Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན།
   
   
   
   
   
   
   
   


 
previousགནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན།next

གནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན།


CMR046_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན་བཞུགས་སོ། ༈ གནས་བརྟན་ཆོ་ག་བསྡུས་པ་ནི། མདུན་དུ་རིན་ཆེན་ཁང་བཟང་རྒྱ་ཆེ་བར། །དབུས་སུ་སེངྒེས་བཏེག་པའི་རཏྣའི་ཁྲི། །ལྷ་རྫས་གོས་ཀྱིས་བཀླུབ་ཅིང་ཆུ་སྐྱེས་དང་། །ཟླ་བའི་སྟེང་ན་སྟོན་པ་ཤཱཀྱ་ཐུབ། །མཚན་དང་དཔེ་འབར་ཆོས་གོས་རྣམ་གསུམ་གསོལ། །ས་གནོན་མཉམ་གཞག་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །གཡས་གཡོན་ཤཱ་རིའི་བུ་དང་མོའུ་འགལ། །ཡན་ལག་འབྱུང་སོགས་གནས་བརྟན་བཅུ་དྲུག་རྣམས། །གསེར་མདོག་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །ཕྱག་མཚན་སྣ་ཚོགས་འཛིན་ཅིང་ལྷམ་མེར་བཞུགས། །མདུན་དུ་འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །སངས་རྒྱས་མཆོད་པའི་བྱེད་པོ་ཧྭ་ཤང་ནི། །མཆོད་རྫས་སྣ་ཚོགས་ཐོགས་ཤིང་དགྱེས་པའི་ཉམས། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞིར་བཅས། །སྣང་ཞིང་སྟོང་ལ་འཇའ་ཚོན་ལྟ་བུར་གསལ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་


CMR046_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །དགེ་བསྙེན་སྐྱབས་གསོལ་དཀོན་མཆོག་བསྟན་པ་སྲུངས། །དྷརྨ་ཏཱ་དང་ཧྭ་ཤང་རྒྱལ་ཆེན་བཞི། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བདག་སོགས་གྲངས་མེད་ལུས་སྤྲུལ་གུས་པ་ཡི། །དྭངས་བ་ཆེན་པོའི་ཕྱག་འཚལ་སྐྱབས་སུ་མཆི། །རྐང་གཉིས་གཙོ་བོ་སྟོན་པ་ཤཱཀྱའི་རྒྱལ། །མཆོག་ཟུང་གཉིས་དང་བཅས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུའི་བྷ་ར་དྷཱ་ཛཱར་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷཱ་ཛཱ་བསོད་སྙོམས་ལེན། །ལམ་ཕྲན་ཀླུ་སྡེ་སྦེད་བྱེད་མི་ཕྱེད་པ། །དྷརྨ་ཏཱ་དང་ཧྭ་ཤང་ལ་ཕྱག་འཚལ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བརྩོན་པས་གོ་བསྒོས་སངས་རྒྱས་བསྟན་པ་


CMR046_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས། །ཕྱོགས་བཞིའི་རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཐུབ་དབང་གནས་བརྟན་འཁོར་དང་བཅས་རྣམས་ལ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །ལུས་དང་ལོངས་སྤྱོད་དགེ་ཚོགས་མཆོད་པ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ནས། །ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བ་དང་། །སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །བདག་དང་མཁའ་མཉམ་སེམས་ཅན་མ་ཐམས་ཅད་ཀུན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཐོབ་པར་ཤོག །སྡིག་ལྟུང་ཉེས་པའི་དྲི་ཡི་མ་གོས་པ། །འཕགས་པ་ཉེ་བ་འཁོར་ལྟར་མཉམ་པར་ཤོག །རྨད་བྱུང་སྦྱངས་པའི་ཡོན་ཏན་ཕུལ་བྱུང་བ། །འཕགས་པ་འོད་སྲུང་ལྟ་བུར་འབྱུང་གྱུར་ཅིག །བཤད་སྒྲུབ་ཐོས་བསམ་སྒོམ་གསུམ་རབ་སྦྱངས་ནས། །དགེ་འདུན་འཕགས་པའི་ཚོགས་རྣམས་རྒྱས་གྱུར་ཅིག །སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གི །བསྟན་


CMR046_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡུང་རིང་གནས་པར་བྱིན་གྱིས་རློབས། །དེ་ལྟར་བདག་གི་གསོལ་བ་བཏབ་པའི་མཐུས། །ཐུབ་དབང་གནས་བརྟན་རྣམས་ལས་འོད་ཟེར་འཕྲོས། །བདག་གཞན་ལ་ཕོག་སྒོ་གསུམ་དྲི་མ་སྦྱངས། །ཡེང་མེད་ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་གྱི། །བསླབ་གསུམ་དངོས་གྲུབ་བྱིན་རླབས་ཐོབ་པར་གྱུར། །ཐུབ་དབང་གནས་བརྟན་ཡེ་ཤེས་པ་རྣམས་ཀུན་། །འོད་ཞུ་རང་ཐིམ་དབྱེར་མེད་གཅིག་ཏུ་འདྲེས། །རྒྱལ་ཆེན་སྡེ་བཞིའི་རང་རང་དངོས་གྲུབ་ཚོགས། །སྩོལ་ཞིང་སོ་སོའི་གནས་སུ་གཤེགས་པར་གྱུར། །དུས་གསུམ་རྒྱལ་ཟློབ་སྲས་བཅས་ཐུགས་རྗེ་ཡི། །ཉན་ཐོས་ཚུལ་བཟུང་སྲིད་པའི་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་བརྗོད། དེ་ལྟར་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་འདི་ཉིད་རྟག་པར་བརྩོན་ན་ནད་གདོན་བར་ཆད་ཞི་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་དང་། བསྟན་པ་ལ་ཕན་ཐོགས་པའི་ནུས་པ་


CMR046_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་འགྱུར་རོ། །གང་ཞིག་དགེ་འདུན་རྣམས་ཀྱིས་འཚོགས་སུ་འདོན་པར་བྱས་ན་དེར་གནས་བརྟན་བཅུ་དྲུག་མངོན་སུམ་དུ་འབྱོན་ཞིང་བྱིན་གྱིས་རླབས་པ་དང་། དགེ་འདུན་གྱི་སྡེ་ཆེན་པོ་འདུ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་སྡེ་བཞིའི་བསྲུང་ཞིང་སྐྱོང་བར་འགྱུར་རོ། །ཞེས་པ་འདི་ཡང་དད་པའི་དཔལ་ལྡན་པ་ཤཱཀྱའི་རྗེས་འཇུག་ཀརྨ་བཀྲ་ཤིས་དཔལ་འབྱོར་ནས་བསྐུལ་ངོར། ༧ ཆགས་སྤྲུལ་ལྔ་པ་ཀརྨ་ཐུབ་བསྟན་རྣམ་རྒྱལ་ངེས་དོན་བསྟན་པ་འཛིན་པའི་སྡེས་གནས་མདོ་ཐུབ་བསྟན་བཤད་སྒྲུབ་གླིང་གི་ཆོས་འཁོར་ཆེན་པོའི་ཡང་དབེན་གཟིམ་ཆུང་པདྨ་བཀོད་དུ་མཚམས་ཀྱི་ཐུན་བར་གཅིག་ཏུ་རྫོགས་པར་བྲིས་པའི་དགེ་བས་རང་གཞན་གྱི་སྒྲིབ་གསུམ་ལྷག་མེད་དུ་བྱང་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཐོབ་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན།next