ་ལ་ཕྱག་འཚལ་བསྟོད། །


CMR046_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མཐའ་དག་བསྩལ་དུ་གསོལ། །མོའུ་གལ་བུ་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་མཐའ་དག་བསྩལ་དུ་གསོལ། །ཡན་ལག་འབྱུང་ལ་ཕྱག་འཚལ་བསྟོད། །ཚུལ་ཁྲིམས་དག་པར་མཛད་དུ་གསོལ། །མ་ཕམ་པ་ལ་ཕྱག་འཚལ་བསྟོད། །ཡོན་ཏན་འཕེལ་བར་མཛད་དུ་གསོལ། །ནགས་ན་གནས་ལ་ཕྱག་འཚལ་བསྟོད། །གནོད་པ་ཞི་བར་མཛད་དུ་གསོལ། །དུས་ལྡན་ལ་ནི་ཕྱག་འཚལ་བསྟོད། །འཁོར་འདུ་སྤངས་རྟོགས་ཐོབ་པར་མཛོད། །རྡོ་རྗེ་མོའི་བུར་ཕྱག་འཚལ་བསྟོད། །དོན་རྣམས་ཐམས་ཅད་འགྲུབ་པར་མཛོད། །བཟང་པོ་ལ་ནི་ཕྱག་འཚལ་བསྟོད། །དོན་རྟོགས་ཏིང་འཛིན་འགྲུབ་པར་མཛོད། །གསེར་བེའུ་ལ་ནི་ཕྱག་འཚལ་བསྟོད། །གཟུངས་དང་སྤོབས་པ་ཐོབ་པར་ཤོག །བྷ་ར་དྷ་ཛར་ཕྱག་འཚལ་བསྟོད། །ངན་སོང་ལས་ནི་སྒྲོལ་བར་མཛོད། །བ་ཀུ་ལ་ལ་ཕྱག་འཚལ་བསྟོད། །འབྱོར་པ་ཐམས་ཅད་བསྩལ་དུ་གསོལ། །སྒྲ་གཅན་འཛིན་ལ་ཕྱག་འཚལ་བསྟོད། །ཉེས་ཞི་ཆོས་ཀུན་རྟོགས་པར་མཛོད། །ལམ་ཕྲན་བརྟན་ལ་ཕྱག་འཚལ་བསྟོད། །ཉོན་མོངས་སྡུག་བསྔལ་ཞི་བར་མཛོད། །བསོད་


CMR046_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལེན་ལ་ཕྱག་འཚལ་བསྟོད། །སྡུག་བསྔལ་ཐམས་ཅད་ཞི་བར་མཛོད། །ལམ་བརྟན་ལ་ནི་ཕྱག་འཚལ་བསྟོད། །སྤོབས་སྐྱེ་བློ་གྲོས་འཕེལ་བར་མཛོད། །ཀླུ་ཡི་སྡེ་ལ་ཕྱག་འཚལ་བསྟོད། །འདོད་འབྱུང་སྡུག་བསྔལ་ཞི་བར་མཛོད། །སྦེད་བྱེད་ལ་ནི་ཕྱག་འཚལ་བསྟོད། །གནས་ལྔར་མཁས་པར་མཛད་དུ་གསོལ། །མི་ཕྱེད་པ་ལ་ཕྱག་འཚལ་བསྟོད། །དོན་འགྲུབ་སྡིག་ཞི་མཛད་དུ་གསོལ། །དྷརྨ་ཏཱ་ལ་ཕྱག་འཚལ་བསྟོད། །གདུལ་བྱ་སྨིན་པར་མཛད་དུ་གསོལ། །ཧྭ་ཤང་ལ་ནི་ཕྱག་འཚལ་བསྟོད། །འགྲོ་བ་དབང་སྡུས་ལྟས་ངན་ཞི་བར་མཛོད། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་བསྟོད། །དུས་འཁྲུག་ཞི་བར་མཛད་དུ་གསོལ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་བསྟོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །སྤྱན་མི་བཟང་ལ་ཕྱག་འཚལ་བསྟོད། །ནོར་ཕྱུགས་དངོས་གྲུབ་བསྩལ་དུ་གསོལ། །རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད། །ཐུན་མོང་དངོས་གྲུབ་ཐམས་ཅད་སྩོལ། ༈ །རང་གི་ཐུགས་ཀའི་འོད་ཟེར་གྱིས། །མདུན་བུམ་ལྷ་ཚོགས་ཐམས་ཅད་བསྐུལ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་བཞིན་གནས་སུ་


CMR046_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡི། །ཐུབ་དབང་གནས་བཅུའི་བྱིན་རླབས་བསྡུས། །མདུན་བུམ་གཏོར་མའི་ལྷ་ལ་ཐིམ། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་སརྦ་སངྒཱ་པ་རི་པཱུ་ར་ཀ་སྭཱ་ཧཱ། བརྒྱ་རྩ་ཡན་ཆད་ཅི་འགྲུབ་བཟླ། །བུམ་ལྷ་འོད་ཞུ་བདུད་རྩིར་གྱུར། །ལས་བུམ་ནང་དུ་བདུད་རྩི་འཁྱིལ། །ལྗང་ནག་རྒྱ་གྲམ་སྡིགས་མཛུབ་མཛད། །དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །བགེགས་རྣམས་བཟློག་པའི་ལས་མཛོད་ཅིག །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅི་འགྲུབ་བཟླས་རྗེས་སློབ་མ་འཚོགས། །བཙུན་པ་བཙུན་མ་ལ་སོགས་པ། །སྡོམ་ལྡན་སེར་ཆགས་མ་གཏོགས་པ། །གཞན་ལ་དབང་ནི་བསྐུར་སྲོལ་མེད། །འོན་ཀྱང་གཞུང་ནས་མ་བཀག་ཕྱིར། །བསྐུར་ཀྱང་ཉེས་འགལ་ཆུང་བ་ཡིན། ཁྲུས་དང་མཎྜལ་ཕུལ་བྱས་ལ། ༈ །འོ་ན་ད་ལམ་ཁྱེད་རྣམས་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཕགས་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་དབང་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་


CMR046_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་མཛད་དེ། བསྐལ་བཟང་ལས། ང་ནི་སྔོན་ཚེ་སྨན་པར་གྱུར་པའི་ཚེ་། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ། །གཉིས་པ་ཚོགས་བསགས་ཚུལ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་སོ། །དེ་ནས་མཛད་པ་བཅུ་གཉིས་བསྟན་པ་ནི། རིན་ཆེན་ཕྲེང་བར། སྙིང་རྗེའི་དབང་དུ་


CMR046_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་པ་དང་། །ཁབ་ནས་བྱུང་དང་དཀའ་སྤྱད་དང་། །བྱང་ཆུབ་ཆེད་དུ་བདུད་སྡེ་བཅོམ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་རྣམས་ཀུན་ནས་བབས་པ་དང་། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་གསུངས་པ་ལྟར། སྤྱིར་སྟོན་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་ནའང་། མདོར་བསྡུས་པ་མཛད་བརྒྱ་དང་། དེ་མདོར་བསྡུས་པ་མཛད་པ་བཅུ་གཉིས་རྩ་ཚིག་ཙམ་ཀུན་གྱི་ཐུགས་ལ་གསལ་ལྟར་ཡིན། དེ་ཡང་ཆོས་འཁོར་རིམ་པ་གསུམ་བསྐོར་ནས། ང་ནི་མྱ་ངན་ལས་འདའ་འོ་གསུངས་པས། ཉན་ཐོས་རྣམས་ཀྱིས་སྟོན་པ་མྱ་ངན་ལས་འདའ་བ་བལྟ་བར་མ་བཟོད་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕག་སྟེ། ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་སྐུ་ལུས་སྦྱངས་ནས། རིང་བསྲེལ་གྱི་ཆར་བབས། ཆོས་གོས་དང་ལྷུང་བཟེད་ས་ལ་ལྟུང་ངོ་། །དེ་ལྟ་བུའི་ཚུལ་གྱིས་ཉན་ཐོས་ཕལ་ཆེར་མྱ་ངན་ལས་འདས་པས། ཐུབ་པའི་ཉན་ཐོས་ཡང་ཉུང་དུ་སོང་བ་ན། ཐུབ་པས་ཉན་ཐོས་རྣམས་བསྡུས་ཏེ། ཁྱེད་རྣམས་ཀྱིས་ང་མྱ་ངན་ལས་འདའ་བར་བལྟར་


CMR046_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པར་མྱ་ངན་ལས་འདའ་བ་ནི། ང་ལ་དྲིན་དུ་བཟོ་ཡང་མ་ཡིན། བསྟན་པ་ལ་བྱ་བ་བྱས་པ་ཡང་མ་ཡིན། གང་སུ་དག་ང་ཡི་བསྟན་པ་ཇི་སྲིད་གནས་ཀྱི་བར་མྱ་ངན་ལས་མི་འདའ་བར་བསྟན་པ་སྲུང་ཞིང་སྐྱོང་བར་བྱེད་ན། ང་ལ་དྲིན་བཟོ་ཞིང་བསྟན་པ་ལ་བྱ་བ་བྱས་པ་ཡིན་གསུངས་པས། འཕགས་པ་གནས་བརྟན་བཅུ་དྲུག་དགེ་བསྙེན་དྷརྨ་ཏཱ་འཁོར་དགྲ་བཅོམ་པ་ཁྲི་དྲུག་སྟོང་བཞི་བརྒྱ་རྣམས་ཀྱིས་དེ་ལྟར་བྱེད་པར་ཞལ་གྱིས་བཞེས། རྒྱལ་པོ་ཆེན་པོ་སྡེ་བཞིས་ཀྱང་འཛམ་བུ་གླིང་གི་ཕྱོགས་བཞི་ནས་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་རྒྱ་ནག་ཡུལ་དུ། རྒྱ་ནག་རྒྱལ་པོ་ཐང་ཇུས་ཞེས་བྱ་བ་ལ། ཞང་པོ་ཧྭ་ཤང་ཞེས་བྱ་བ་དགེ་སློང་ཆ་ལུགས་སྐུ་ཤ་ཤིན་ཏུ་རྒྱས་པ། ཞིག་པོའི་ཚུལ་ཅན་ཞིག །རྒྱུན་དུ་བྱིས་པ་བཅུ་དྲུག་གིས་བསྐོར་ནས་རྩེད་མོ་རྩེའོ། རྒྱལ་པོས་ཁྱེད་ཀྱིས་བྱིས་པ་རྣམས་དང་རྒྱུན་དུ་རྩེ་བ་ཅི་ཡིན་གསུངས་པས། རྒྱ་གར་གྱི་ཡུལ་དུ་སྟོན་པ་ཤཱཀྱ་ཐུབ་པའི་འཁོར་ཉན་ཐོས་གནས་བརྟན་བཅུ་དྲུག་གི་སྤྲུལ་པ་བྱིས་པ་འདི་རྣམས་ཡིན་གསུངས་པས། འོ་ན་ཐུབ་པ་གནས་བརྟན་བཅུ་དྲུག་དེ་རྣམས་ངས་གདན་འདྲེན་ལ་བང་ཆེན་བཏང་གསུངས་


CMR046_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པས། ས་ཐག་རིང་བས་གདན་འདྲེན་མི་བརྟོལ། ཕོ་བྲང་གཙང་མ་ལ་གདན་ཁྲི་ཤོམས་དང་ཁོ་བོས་གདན་འདྲེན་ཟེར་ནས། ལག་ཏུ་སྤོས་ཐོགས་ནས་ཐུབ་པ་སྤྱན་འདྲེན་གྱི་ཚིགས་བཅད་གསུངས་པས། ཐུབ་པ་གནས་བཅུ་འཁོར་བཅས་ངང་པའི་ཁྱུ་འཕུར་བ་ལྟར་བྱོན་ནས་གདན་ལ་བཞུགས་སོ། །དེར་རྒྱལ་པོས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ། །དར་གོས་ཆེན་གྱི་ན་བཟའ་སྣ་ཚོགས་ཕུལ་བ་རྣམས་ཀྱང་བཞེས། དེའི་ཚེ་ཐུབ་པ་གནས་བཅུའི་སྐུ་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་དང་། ཐགས་སུ་འཐག་པ་བརྒྱ་ཚར་རེ་རེ་ཡང་ཞག་གཅིག་ལ་འགྲུབ་པར་བྱས། ཐུབ་པ་འཁོར་བཅས་ཀྱང་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ནས་རྒྱ་གར་དུ་གཤེགས་སོ། །དེ་ཕྱིར་རྒྱ་ནག་ལུགས་ཀྱི་གནས་བཅུ་ལ་ན་བཟའ་ལྷབ་ལྷུབ་ཁ་དོག་སྣ་ཚོགས་མནབས་པ་ཡོད་ལ། རྒྱ་གར་ལུགས་ལ་ནི་ཆོས་གོས་རྣམ་གསུམ་མ་གཏོགས་མེད་དོ། །༈ དེ་ནས་ཐུབ་པ་མྱ་ངན་ལས་འདས་ནས།་བསྟན་པ་གནས་བརྟན་བཅུ་དྲུག་གིས་སྐྱོང་སྟེ། །མ་ཅུ་རྩ་གསུམ་ན་གནས་བརྟན་ལམ་བརྟན། གངས་ཅན་ན་མི་ཕྱེད་པ། ནུབ་བ་གླང་སྤྱོད་ན་གསེར་ཅན།


CMR046_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྒྲ་མི་སྙན་ན་བ་ཀུ་ལ། ཤར་ལུས་འཕགས་པོ་ན་བྷ་ར་དྷ་ཛ། ཟངས་གླིང་ན་དུས་ལྡན་ཆེན་པོ། སིང་ག་ལའི་གླིང་ན་རྡོ་རྗེ་མོའི་བུ། པྲི་ཡང་ཀུའི་གླིང་ན་སྒྲ་གཅན་འཛིན། །ཆུ་བོ་ཡ་མུ་ནའི་གླིང་ན་བཟང་པོ། རི་བྷི་ཧུ་ན་སྦེད་བྱེད། ངོས་ཡངས་རི་ལ་ཀླུའི་སྡེ། ལོ་མ་བདུན་པའི་རི་ལ་ནགས་ན་གནས། བྱ་རྒོད་སྤུངས་པར་ལམ་ཕྲན་བསྟན། ཁ་ཆེར་གསེར་གྱི་བེའུ། ཏི་སེལ་ཡན་ལག་འབྱུང་། དྲང་སྲོང་ཤེལ་ནགས་ལ་མ་ཕམ་པ་སྟེ། བཅུ་དྲུག་པོ་རེ་རེ་ལ་དགྲ་བཅོམ་པ་མང་པོས་བསྐོར་ཏེ་མྱ་ངན་ལས་མི་འདའ་བར་ཐུབ་པའི་གསུང་སྒྲུབ་ཅིང་བསྟན་པ་སྐྱོང་བར་བྱེད་དོ། །དགེ་འདུན་བཞི་སྡེ་ཡན་ཆད་ཀྱི་དགོན་པ་རྣམས་སུ་མང་འགྱེད་དང་ཇ་སོགས་བྱུང་བའི་ཚེ། གནས་བརྟན་གྱི་སྤྲུལ་པ་རེ་འབྱོན་ནས་དེ་དག་གི་ཡོན་སྦྱོང་རོགས་མཛད་པས། དགེ་འདུན་སྤྱིའི་དཀོར་ནི་སྒྲིབ་པ་ཆུང་བ་དང་། སྦྱིན་བདག་རྣམས་ཚོགས་རྫོགས་ཕུལ་ཆེ་བ་ཡིན། གསོ་སྦྱོང་དང་དབྱར་གནས་དང་དགག་དབྱེ་བྱེད་པའི་ཚེ། གནས་བརྟན་རེ་འབྱོན་ནས་དེ་དག་གི་ཚུལ་ཁྲིམས་ཡོངས་སུ་དག་པར་མཛད། སེར་མོ་སྟོང་ཕྲག་ཡན་ཆད་འཚོགས་པའི་དགོན་པ་དེར། གནས་


CMR046_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱི་སྤྲུལ་པ་རེ་སྦས་པའི་ཚུལ་གྱིས་རྟག་ཏུ་བཞུགས་པས། བསོད་ནམས་ཀྱི་སྟོབས་དང་བྱིན་རླབས་ལྷག་པར་ཆེ་བ་ཡིན། གནས་བརྟན་གྱི་སྤྲུལ་པ་དངོས་སུ་འབྱུང་བ་ཡང་། དྷརྨ་ཏཱ་དངོས་ནི། འབྲོམ་སྟོན་པ་དང་། རྗེ་སྟག་ལུང་ཐང་པ་ཡིན་པར་བཤད། ཡན་ལག་འབྱུང་གི་སྦྲུལ་པ་སྤོ་ཏོ་པ་སྟེ་སྐྱེས་བརྒྱུད་ཀརྨ་པ་ན་རིམ་ཡིན་པར་བཤད། གཞན་ཡང་འཚོགས་དགེ་འདུན་སྒང་གི་མཁན་པོ་ནི་གནས་བརྟན་གྱི་སྤྲུལ་པ་མ་གཏོགས་མི་འོང་བར་གྲགས་སོ། །དེ་བཞིན་བྱང་ངམ་རིང་དང་དཔལ་འཁོར་བདེ་ཆེན་སོགས། དགེ་འདུན་གྱི་སྤྱི་སྡེ་ཆེན་པོ་རྣམས་ཀྱི་མཁན་པོ་ཕལ་ཆེར་གནས་བརྟན་གྱི་སྤྲུལ་པའམ་བྱིན་གྱིས་བརླབས་པ་དེ་ཡིན་པར་སྣང་། ཚེ་ལོ་བརྒྱ་པའི་དུས་ཤཱཀྱ་ཐུབ་པ་བྱོན་ནས། དེང་སང་བཞི་བཅུ་ཁ་རལ་ཏེ། ཚེ་ལོ་བཅུ་པའི་བར་མར་འགྲིབ། དེ་ནས་ཡར་འཕེལ་ཏེ། ཚེ་ལོ་དྲུག་བརྒྱ་ཐུབ་པའི་ཚེ། གནས་བརྟན་བཅུ་དྲུག་རྒྱ་གར་རྡོ་རྗེ་གདན་དུ་དངོས་སུ་འབྱོན་ཏེ་སྐལ་པ་དང་ལྡན་པ་རྣམས་རབ་དུ་བྱུང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས། དེ་ནས་འཛམ་བུ་གླིང་པའི་མི་རྣམས་ཀྱིས་ཚེ་ལོ་བདུན་བརྒྱ་ཐུབ་པར་གྱུར་པ་


CMR046_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་བརྟན་ཆེན་པོ་བཅུ་དྲུག་གིས་སའི་སྟེང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཚིག་ཇི་སྙེད་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས། རིན་པོ་ཆེའི་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་དེར་བཞུགས་པ་ལ་ཀུན་ནས་བསྐོར་ཏེ་སྐྱིལ་ཀྲུང་བཅས་ཏེ་བཞུགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་ཕྱག་བྱས་ནས་གནས་བརྟན་དེ་དག་ཀྱང་ལྷག་མེད་དུ་མྱ་ངན་ལས་འདའ་ལ། རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་དེ་ཡང་ནུབ་ནས་འོག་ཚོགི་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཞིང་། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་ལྟར་མ་ནུབ་ཀྱི་བར་དུ་བསྟན་པ་གནས་བརྟན་བཅུ་དྲུག་གིས་འཛིན་ནོ། །གནས་བརྟན་འདི་དག་དོན་ལ་རྫོགས་པའི་སངས་རྒྱས་ཡིན་ཀྱང་། བསྟན་པ་བསྲུང་བའི་ཕྱིར་ཉན་ཐོས་ཀྱི་ཚུལ་འཛིན་པ་སྟེ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བ། །གནས་བརྟན་བཅུ་དྲུག་ཅེས་ཁ་ཆེ་པཎ་ཆེན་


CMR046_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུངས་སོ། ༈ །འདིའི་དབང་ཐོབ་པ་དང་། མཚན་ཐོས་པ་དང་། ཕྱག་དང་མཆོད་པ་ཕུལ་བའི་ཕན་ཡོན་མཐའ་ཡས་པ་དང་ཁྱད་པར་དུ་ཐུབ་པའི་མཚན་སྔགས་ལན་གཅིག་བརྗོད་ཀྱང་བསྐལ་པ་སྟོང་གི་སྡིག་སྒྲིབ་དག །མཚན་ཐོས་པས་ཀྱང་འཁོར་བ་མཐའ་ཅན་ཡིན་པར་བཤད། སོ་སོའི་སྨོན་ལམ་གྱི་སྟོབས་ཀྱིས་ལྷ་འདི་དག་གི་ཕན་ཡོན་ཡང་སོ་སོར་འབྱུང་སྟེ། ཤཱ་རིའི་བུས་ཤེས་རབ་ཆེ། མོའུ་གལ་བུ་ཡིས་ལུས་སྟོབས་ཆེ། ཡན་ལག་འབྱུང་གིས་ཚུལ་ཁྲིམས་གཙང་། མ་ཕམ་པས་ཡོན་ཏན་འཕེལ། ནགས་ན་གནས་ཀྱིས་གནོད་པ་ཐམས་ཅད་ཞི། དུས་ལྡན་གྱིས་འཁོར་འདུ་ཞིང་སྤངས་རྟོགས་ཐོབ། རྡོ་རྗེ་མོའི་བུས་དོན་ཐམས་ཅད་འགྲུབ། བཟང་པོས་དོན་དམ་རྟོགས་ཤིང་ཏིང་འཛིན་འགྲུབ། གསེར་བེའུས་གཟུངས་དང་སྤོབས་པ་ཐོབ། བྷ་ར་དྷ་ཛས་ངན་སོང་ལས་སྒྲོལ། བ་ཀུ་ལས་འབྱོར་པ་རྒྱས། སྒྲ་གཅན་འཛིན་གྱིས་ཉེས་ལྟུང་ཞི་ཞིང་ཆོས་ཀུན་རྟོགས། ལམ་ཕྲན་བརྟན་གྱིས་ཉོན་མོངས་པ་དང་སྡུག་བསྔལ་ཞི། བསོད་སྙོམས་ལེན་གྱིས་སྡུག་བསྔལ་ཐམས་ཅད་ཞི། ལམ་བརྟན་གྱིས་སྤོབས་པ་སྐྱེ་ཞིང་བློ་


CMR046_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་འཕེལ། ཀླུའི་སྡེས་འདོད་རྒུ་འབྱུང་ཞིང་སྡུག་བསྔལ་ཞི། སྦེད་བྱེད་ཀྱིས་རིག་པའི་གནས་ལྔ་ལ་མཁས། མི་ཕྱེད་པས་དོན་འགྲུབ་ཅིང་སྡིག་པ་ཞི། དྷརྨ་ཏཱས་གདུལ་བྱ་རྣམས་སྨིན་ཅིང་གྲོལ། ཧྭ་ཤང་གིས་འགྲོ་བ་དབང་དུ་འདུས། ཡུལ་འཁོར་སྲུང་གིས་ཕྱི་ནང་གི་འཁྲུག་རྩོད་ཞི། འཕགས་སྐྱེས་པོས་དུས་མིན་འཆི་བ་ཟློག །སྤྱན་མི་བཟང་གིས་བཀྲ་ཤིས་ནོར་ཕྱུགས་སྤེལ། རྣམ་ཐོས་སྲས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ། དེ་ལྟར་ལྷ་འདི་དག་སོ་སོའི་དབང་ཐོབ་པ་ལ་ཡང་ཕན་ཡོན་དེ་རྣམས་ཡོད་དོ། ༈ །དེ་ཡང་འཕགས་པ་དགེ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ཀྱི་དོན། གནས་བཅུའི་ཆོ་ག་དང་སྒྲུབ་ཐབས་བསྟན་པའི་རིམ་གྲོར་ལྷ་སའི་ཇོ་བོའི་བརྟན་བཞུགས་སུ་བྱ་རྒྱུ། །སངས་རྒྱས་གླིང་པ་དང་གར་གྱི་དབང་ཕྱུག་གི་གཏེར་མ་དང་། པཎྜིཏ་བྱང་ཆུབ་འབྱུང་གནས་ཀྱིས་ཤར་པར་བརྒྱུད་པའི་སྒྲུབ་ཐབས་ལས་ཚོགས་ལོ་རྒྱུས་དང་བཅས་པ་པོ་ཏིར་ལོང་བ་ཡོད་ཀྱང་དེ་དག་ལ་དབང་རྒྱས་པ་ནི་མེད། དུས་ཕྱིས་འཕགས་པ་ཀུན་དགའ་བོའི་སྤྲུལ་པའི་འོད་ཟེར་ལས་བྱུང་བ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དེ་ཉིད་དགུང་ལོ་བཅུ་གཅིག་ནས་བཟུང་


CMR046_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐུབ་པ་ལན་མང་དུ་ཞལ་གཟིགས་ཏེ་གསུང་ནི་མ་འབྱོན། སྤྲུལ་སྐུས་དགེ་སློང་རྣམས་ལ་ཆོས་གོས་དགོས་དོན་དེ་ཅི་ཡིན་གསུངས། དེ་ངས་མི་ཤེས་ཐུབ་པ་ཞལ་གཟིགས་དུས་དྲིས་ཞུས་པས། དྲིས་པ་ལ། ཙུག་གསུངས་ནས་ཞལ་འཛུམ་པ་མཛད་དེ་ཡལ་སོང་། དེ་ཕྱིས་འཕགས་པ་ཧྭ་ཤང་སྐུ་ཤིན་ཏུ་ཆེ་བ་ཞིག་ཞལ་གཟིགས་པས། སྐྲགས་ནས་ང་ཡི་པང་ན་བྲོས། དེ་ནས་དགུང་ལོ་བཅུ་གསུམ་པ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བཅུ་བཞི་ལ་ཐུབ་དབང་གནས་བརྟན་འཁོར་དང་བཅས་པ་དངོས་སུ་ཞལ་གཟིགས་ཏེ། སྒྲུབ་ཐབས་ལས་ཚོགས་མཐའ་ཡས་པ་ཞལ་གདམས་དང་བཅས་པ་མགྲིན་གཅིག་ཏུ་གསུངས་སོ། །དབང་འདི་ཡང་མགྲིན་གཅིག་ཏུ་བསྐུར་ནས་མི་སྣང་བར་གཤེགས་སོ། །དེ་བས་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན། ཐུབ་པའི་གསུང་དྲོན་མོ་འདི་ལྟ་བུའི་དབང་ཐོབ་པ་ནི་སྐལ་པ་ཤིན་ཏུ་བཟང་བ་ཡིན་ནོ། །ཚུལ་།ཁྲིམས་གཙང་བའི་རྟེན་འབྲེལ་དུ་བཙུན་པ་བཙུན་མ་རྣམས་ཀྱིས་ཐོབ་ངེས་ཤིན་ཏུ་གལ་ཆེ་བ་ཡིན། དེ་ལྟ་བུའི་དབང་བསྐུར་བ་ལ་ཐོག་མར་བླ་མ་ཐུབ་དབང་གནས་བརྟན་འཁོར་


CMR046_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་བཅས་པ་ལ་དད་མོས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཅེས་སོགས་སྐབས་སུ་བབས་པའི་མཚམས་སྦྱོར་བཅས་དབང་གཏེར་གཞུང་ལྟར་བསྐུར། རྗེས་ཆོག་སྤྱི་ལྟར་རོ། ཞེས་པ་འདི་བླ་མ་ཚུལ་ཁྲིམས་ཡང་དག་གིས་བསྐུལ་བ་ལ་བརྟེན་ནས། གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་། དགེ་བས་ཐུབ་པའི་བསྟན་པ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད།next