Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛམ་དམར་དབང་འཁོར།
   
   
   
   


 
previousཛམ་དམར་དབང་འཁོར།next

ཛམ་དམར་དབང་འཁོར།


CMR046_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལྷ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཁན་པོ་ཕྲིན་ལས་འགྲོ་དོན་རྣམས། །ཆུང་བར་འགྱུར་ན་ཤོག་བུ་གྲུ་བཞི་ལ། །སྟོད་དུ་ཛཾ་ལྷ་དམར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པའི་ཐོད་ཁྲག་གཡོན་ནེའུ་ལེ། །དར་དང་རིན་ཆེན་རྒྱན་ལྡན་འདོར་ཐབས་བཞེངས། །ཐུགས་ཀར་ཡི་གེ་ཛི་ཡིག་མཚན་པའོ། །དེ་ཡི་ཞབས་འོག་ཨ་པར་ཙིཏྟ་སོགས། །དར་སྔོན་བེར་གྱོན་ལྕགས་ཀྱུ་ཞགས་པ་ཐོགས། །ཞབས་གཉིས་འདོར་ཐབས་ཐུགས་ཀར་ཧཱུྃཡིས་མཚན། །དེ་ཡི་ཞབས་འོག་ཐེའུ་རང་ལས་མཁན་གསུམ། །སྔོན་པོ་གཅེར་བུ་ཨ་ཙ་ར་ཡི་གཟུགས། །མཚན་མ་གྱེན་བསྒྲེང་རྒྱུག་ཅིང་འཕྱོང་བའི་ཚུལ། །གསུམ་ཀའི་ཐུགས་ཀར་ཡི་གེ་ཏྲི་ཡིག་མཚན། །ནས་ནི་ཀུར་མ་གང་གི་སྟེང་དུ་བཙུགས། །ཀུར་མ་ཞེས་པ་རུ་སྦལ་ཁོག་པ་སྟེ། །མེད་ན་ཟན་ལ་དེ་ཡི་གཟུགས་བྱ་ཟེར། །བདག་མདུན་གོང་དུ་བྲིས་པ་ལྟ་བུར་བསྐྱེད། །ཛཾ་དམར་ལས་བྱང་ཡོད་ན་རབ་ཡིན་ཏེ། །མེད་ན་ཛཾ་གཏོར་ཟས་སྣས་བརྒྱན་པ་ལ། །འདོད་གསོལ་བསྒྱུར་བའི་སྔགས་ལ་ཁཱ་ཧི་བཏགས། །དུས་བཞིར་བསྔོ་ཞིང་སྔ་དྲོ་ཆུ་སྦྱིན་བྱེད། །སྔགས་འདི་ཞག་བདུན་བཟླས་པ་སྒྲུབ་པ་ཡིན། །ཨོཾ་ཛམྦྷ་


CMR046_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཛ་ལེནྡྲ་ཡེ་ཧཱིས་པ་ར་ཙིཏྟ་ཛ་ཛཿ དམིགས་པ་རང་གི་ཨ་པར་ཙིཏྟ་མནན། །ཙིཏྟས་འོག་གི་ཐེའུ་རང་སྤུན་གསུམ་མནན། །གཅིག་གིས་གཅིག་གཟིར་འོག་མས་མ་བཟོད་ནས། རང་འདྲའི་ལས་མཁན་ཡུལ་ཕྱོགས་ཁྱབ་པར་འཕྲོས། །ཡོན་ཏན་མཁན་པོ་སུ་ལ་མཁོ་ཚད་ཀུན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགུལ་ནས་བཅིངས། །རང་དབང་མེད་པར་རང་གི་མདུན་དུ་ཁྲིད། །གུས་ཤིང་འདུད་ནས་གསོལ་བ་འདེབས་པར་བསྒོམ། །བདག་མདུན་རང་རང་ཐུགས་ཀར་རང་རང་སྔགས། །གཡས་བསྐོར་དྲག་ཏུ་འཁོར་བར་བསྒོམ་པ་དང་། །བདག་ལས་འོད་འཕྲོས་མདུན་བསྐྱེད་ལྷ་རྣམས་བསྐུལ། །གོང་མས་འོག་གཟིར་འོག་མས་སྤྲུལ་པ་འགྱེད། །དབང་དུ་བསྡུ་སོགས་གོང་དང་འདྲ་བ་ལ། །ཐུན་མགོ་བདག་བསྐྱེད་ཐུན་མཇུག་མདུན་བསྐྱེད་དམིགས། །ཐུན་མཚམས་གཏོར་མ་བསྔོ་སོགས་སྤྱི་དང་འདྲ། །སྔོན་དུ་ཛཾ་དམར་བསྙེན་པ་ཐེམ་པའི་མིས། །སྒྲུབ་པ་འདི་ཉིད་བྱ་བར་མི་དགོས་ཏེ། །ལས་སྦྱོར་ཁོ་ན་བྱེད་པས་ཆོག་པ་ཡིན། །ལས་སྦྱོར་གོང་གི་སྐུ་གཟུགས་དེ་ཉིད་ནི། །ལྟེབས་ལུགས་ཅོད་པན་གྱི་ནི་སྙན་རྒྱན་ལྟར། །ཛ་དམར་སྟེང་དང་ལས་མཁན་འོག་ཡོད་བྱ། །དེ་


CMR046_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེན་མོའི་བར་དུ་ཅི་བདེར་ལྟེབས། །དེ་ཉིད་ཕྲེང་བའི་མདོ་འཛིན་ལ་བཏགས་ནས། །གོང་གི་དམིགས་པ་དེ་ཉིད་རྩེ་གཅིག་བསྒོམ། །དེ་ཚེ་བདག་བསྐྱེད་ཡིན་གྱི་མདུན་བསྐྱེད་མེད། །གོང་གི་རྩ་སྔགས་ཤམ་ལ་འདི་ཉིད་བཏགས། །ཏྲིའུ་ཏྲིའུ་ནཱ་ག་པ་ཏི་ཧྲིའུ་ཡོན་ཏན་མཁན་པོ་མྱུར་དུ་ཚོལ་དུ་ཐོང་ཞིག་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཡོན་ཏན་འགྲིམ་སྒོ་ཅིང་བྱུཡང་མེད་པའི་མིས། །འདི་ཉིད་སྒྲུབ་ནས་ཟླ་ཤས་ཙམ་སོང་ན། །གདུལ་བྱའི་སྒོ་བྱེ་དེ་ནས་ཇེ་ཇེ་འགྲིམ། །ཞག་གཅིག་ཙམ་ཡང་གདུལ་བྱས་མི་ཁོམ་པ། །ཟླ་མཚམས་ཙམ་ཡང་འདུག་ཏུ་མི་བཅུག་པ། །དེ་འདྲ་མང་པོ་བྱུང་བ་མྱོང་བས་འགྲུབ། །གཡེང་བ་ཆེ་དྲག་ཐུགས་དམ་མི་འཕེལ་བ། །འཁོར་ལོ་བཀྲོལ་ལ་སྔགས་ཀྱི་བཟླས་འཕྲོ་བཅད། །དེས་ཀྱང་མི་ཕན་དེ་མུ་འཁྱམས་ཉན་གདའ། །དེ་ཚེ་ཞེ་བཅད་གྱིས་ལ་བསྒྲུབ་ལ་འབུངས། །གནད་ཀྱི་ཞལ་ཤེས་གཉིས་ནི་ཐུགས་ལ་གབ། །འདི་བྲིས་ཉེས་ལྟུང་ལྟུང་བཤགས་ལྷ་ལ་བཤགས། །་འདི་ཕྱི་གང་དུའང་སྒྲིབ་པར་མ་གྱུར་ཅིག །འདི་བྲིས་དགེ་བའི་རྩ་བ་མཆིས་སྲིད་ན། །ཆུང་ནས་རབ་བྱུང་ཆུང་ནས་ཚུལ་ཁྲིམས་བསྲུང་། །སྡེ་སྣོད་རིག་གནས་རྒྱུད་སྡེ་ཀུན་ལ་སྦྱངས། །


CMR046_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་ཉམས་ལེན་ཀུན་ལ་གོ་རྟོགས་བཟང་། །དབང་བསྐུར་ཆོས་བཤད་མན་ངག་བྱིན་ལ་མཁས། །མདོས་ཟློག་བསྐང་བ་སྦྱིན་སྲེག་ཕྱག་ལེན་ཞིག །སྲུང་ཟློག་མན་ངག་ཀུན་ལ་གནད་འགག་ཟབ། །དེ་འདྲའི་ཕྱི་རབས་དགེ་བའི་བཤེས་གཉེན་རྣམས། །བླ་མ་མཚན་ལྡན་ཁྱི་ལྟར་མི་འཁྱམས་པ། །འགྲོ་བ་ཀུན་གྱིས་གཙུག་ཏུ་བཀུར་བར་ཤོག །རྫུན་ཐོབ་ཁྲམ་གྱི་མི་མགོ་བསྐོར་བའི་མིས། །འདི་ཉིད་སྒྲུབ་ན་འདི་ཡི་གཏེར་སྲུང་ནི། །གཉན་ཆེན་ཐང་ལྷ་འཁོར་དང་བཅས་པ་ཡིས། །དེ་ཡི་བསམ་པ་བསྒྲུབ་ཏུ་མ་བཅུག་ཅིག །བཀའ་འདིའི་སྲུང་མ་གཏེར་སྲུང་ཁྱོད་ཀྱིས་མཛོད། །ཨ་རཱ་གས་སོ།། །།མངྒ་ལཾ།།


previousཛམ་དམར་དབང་འཁོར།next