Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས།
   
   


 
previousདྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས།next

དྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས།


CMR046_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས་གསལ་བ་བཞུགས་སོ།། སྣོད་མིན་ལ་གསང་རྒྱ། འདི་བསྟན་པ་དྲེགས་པ་ཆེན་པོ་བཅོ་བརྒྱད་ཀྱི་འཁོར་དང་། དྲེགས་པ་ཉི་ཤུ་ལ་དྲེགས་ཆེན་དང་དྲེགས་ཆུང་ཟེར་ཞིང་དྲེགས་པ་ཉི་ཤུ་པ་འདི་ལ་ཡང་རླུང་དམར་ནག་གཉིས་སུ་ཡོད་ཅིང་། འདི་ནི་དྲེགས་པ་ཉི་ཤུ་པ་རླུང་ནག་ལས་ཀྱི་འཁོར་ལོའི་རྒྱུད་ཀྱི་དུམ་བུ་བཅུ་དགུ་པ་ཡིན་ལ། དེ་ཡང་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱལ་པོས་གསེར་གྱི་མཎྜལ་ལ་གཡུ་ཡི་ཕྲ་བཀོད་དེ་སློབ་དཔོན་ལ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཟཆེ་སྲུང་བའི་གདམས་ངག་ཟབ་ལ་མྱུར་བ། སྔགས་བཟླས་བརྗོད་བསྒོམ་ཡང་མི་དགོས་པ་བསྟན་ཤིང་ལེན་པ་གཅིག་གནང་བར་ཞུ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཧོ་རྒྱལ་པོ་ཆེན་པོ་ལགས། བདག་འདྲ་སློབ་དཔོན་པདྨ་ང་། །ཕུང་བྱེད་ཤིན་གནྡྷུ་དང་། །དྷ་ན་སཾ་སྐྲ་ལ་སོགས་ལ། །དྲག་སྔགས་བརྒྱ་དང་རྩ་བརྒྱད་ཞུས། །ཁྱད་པར་དྲེགས་པའི་སྐོར་རྣམས་ཞུས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་གི་ཡི་གེ་འབྲུ་ཚུགས་སུ་བཀོད་པའི་མན་ངག་དྲག་སྔགས་ཐམས་ཅད་ཀྱི་ཡང་སྙིང་འབྱུང་བ་རླུང་ལ་ལས་བཅོལ་བ། དམ་ཉམས་རྣམས་ཀྱིས་


CMR046_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དབུགས་དངོས་སུ་ལེན་པ། བསྟན་ཤི་ལན་མེད་པ། ཕོ་རོག་ལྡིང་བསྐུལ། ཡུ་མོ་རྒྱུག་འགྱིལ། མེ་ལྕེ་ཁའི་སྦྲང་མ་དང་འདྲ་བའི་གདམས་ངག །རང་ལ་ཡོད་ན་ནོར་ཆེ་བ། མི་ལ་ཡོད་ན་རྒྱ་ཆེ། གཞན་ལ་བསྟན་ན་འཕང་ཆེ་བའི་གདམས་ངག །འཇིག་རྟེན་ན་རྟ་མིག་ལྕགས་ཀྱི་གཏུམ་ནས་བཙལ་ཡང་རྙེད་པར་མི་འགྱུར་རོ། །དེ་སྔོན་སུ་ལ་འང་བསྟན་པ་མེད། རྒྱལ་པོ་ཆེན་པོས་གཏེར་དུ་སྦོས་ཤིག །པདྨ་ང་ཡི་ཐུགས་བཅུད་ཡང་དག་པའོ། །ཞེས་གསུངས་ཏེ། རྒྱལ་པོ་ཆེན་པོ་ཁྲི་སྲོང་ལ་གནང་བ་སྟེ། རྒྱལ་པོས་རྒྱ་ནག་གི་དམག་ལ་འཁོར་ལོ་བསྐོར་བས་རྒྱ་ནག་གི་དམག་འབུམ་ཚོ་མང་པོ་ནད་ཡམས་ཀྱིས་ཕུང་སྟེ་མཐའ་དམག་ཟློག །དེ་ནི་ཤིན་ཏུ་ཟབ་པར་དགོངས་ཏེ་དཔེ་གཉིས་སུ་མཛད་ནས་གཏེར་དུ་སྦས་སོ། །རྒྱ་རིམ་པ་བདུན་གྱིས་བཏབ་བས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་གདམས་ངག་ཟབ་མོ་འདི་འདྲ་དགོས་ཤིང་། ཁྱད་པར་སྔགས་པ་མཐུ་མེད་གྲོང་སྟོང་གི་ཁྱི་འཁྱམས་བཙོགས་པ་འདྲའོ་གསུང་ནས་གནང་སྟེ་གཏེར་དུ་སྦས་པའོ། །ད་མ་འོང་པ་ན་ཆགས་སྡང་རླུང་ལྟར་ལྡང་། གསང་སྔགས་དགོན་སྡེ་ཁྱི་ལྟར་འཛིང་བའི་དུས་བྱུང་སྟེ། དེའི་


CMR046_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དམ་ཉམས་སྔགས་ནག་ཞེ་སྡང་ཅན་གྱིས་ཆོས་བྱེད་དང་བསྟན་འཛིན་རྣམས་ལ་འཚེ་བར་འབྱུང་ཞིང་རང་འདོད་ཁོ་ནས་སེམས་ཅན་ཉེས་མེད་ལ་བཏབ་ཅིང་དམ་ཉམས་ཀྱི་ལག་ཏུ་སོང་ན་སངས་རྒྱས་བསྟན་པ་དང་སེམས་ཅན་གྱི་དགྲར་གྱུར་ཏོ། །དེའི་ཕྱིར་ན་གདམས་ངག་འདི་གཅིག་བརྒྱུད་མ་རྟོགས་གཞན་ལ་མ་སྤེལ་ཅིག །རྟ་ཤི་བའི་སོ་དང་པིར་གྱི་ཁ་བཞིན་ཨ་ཐམ་རྒྱ༔ ཞེས་གསུངས་ཏེ་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བསམ་ཡས་ཕྱག་རྡོར་གྱི་ཞབས་འོག་ནས་ཕྱུང་། གདམས་ངག་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་བོད་ཁམས་ཡོངས་ལ་ཁྱབ་ཅིང་ཤིན་ཏུ་གྲག་ཆེ་ཞིང་བཀའ་རྒྱ་ཡང་དམ་པར་ཡོད་དོ། །སློབ་དཔོན་གྱི་ཕྱག་ཁྲིད་འདྲ་མེད་ན་དཔེ་རང་གི་མི་ཆོག་པར་ཡོད། དྲེགས་པའི་གཞུང་ཆེན་ལ་ནི་གོང་འོག་གི་མན་ངག་འཐོར་བ་དང་། ཐན་འགྱེད་དང་སྲོག་ལས་གཉིས་ཀར་འབྲེལ་ནས་ཡོད་པས་དབྱེ་དཀའ། སྔོན་གྱི་བསྐོར་བ་རྣམས་ཀྱི་ལོ་རྒྱུས་མ་ལེགས་པ་མང་པོ་བྱུང་བར་གྲག་ཅིང་། དེའི་དོན་ཀྱང་ཕྱག་ལེན་འཁྱུག་པ་དང་། ལོག་རྡུགས་འབྱམས་གསུམ་དང་། འཇིག་རྟེན་དྲེགས་པ་ཅན་གང་གཉན་གྱི་སྲོག་ཡིན་པའི་ཕྱིར་མ་ཆུན་པའོ། །དེ་དག་ནི་དྲེགས་པ་ཆེ་བ་ནི་སྡེ་ཆེན་


CMR046_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསྟན་དོན་འདྲ་ལས་རང་བཞིན་ལག་ཏུ་ལེན་པ་ཅུང་མི་འཐད་ཅིང་། སྤེལ་བ་དང་བསླབ་པ་སོགས་བྱས་ན་བཙན་དུག་བཙོང་བ་དང་འདྲ་བས་ཤིན་ཏུ་དམ་པར་དམ་པར་ཡོད་དོ། །འདི་ཡང་དེ་དང་ཅུང་ཙམ་མི་འདྲ་ཡང་། དགྲ་བོ་མགོ་འཁོར་ནས་ཟིན་མ་ཟིན་དང་། རྒྱུ་ཤོར་གྱི་མཚང་གི་རྐུན་མས་བསད་པ་དང་། ཁྲིམས་ཀྱི་རྒྱུ་སོགས་བདག་པོ་དང་བྲལ་བ་སོགས་བྱུང་དུས་བསྐོར། གལ་ཏེ་དགྲ་བོ་མགོ་འཁོར་མ་བྱུང་ན་སྔོན་གྱི་ལས་འབྲས་དང་། །འཕྲལ་གྱི་སྲུང་སྐྱབས་བཟང་པོ་སོགས་བྱུང་སྲིད་ནའང་། འདིའི་འཁོར་ལོ་བསྐོར་བའི་སྟབས་ཀྱིས་ཁོའི་བསོད་ནམས་ཚེ་ལ་གནོད་ཅིང་། དེ་ཕྱིར་ཅི་བྱས་ལམ་དུ་མི་འགྲོ་བ་སོགས་འབྱུང་བས་ཉེས་པ་ཤིན་ཏུ་ཆེའོ། །དམ་ཉམས་བསྟན་དགྲ་རྣམས་ཀྱི་ལག་ཏུ་སོང་ན་ནི་རང་གི་ཤེད་དུ་འགྱུར། འདི་ཉིད་སློབ་དཔོན་གྱི་ངག་ཁྲིད་ཀྱིས་བརྒྱན་ཏེ་གསང་སྔགས་བལྟས་ཆོག་ཏུ་རང་གི་རྒྱུད་འཛིན་དང་སློབ་མ་ཕྱོགས་སུ་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་གཉེར་པ་ཆོས་འཕེལ་གྱིས་ནན་ཏན་གྱིས་བྲིས་པས་གསང་བ་འཆོལ་དུ་མི་རུང་ངོ་། །ཨྠྀི༔ འདི་ཡི་མ་ཡིག་གཞུང་བསྟན་ཀྱང་གནད་ཀྱི་ཚན་འདི་བསྟན་པར་མི་བྱའོ། །ཞལ་ཤེས་འགའ་ཡང་ཡོད་


CMR046_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །དྲེགས་པའི་གཞུང་གི་ལུགས་ལ། འཁོར་ལོ་བསྐོར་ཁ་གཞི་བདག་ལ་དཀར་གཏོར་འབུལ། སྡོང་གྲོགས་སོགས་བཀའ་བསྒོ། རང་གི་ཚོགས་གཏོར་དང་བསྐང་གསོལ་སོགས་ཆོས་སྐྱོང་ལ་གཏོར་མ་འབུལ། དགྲ་བོ་འདི་ཤར་ནུབ་གོ་བཟློག་སོགས་ཀྱིས་ཕྲིན་ལས་བཅོལ། སྲོག་བསྐུལ་རང་མི་བྱེད། ཞག་གསུམ་བཞི་ལ་མཚམས་འདྲ་བ་ཞིག་བྱས་ནས་སྔགས་དམིགས་བཀུག་བཞུགས་གལ་ཆེའོ། །དང་པོ་འཁོར་ལོ་བསྐོར་ཁ་འཁོར་ལོ་བྲུབ་ཁུང་དུ་བཅུག་ནས་བཀུག་གཞུག་དྲག་ཏུ་བྱའོ། །ནམ་གྱི་སྲོད་ལ་བཀུག་གཞུག་དང་སྔགས་དམིགས་ཐུན་གཅིག་གལ་ཆེའོ། །གཏོར་མ་ཤ་ཁྲག་གི་བརྒྱན་པ་བཤམས་ནས་དྲེགས་པའི་རྒྱལ་པོ་རྣམས་ལ་འབུལ་ལོ། །འཁོར་ལོ་ནི་དགུན་མ་རྟོགས་ཆུ་ལ་བསྐོར་ན་མྱུར་ཞིང་བར་མེད་དུ་འཁོར་བས་ཟབ་ཅིང་རླུང་ལ་ཡང་རུང་ངོ་། །ཁ་རླངས་དང་དྲི་མ་སོགས་མ་སོང་ན་ལག་བསྐོར་ཀྱང་མི་རུང་བ་མེད་ཅིང་སྟབས་བདེ། རླུང་སྒོ་ཤིང་དང་བཅས་པ་རྣམས་ནི་མཐོང་བ་བརྒྱུད་པ་ལྟར་བྱའོ། །དགྲ་བོ་ཤིན་ཏུ་ཉེས་ཆེ་ན་ཀླུ་གཉན་དང་ལྷ་འདྲེ་ས་བདག་གདུག་པ་ཅན་གནས་པའི་སར་བསྐོར་ལ་གཏོར་མ་ཕུལ། རང་གི་གོས་མགོ་མཇུག་ལྡོག་ལ་གྱོན་


CMR046_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདོང་ལ་རོ་སོལ་དང་གྲི་ཁྲག་བྱུག །རང་མ་ཉེས་པའི་བདེན་སྟོབས་བརྗོད་ལ་ཕྲིན་ལས་བཅོལ། རང་གི་ཆོས་སྐྱོང་དྲག་ཏུ་བསྐུལ། གཏོར་མ་འཕེན་པ་སོགས་བྱའོ།། ༧ ལོང་བྱུང་ཞིང་བཅའ་འགྲིགས་ན། ར་ལྤགས་གཅིག་བཏིང་ལ་ནི་ཁྲི་གཅིག་བྲིས། དེའི་སྟེང་དུ་ལག་བསྐོར་གཅིག་བཞག །དེའི་སྟེང་དུ་འབྲུ་ནག་ལ་ར་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་མཐོ་གང་བ་གཅིག་གི་སྨད་ཆར་ལིང་ག་ཟག་རྫས་དང་བཅས་པ་སོགས་གཞུག་ཅིང་། ར་ཡི་ཤ་ཁྲག་གིས་བརྒྱན། ལིང་ག་སྤྱི་མཐུན་གཉིས་བྲིས་ནས་གཅིག་ལག་བསྐོར་འོག་ཏུ་ཟློབཞག་གཅིག་སྟེང་དུ་བཞག །རྗེས་ས་དང་འབྲུ་ནག་བསྲེས་ལ་མཐར་འཐག་ཅིང་ཕྱིན་ཅི་ལོགས་སུ་སྔགས་བརྒྱ་མཚམས་སུ་གསུམ་རེ་བསྐོར་བ་བྱ་ཞིང་སྔགས་རྣམས་བསྒྲུང་། དེ་ལྟར་ན་དེའི་དམིགས་པ་ནི་ཐུབ་ནག་སྐོར་དེ་དང་། སྔགས་ཞྭ་རམ་ཅན་གཉིས་གཙོ་བོར་བཟུང་དགོས་སོ། །སྔགས་དང་ཏིང་འཛིན་འཁོར་ལོ་བསྐོར་བ་གསུམ་ཀ་འཛོམས་ན་ཐེ་ཚོམ་མེད་དོ། །ས་ཆའི་མིང་དང་སེམས་ཅན་གྱི་མིང་བྲི་བ་གནད་ཆེའོ། །དགྲ་ཡི་ལོ་རྒྱུས་དང་མིང་ཤེས་ན་ལོ་བསྐོར་བཅུ་གཉིས་བྲི་མི་དགོས་སོ། །གཅིག་གང་ཡིན་དེས་བསྐང་། དེ་ལྟར་གྱིས་འཁོར་


CMR046_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་སྔགས་ཀྱི་དགྲ་བོ་འགྲོ་རྒྱུ་མེད་པར་མི་ལག་རབ་འདིའི་ལག་ཏུ་མགོ་འཁོར་ནས་འགྲོ་རྒྱུ་མེད་པར་གྱུར་པ་ནི་སྔོན་གྱི་སློབ་དཔོན་རྣམས་སུ་བླངས་ཤིང་། མགོ་འཁོར་འདི་ལྟར་བསྐོར་ཆོག་པའི་ལུང་ཡང་དགོངས་གཏེར་དང་ཐུགས་སྒྲུབ་སོགས་ཀྱི་རླུང་འཁོར་དང་། རླུང་འཁོར་ནས་ནང་ནས་ཀྱང་གསལ་ལོ། །དྲེགས་པའི་གཞུང་གི་སྲོག་ལས་ཆེ་བ་ནི་རང་གཞན་ལག་ཏུ་ལེན་ན་མི་ལེགས་ཤིང་། ཁྲིམས་ཁྱི་རང་ཉིད་ལ་ཡང་འཇིགས། དེ་བས་ན་འདི་ལ་གསང་ནས་སྤྱོད་ཅིང་གལ་ཏེ་བཤགས་པ་དགོས་བྱུང་ན་ཡང་། བསྐང་གསོལ་དང་ལིངྒ་ཀར་ཆུས་བཀྲུས་ན་ལེགས་སོ། །འགའ་ཞིག་གི་རྒྱབ་རེས་བསྐོར་རྒྱུ་བྱེད་ཀྱང་ལེགས་ཟེར་རོ། །ད་རུང་བསྒྲལ་བར་མ་ནུས་ན་ལིངྒ་མནན་ནམ། སྦྱིན་སྲེག་དྲག་པོ་སྤྱི་མཐུན་བྱས་ལ་ཐལ་བ་དུག་ཁྲག་གི་ཞལ་ནས་ཐལ་བ་ཆ་བཞི་བྱས་ནས་གཅིག་མནན། ཆ་གཅིག་ཆུར་དོར། གཅིར་རི་རྩེའི་རླུང་ལ་ཕྱར་རོ། །གཅིག་གཏོར་མར་བསྲེས་ལ་བཀུག་གཞུག་བྱས་ལ་དྲེགས་པ་རྣམས་ལ་འབུལ་ལོ། །དེ་ལྟར་བྱས་ན་དགྲ་བོའི་སྲོག་ལ་མྱུར་རོ། །ལར་འཁོར་ལོ་བསྐོར་ཚར་ནས་རང་ཁྱིམ་དུ་མ་བཞག་སྦས་ན་ལེགས་གསུངས་སོ། །ཟིན་བྲིས་བལྟས་


CMR046_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་བྱས་པ་འདི་ནི་གསང་བར་བྱའོ། །འདི་ལ་ལུང་གཅིག་ཐོབ་ན་བཟང་བར་གསུངས་སོ། །མ་ཐོབ་ན་ཡང་ཉེས་པར་མི་འགྱུར་རོ། །དབང་ནི་གུར་དྲག་གི་དྲེགས་པའི་སྲོག་དབང་གཅིག་ཐོབ་ན་བཟང་བར་གསུངས་སོ། །དེས་ནི་འཁོར་ལོ་མཐའ་བསྟན་དུ་ཡིན་པས་སྒབ་འདྲེ་མནན་པ་དང་དབང་ལུང་ཅི་ཡང་མི་དགོས་སོ། །དེ་ལྟར་དྲེགས་པའི་མགོ་འཁོར་གྱི་ཟིན་བྲིས་ཚན་གསུམ་པོ་འདི་ནི་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ། །ཁ་ཐཾ། ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་གསུམ་འདི་མགོ་འཁོར་གྱི་འཁོར་ལོ་བསྐོར་བའི་ལོ་རྒྱུས་སྔར་ཡང་མང་དུ་མཆིས་ཤིང་། ད་བདག་ཆོས་འཕེལ་གྱི་འཁོར་ལོ་འདི་བླ་མ་སྒར་གཞུང་གི་དོན་དུ་བསྐོར་བུའི་དུས་ཀྱང་ལོ་རྒྱུས་ཡིད་ཆེས་ཀྱི་གནས་སུ་འགྱུར་བར་མཆིས་ཀྱང་། བླ་མ་རིན་པོ་ཆེའི་མངོན་མཁྱེན་གྱིས་གཟིགས་ནས་སྐྱབས་འགྲོ་མཛད་གསུངས་པའི་ལོ་རྒྱུས་བྱུང་དཔེ་གསུངས། དེ་ལ་བདག་ཕྲིན་ལས་ཀྱིས་རྟེན་འབྲེལ་དུ་དར་ལིང་ནག་པོ་ཡུག་གཅིག་ཕུལ་ནས་ཞུས་སོ། །འདི་ལ་ད་དུང་ཞལ་ཤེས་མང་དུ་མཆིས་ཤིང་། དཔེ་འདི་དག་རང་གི་ཅུང་མི་ཡང་བར་ཡོད་དོ། །དོན་མེད་རྣམས་ཀྱི་ལག་ཏུ་སོང་ན་དྲེགས་པ་བཅོ་བརྒྱད་ཀྱིས་བཀའ་ཡི་ཆད་པ་ཆོད་ཅིག །


CMR046_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དང་དམ་ཚིག་མི་ཐུབ་པ་རྣམས་ཀྱི་ལག་ཏུ་སོང་ན་དྲེགས་པ་བཅོ་བརྒྱད་ཀྱིས་བཀའ་ཡི་ཆད་པ་མྱུར་དུ་ཆོད་ཅིག །སྙིང་ཁྲག་འཐུངས་ཤིག །མངྒ་ལཾ།། གཅིག་བརྒྱུད་ལས་སྤེལ་དུ་མི་རུང་ངོ་། ༈ འདིར་ད་དུང་ཡང་མན་ངག་ཞལ་ཤེས་འགའ་ཞིག་ཐུགས་ལ་གབ་པ་རྣམས་འདིར་མངོན་ནོ། །དཀོན་མཆོག་བསྟན་གནས་མཆོད་བྱེད་རྣལ་འབྱོར་ལ། །ལོག་རྟོག་དགྲ་རྐུན་ཚོགས་ཀྱིས་སྡོད་མི་སྟེར། །མཐུན་རྐྱེན་དཀོར་ནོར་རྐུ་ཐབས་ཀྱིས་འཕྲོག་ཚེ། །འགུགས་བྱེད་ལྕགས་ཀྱུས་མཚོན་འདིས་འདེབས་པར་གྱིས། །གནམ་ས་གོ་ཟློག་འཁོར་ལོའི་བྲི་ལུགས་དང་བསྐོར་ཐབས་གཞུང་ལྟར་ལས། ལག་ལེན་སྒྲུབ་ཐབས་འདི་ལྟར་གསལ། །དངོས་གཞི་རེ་ཕྱར་རམ་ཕུང་སོགས་གཞི་ནག་སྟེང་དུ་འབྲུ་ནག་གི་གྲུ་གསུམ་བྲིས། དབུས་སུ་རམ་པས་ཚོམ་བུ་བཀོད། དེ་སྟེང་འཛོམས་ན་ར་ལྤགས་བཏིང་བའི་སྟེང་བྲུབ་ཁུང་གྲུ་གང་བཞག །བྲུབ་ཁུང་གི་ལོགས་རེར་ཅུང་གིས་བསྐོར། དབུས་སུ་འཁོར་ལོ་བཀྲམ། གཞི་བདག་དང་རང་གི་ཆོས་སྐྱོང་ཁྱད་པར་དྲེགས་པ་ཉི་ཤུ་ལ་གཏོར་མ་འབུལ། གཞུང་གི་རབ་གནས་ལྟར་འགུགས་གཞུག་བརྒྱ་རྩའམ་ཉེར་གཅིག་ལས་མི་ཉུང་བ་


CMR046_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔགས་གང་བདེ་གཅིག་ལ་གཞུང་བཟུང་ནས་བརྒྱ་རྩ་དང་། གཞན་སྔགས་ཐམས་ཅད་རྟེན་འབྲེལ་ལོག་པ་བརྒྱ་རྩ་བརྒྱད་ཀྱིས་འབྲུ་ནག་སོགས་ཐུན་རྫས་དང་ཁྱད་པར་རྒྱ་ཐང་ཕྲོམ་ལ་སྨྱོ་ཁྲག་གི་ངར་བཏབ་པས་བྲན་ཏེ་རབ་གནས་བྱས་ཏེ་ལེགས་པར་བཀོད། དེ་ནས་བསྒྲུབ་པ་བྱ་སྟེ། དེའི་བཅའ་ཐབས་ཀྱི་ལིངྒ་གཉིས་སྤྱི་མཐུན་བྲིས་པའི་བྲུབ་ཁུང་དེར་བཅུག བྲུབ་ཁུང་གི་ཕྱོགས་གསུམ་ནས་དུར་རྡོའམ་རྡོ་གང་རུང་གི་སྐྱེད་པོ་གསུམ་བཙུགས། དེ་སྟེང་རང་འཐག་འཛུགས། རམ་པའི་ངར་མི་མཐོ་གང་བ་གཅིག་གི་ཁོག་པར། ཤིང་དུམ་བུ་བཅུག་པའི་འཕྲོ་འོག་སྒོར་བུད་པར་བྱས། ངར་མི་ལ་དགྲ་རྐུན་གྱི་དྲི་མ་རྗེས་ས་བསྲེས། དེའི་མགོ་ལ་ར་ཁྲག་བྱུགས་ནས་ཕུང་རེས་བཏུམ། རྐང་པ་ཡུགས་ས་སྟག་ལོ་མའི་སྐྲ་ཤད་ཀྱིས་བཅིང་། དེ་མགོ་མཇུག་ལྡོག་སྟེ་མཆིག་ཁུང་དུ་བཅུག་པའི་བར་ནས་རྫས་རང་འཐག་ཏུ་འགྲོ་ས་ཡོད་པར་བྱས། དེ་སྟེང་ཨོཾ་བྱས་པའམ། ཡང་ན་མཆིག་སྟེང་དུ་རམ་པའི་བྲ་ནག་གི་གཏོར་མ་མཛུབ་གང་རའི་ཤ་ཁྲག་གིས་བརྒྱན། ཤོག་ལིང་མགོ་ལྡོག་སྟེ་བཙུགས་ཏེ་བཞག །རམ་པ་དང་ཐང་ཕྲོམ་དངུལ་གྱིས་སླད། ཕུག་རོན་གྱི་རིལ་མ་དང་རྗེས་ས་རྣམས་


CMR046_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྫས་ནང་བསྲེས་ཐུན་དོང་དུ་འཚག །གཞུང་སྔགས་ཝ་རམ་ཅན་ལ་བཟུང་ཞིང་ཕྲེང་བ་ཕྱིར་བསྒྱུར་ཏེ་བཟླས་པའི་སྔགས་བརྒྱ་རེ་སོང་ནས་རྫ་ས་ལ་ཕུ་བཏབ། རང་འཐག་ལན་གསུམ་རེ་བསྐོར། རང་གི་ལྷམ་གཡོན་པའི་ནང་དུ་འགུགས་གཞུག་དང་བཅས་ཏེ་རྡེལ་ནག་བཅུ་གསུམ་མམ་ཤེས་ན་རྐུན་མའི་ལོ་གྲངས་བཅུག་སྟེ་ལྷམ་སྒྲོག་གིས་སེ་ཆིངས་མདུད་དུ་བཅིངས་ཏེ་མཆིག་ཡུར་བཏབ་སྟེ་བཞག །དེ་ལྟར་ཞག་གསུམ་སོགས་སུ་འཐད་ཅིང་སྔགས་པ་མང་ན་མི་རེའི་སྔགས་ཚན་རེ་བསྒྲངས། ཁྱི་དང་བུད་མེད་འཛེམ། སྒྲུབ་ཁང་རང་ཁྱིམ་མིན་ཅིང་ནག་ཁུང་གཅིག་ཡིན་ན་ལེགས། སྐབས་སུ་རང་ཡུ་ཕུད་ལ་མཆིག་ཁུང་དུ་དུག་དུག་དུག་གསུམ་རེ་བྱའོ། །དམིགས་པ་ནི་འགུགས་གཞུག་ཚེ་ཐུབ་ནག་གི་དམིགས་པ་དེ་དང་སྔགས་བསྒྲང་ཚེ་གཡུ་དྲུང་ཅན་དེ་ལ་འབད། དེའང་སྔ་དྲོ་ཐུབ་ནག་དང་ཕྱི་དྲོ་ཡུམ་ཆེན་རང་བསྒོམ། རང་འཐག་གནམ་ས་གཉིས་སུ་གྱུར་ནས་ཀྱི་ལི་ལི་འཁོར་བར་བསྒོམ་སྟེ་བསྐོར། དེ་ལྟར་འཁོར་བས་དགྲ་བོ་མྱོས་མགོ་འཁོར་ནས་བྲུབ་ཁུང་མུན་དོང་དགུ་རིམ་དུ་སོང་བར་བསམ། འགུགས་གཞུག་ཚེ་ལིང་ག་གཉིས་དང་ངར་མི་གསུམ་ཀར་བཀུག་གོ །དུས་


CMR046_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གསུམ་གསུམ་མམ་གང་ཐོན་གང་འགྲུབ་ཏུ་རང་གི་ཆོས་སྐྱོང་བསྐུལ་ཏེ་གཏོར་མ་དེ་ཕྱི་རོལ་དུ་འབུལ་ལོ། །དེ་ལྟར་བསྒྲུབས་ནས་ནང་རྟགས་སུ་རང་སྐྱུགས་མེར་མེར་བ་དང་། མགོ་འཁོར་བ་དང་དམིགས་ལྟས་བྱུང་ཞིང་། རྨིས་ལྟས་ལན་རེ་བྱུང་ཡང་འབད་ན་རྟགས་ལན་གཉིས་གསུམ་བྱུང་ཞིང་ཞག་གྲངས་ཐེམས་ནས་བྲུབ་ཁུང་གི་ལིང་ག་དེ་དང་ངར་མི་རྣམས་རླུང་འཁོར་ཞབས་ཀྱི་བྲུབ་ཁུང་དུ་སྦས། རམ་གཏོར་འཁོར་ལོའི་སྟེང་ཕྱོགས་སམ། གཡས་གཡོན་སྨྱོན་གང་བདེར་རེ་བའི་ཁུག་མའི་ནང་དུ་རྡོ་ཤིང་གི་སྟེགས་ཁར་བཞག་སྟེ་བྱ་ཁྱིས་མི་ལོན་པར་བྱ། ལྷ་འདྲེ་ལ་དམོད་བོར་བ་སོགས་འཁོར་ལོ་སར་ནམ་འགྲོ་ལ་བྱའོ། །འདི་ཆུ་ཆེན་བར་མ་མ་ཆོད་ཅིང་། ནོར་ཤོར་མ་ཐག་ཙ་ན་རྟགས་དང་ནོར་ལོན་ངེས་ཤིང་། གལ་ཏེ་ཡུན་འགྱང་བ་དང་ཆུས་བར་ཆོད་ན་ཅུང་ཟད་བུར་བར་གསུངས་ཀྱང་གོང་ལྟར་བརྩོན་ནས་བྲུབ་པས་རྟགས་སོགས་ཡོང་འདུག་གསུངས་སོ། །ཤིན་ཏུ་གསང་བའི་སྔགས་ཞལ་ཤེས་ལགས་སོ། །སྙིགས་མའི་སེམས་ཅན་རང་འདོད་ཁོང་བཅུག་པའི་སེར་སྐྱའི་སྔགས་གཟུགས་ལག་ཏུ་ཤོར་ར་རེ། ཨྠྀི༔། གསང་རྒྱ། འདི་ནི་རྫས་གང་གི་རམ་པའི་ལིང་ག་མ་བྲུབ་ན་མཆིག་


CMR046_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་མའི་སྟེང་ངོས་ལ་ཀྲྀབྲིས་ན་ཆོག །སྨྱོ་ཁྲག་ནི་མི་སྨྱོན་སྨྱོ་ཁྲག་ཡིན་ལ་གལ་ཏེ་མི་རྙེད་ན་དུད་འགྲོ་མགོ་སྨྱོན་ཁྲག་གི་ཆོག་པ་ཞལ་ཤེས་ཡིན་ལགས། ཟབ་རྒྱ་ཙིཏྟ་དམར་པོའི་རྒྱ། ༈ ཞ་རམ་ཝ་ཏི་ལ།་་སྨྱོ་ཁྲག མགོན་དཀར་ལ་བྱང་སེམས་དཀར་པོ། ངན་ནེ་མ་ལ།་་་པདྨ་རཀྟ། མུ་རྒྱ་ལ།་ཡུགས་སའི་མངལ་ཁྲག་བྱའོ།། ལབ་པ། །དྲེགས་པ་གནམ་ས་གོ་ཟློག་གི །ལག་ལེན་བརྗེད་འཕང་ཟིན་བྲིས་ནི། །དང་པོར་སྟེགས་བུར་རྩ་བ་གསུམ། །ཆོས་སྐྱོང་སྤྱང་ཀིའི་ཁྲག་བྱུག དགྲ་བོའི་མཐའ་བརྒྱུད་བྷ་གའི་ཁྲག པདྨ་སྤྱི་དགོས་མཆོད་གཏོར་དང་། །གཏོར་ཚོགས་ལ་སོགས་གཞུང་ལྟར་དང་། །དྲེགས་པའི་གཏོར་མ་འབྲུ་ནག་གིས། །ཟུར་ ལོག་ན། རླུང་ལ་བསྐུལ་ཅིག རཀྟའིཁྲག ཡུགས་གསུམ་མཐོ་གང་སྨད་ཆ་རུ། །ལིང་ག་ཟག་རྫས་བཅས་པ་བཅུག །ར་ཡི་ཤ་ཁྲག་དག་གིས་བརྒྱན། །གསོལ་ཁ་བརྒྱ་རྩིའི་འོག་རྟ་ཡིན། སའི་མངལ་ཁྲག་འབུལ་གཏོར་ནི། །ཚར་རེར་བདུན་རེའི་གྲངས་སུ་བཅའ། ༈ །གཉིས་པ་འཁོར་ལོ་རབ་གནས་ནི། །སྣག་ཚ་དྲི་མ་མ་སོང་བས། །གཞུང་ལྟར་བྲིས་པའི་འཁོར་ལོའི་ནང་། །དགྲ་


CMR046_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་བྲོས་པོ་གང་ཡིན་གྱི། །མིང་དང་ས་ཆ་སེམས་ཅན་སོགས། །ཀ་ཆ་འདི་ཞེས་བྲི་བ་གནད། །ཟན་ནམ་ཤ་ཡི་རླན་གྱིས་ཕྱི། །ལིང་ཁྲུས་བྱ་ཞིང་ལིང་ག་ནི། །རམ་གྱི་སོགས་ལ་མུ་ཁྱུད་སེར། །ལྷ་བསྙེན་རིགས་ལ་དུག་ཁྲག་བྱུག །རྒྱ་ཐང་ཕྲོམ། གོ་སྙོད། །སྨྱོ་ཁྲག །རྨེ་ཁྲག ཁ་རླངས་དྲི་མ་མི་བཏང་གནད། །བྲུབ་ནས་འཁོར་ལོ་བྲུབ་ཁུང་བཅུག །ར་ལྤགས་གྲོགས་ཡིག་བྲིས་པ་བཏིང་། །སྟེང་དུ་སྤྱི་མཐུན་ལིང་ག་བཀོད། །དེ་སྟེང་རང་འཐག་གཅིག་ཀྱང་བཞག །རང་འཐག་བསྐོར་དུས་མི་གནོད་པའི། །སྟེང་དུ་ཤིང་གི་ཨེ་ཁྲམ་ཁར། །གོང་གི་འབྲུ་ནག་གཏོར་མ་བཞག །འབྲུ་ནག་རྗེ་ས་བསྲེས་པ་བསགས། ༈ །གསུམ་པ་རང་གི་ཡི་དམ་གཞུང་། །བསྲངས་ནས་བཟླས་པ་ཆོས་སྲུང་གི །གསོལ་ཀ་དྲེགས་པའི་གསོལ་ཀ་ལ། །ཤར་ནུབ་གོ་བཟློག་སོགས་ཕྲིན་བཅོལ། །བརྒྱ་ལས་མི་ཉུང་གཏོར་མ་འབུལ། །རང་གཞུང་ཚོགས་བསྐང་བྱས་ནས་སུ། །རབ་གནས་གཞུང་ལྟར་རང་ཐུབ་ནག །བསྐྱེད་ཅིང་འགུགས་གཞུག་བརྒྱ་རྩ་བྱ། །མུ་ནེ་ཙོ་རསྟོང་སོགས། ཤམ་བཅས་པའི། །དང་པོ་འགུགས་དམིགས་སྔགས་བཅས་གཙོ། །མུ་ནེ་ཤམ་མེད་མཐར་བླ་འགུགས། །བཏགས་ནས་བརྒྱ་


CMR046_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཡུ་དྲུང་དམིགས། །མུར་རྒྱའི་སྔགས་དང་བསིལ་གཡབ་དམིགས། །ཞྭ་རམ་ཝ་ཏི་བརྒྱ་རེ་བཟླས། །གཞན་ཡང་དྲེགས་པའི་ལས་ཚོགས་སོགས། །སྔགས་གཞན་ལོང་སྐབས་དག་དང་བསྟུན། །ཉིན་ཐུན་བཞི་དང་མཚན་ཐུན་གཉིས། །ཡང་ན་ཉིན་གསུམ་མཚན་གཅིག་རེ། །དམིགས་སྔགས་ནན་ཏན་འབད་པར་བྱ། །ཁྱད་པར་འགུགས་བསྙེན་སྐབས་སུ་ནི། །སྲོད་ལ་རབ་གནས་བྱ་གསུངས་པའང་། །ཞག་གཅིག་ཉིན་མཚན་མ་ཡེངས་དགོས། །དེ་ཡན་དགོས་མིན་གལ་དང་བསྟུན། ༈ །བཞི་པ་འགུགས་བཅིང་སྦྲེལ་མ་ལ། །འགུགས་པའི་སྐོར་ནི་གོང་ལྟར་ལས། །འགུགས་དང་མུ་ནེ་ཤམ་བཅས་དང་། །མུ་ནེ་བླ་འགུགས་སྤེལ་མའི་མཐར། །གཡུ་དྲུང་དམིགས་པ་་་སྟོང་སོགས། མུར་རྒྱ་གཉིས། །གཙོ་བོར་འཛིན་པ་ཤེས་པར་གྱིས། །བསིལ་གཡབ་དམིགས་པ་ཞྭ་རམ་དང་། །ལས་ཚོགས་གཞན་རྣམས་སྐབས་དང་བསྟུན། ༈ །ལྔ་པ་འགུགས་འཆིང་སྐོར་གསུམ་ལས། །འགུགས་འཆིང་གཉིས་པོ་གོང་ལྟར་ལས། །འཆིང་སྔགས་མུར་རྒྱ་བརྒྱ་རེ་བཟླས། །བསིལ་གཡས་དམིགས་པ་ཞྭ་རམ་སྔགས། །གཙོ་བོར་བཟུང་བར་ཤེས་པར་བྱ། །


CMR046_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་སྔགས་ནི་དེ་བཞིན་བྱ། །སྔགས་ནི་བརྒྱ་རེ་སོང་པའི་སྐབས། །རང་འཐག་ཕྱིར་ལོག་གསུམ་རེ་སྐོར། །འབྲུ་ནག་རྗེས་ས་ལྟེ་ཁུང་བརྫང་། །དེ་ལྟར་འཁོར་ལོའི་རབ་གནས་ནི། །ཞག་བདུན་ལྔ་གསུམ་གང་བྱེད་ན། །རྒྱས་འབྲིང་བསྡུས་གསུམ་ཚུལ་དུ་བྱ། །ཞག་གྲངས་གང་བྱེད་ཆ་གསུམ་བསྒོ། །དམིགས་པ་སྔགས་གསུམ་ཞག་བསྒོས་པས། །ཞག་གྲངས་རྫོགས་ནས་ཆོས་སྲུང་དང་། །དྲེས་པའི་བསྐུལ་པ་ཤམ་བཅས་སྦྱར། །འཁོར་ལོ་བསྐོར་ཆས་ཚར་པའི་རྗེས། །ཆུ་རླུང་གང་ལ་བསྐོར་བ་ན། །རང་ཉིད་དེ་རུ་ཕྱིན་ནས་ཀྱང་། །ཡུལ་གཞིས་གནས་བདག་གཏོར་སྐྱེམས་མཆོད། །དགྲ་བོ་ཤིན་ཏུ་ཉེས་ཆེ་ན། །རང་གོས་མགོ་མཇུག་ལྡོག་ནས་གྱོན། །གདོང་ལ་རོ་སོལ་གྲི་ཁྲག་བྱུགས། །མ་ཉེས་བདེན་དཔང་འཁོར་ལོ་གཟུགས། །རླུང་ལ་བསྐོར་ན་རླུང་ལྷ་བསྐུལ། །ཆུ་ལ་བསྐོར་ན་ཆུ་ལྷ་བསྐུལ། །དྲེགས་པའི་བསྐུལ་པ་དེ་མཐར་སྦྱར། །མ་ཁུག་བར་དུ་ཆོས་སྲུང་དང་། དྲེགས་པའི་གསོལ་ཀ་ཕྲིན་ལས་བཅོལ། །རྒྱུན་པར་བྱ་ཞིང་ཁུག་པའི་ཚེ། །གང་ཡིན་དཀར་ཆུས་བཀྲུ་བ་གནད། །འཁོར་ལོ་རང་ཁྱིམ་མི་ཁྱེར་བར། །འགོལ་སར་སྦ་དགོས་གཞུང་


CMR046_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས། །གལ་ཏེ་ཡུན་རིང་བྱས་ན་ཡང་། །ཀ་ཆ་ཚུར་ལ་མ་ཁུག་ན། །གཏོར་མ་ལིང་ག་སྦྱིན་སྲེག་བྱ། །ཐལ་བ་ཆ་བཞི་བསྒོས་པ་དེ། །གཅིག་མནན་གཅིག་ནི་རླུང་ལ་ཕྱར། །ཆ་གཅིག་ཆུ་ལ་དོར་བར་བྱ། །གཅིག་ནི་གཏོར་མ་བསྲེས་ནས་ནི། །དྲེགས་པ་རྣམས་ལ་ཕུལ་བ་ན། །དགྲ་བོའི་སྲོག་ལ་གནོད་ངེས་པ། །མི་བསླུའི་བདེན་འབྲས་དངོས་སུ་མཐོང་། །རྗེས་སུ་གཏང་རིག་གསོལ་མཆོད་བྱ། །དེ་ལྟར་གནད་ཚན་འགའ་རེ་རྣམས། །ཕྱག་ལེན་སྤྱན་རྒྱུན་ཞལ་ཤེས་རྣམས། །བླ་མའི་བཀའ་ཡི་དྲིས་ལན་དུ། །བཀའ་འབང་ཐུགས་ཀྱི་རྡོ་རྗེས་བྲིས། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས།next