Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ།
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ།


CMR046_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ་བཞུགས་སོ།།


CMR046_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །ཀུ་རུ་ཀུལླེ་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །མདའ་གཞུ་འཛིན་ཅིང་འོག་མ་གཉིས། །ལྕགས་ཀྱུ་ཞགས་པ་འཛིན་པ་སྟེ། །གཡས་བསྐུམ་གཡོན་བརྐྱངས་གར་བསྟབས་འགྱིང་། །མེ་ཏོག་དམར་པོའི་ཕྲེང་བས་བརྒྱན། །དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །


CMR046_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཉི་སྟེང་ཧཱིདམར་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །ཀུ་རུ་ཀུལླེའི་རི་ཕུག་ནས། །རང་འདྲ་དཔག་མེད་སྤྱན་དྲངས་བསྟིམ། །རང་ལས་སྤྲུལ་པའི་མཆོད་པའི་ཚོགས། །དཔག་མེད་བཅོམ་ལྡན་འདས་མ་མཆོད། །ཨགྷོ་སོགས་ཀྱིས་མཆོད། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན་། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་བསྟོད། །ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོར་བ་ལས།


CMR046_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པ་ཡིས། །འཁོར་འདས་སྣང་སྲིད་ཀུན་གྱི་དངོས་གྲུབ་བསྡུས། །རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རྒྱས། །ༀ་ཀུ་རུ་ཀུ་ལླེ་ཧཱུྃ་སྭཱ་ཧཱ༔ འདི་ཉིད་རྒྱུན་ཏུ་བཟླས་པས་བསྙེན་པ་ཡིན། ཀུ་རུ་ཀུལླེའི་ཐུགས་ཀ་ནས། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །འཕྲོས་ཏེ་དགེ་འདུན་ཐམས་ཅད་ཀུན། །རང་གི་དབང་དུ་འདུས་པར་བསམ། །ཨོཾ་ཀུ་རུ་ཀུལླེ་ཧཱིསརྦ་སཾ་གྷ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། འཁོར་སློབ་འདུ་བའི་གདམས་པ་ཟབ། རང་ཉིད་ཀུ་རུ་ཀུལླེ་ནི། །ནམ་མཁའ་ཁྱབ་པར་བསྒོམ་པ་ཡི། །ཐུགས་ཀར་རང་སེམས་ལྷ་མོའི་སྐུ། །གཟི་བརྗིད་ལྡན་པར་བསྒོམ་པ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །དམིགས་བྱ་གང་ཡིན་འོད་དེས་བཀུག །བྷ་གའི་ནང་ནས་སྤྱན་དྲངས་ནས། །ལྟེ་བའི་ཐད་དུ་ཐལ་མོ་སྦྱར། །རང་སེམས་ལྷ་མོ་ལ་གུས་བསྒོམ། །རང་སེམས་ལྷ་མོའི་བྷ་ག་ནས། །བྱང་སེམས་དམར་པོ་མཚལ་ཁུ་ལྟར། །བབས་པས་ཁོ་ལ་ཁྲུས་བྱས་པས། །ཁོ་ཡི་ལུས་གང་བདེ་བས་ཁྱབ། །སྙིང་ཁའི་ལྷ་མོ་ལ་གུས་ནས། །ཆགས་པས་མྱོས་ཏེ་འདུག་པར་བསམ། །ཡང་ན་འོད་ཟེར་དམར་པོ་ནི། །ལྕགས་


CMR046_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུའི་དབྱིབས་ཅན་འཕྲོས་པ་ཡིས། །གང་དམིགས་དབང་དུ་འདུས་པར་བསམ། །སྤྱི་ལ་བྱེད་ན་ལོ་ཀ་དང་གཅིག་ལ་བྱེད་ན་རྒེ་སྦྱར། ཨོཾ་ཀུ་རུ་ཀུལླེ་ཧྲིསརྦ་ལོ་ཀ་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། དེ་དག་དམིགས་པ་གང་ཡིན་ཀྱང་། མཇུག་ཏུ་སེམས་ངོ་ཡུད་ཙམ་སྐྱོང་། དེ་ཡི་མགོ་ནོན་གནད་ཟབ་ཡིན། །གནམ་ཆོས་སྤྲོས་མེད་ཉམས་ལེན་ཚུལ། །གོ་བདེ་ཚིག་གིས་བཀྲོལ་བ་ཡིན། །རྒྱས་པར་འདོད་ན་རྩ་གསུམ་གྱི། །ལས་བྱང་ནང་དུ་མངོན་རྟོགས་བཅུག །དེ་མིན་གབ་པ་གཞན་དུ་མེད། །བླ་མ་མཐུ་སྟོབས་ལ་ཕན་ཕྱིར། །རཱ་ག་ཨ་སྱས་སྨྲས་པ་ལྟར། །དབོན་པོ་ཉིད་ཀྱིས་ཡི་གེ་བྲིས། །ཉེས་འགལ་ཆོས་བདག་ཉིད་ལ་བཤགས། །དགེ་བས་བསྟན་ལ་ཕན་ཐོག་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ།next