Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
ལེགས་ལྡན་མགོན་པོ་གཡག་རུ་དགྲ་ཆོས་གཏོ་གཞུང་མན་ངག་མུ་ཏིག་ཕྲེང་བ་ལས་ཡས་སྟགས་སྒྱུར་ཆོས་ཡས་སྟགས་དགུ་རྫོང་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousལེགས་ལྡན་མགོན་པོ་གཡག་རུ་དགྲ་ཆོས་གཏོ་གཞུང་མན་ངག་མུ་ཏིག་ཕྲེང་བ་ལས་ཡས་སྟགས་སྒྱུར་ཆོས་ཡས་སྟགས་དགུ་རྫོང་།next

ལེགས་ལྡན་མགོན་པོ་གཡག་རུ་དགྲ་ཆོས་གཏོ་གཞུང་མན་ངག་མུ་ཏིག་ཕྲེང་བ་ལས་ཡས་སྟགས་སྒྱུར་ཆོས་ཡས་སྟགས་དགུ་རྫོང་།


CMR047_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་མགོན་པོ་གཡག་རུ་དགྲ་ཆོས་གཏོ་གཞུང་མན་ངག་མུ་ཏིག་ཕྲེང་བ་ལས་ཡས་སྟགས་སྒྱུར་ཆོས་ཡས་སྟགས་དགུ་རྫོང་ཞེས་བྱ་བ་བཞུགས་སོ། །


CMR047_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཡས་སྟགས་ཀྱི་བསྒྱུར་ཆོས་ཆེན་མོ་གཏོ་སྒྱུར་འབུམ་སྡེའི་ཏིག་ཀ །གཏོ་སྒྱུར་ཐམས་ཅད་ཀྱི་གཞུང་དང་། དོན་ཐམས་ཅད་ཀྱི་བྱུང་ཁུངས་འབྲས་བུ། མུན་པ་ནང་གི་སྒྲོན་མེ། གཏོ་ཐམས་ཅད་ཀྱི་ལྡེའུ་མིག །མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི། གཏོ་ཀུན་ལ་འགྲོ་སྟེ། ཆེ་ཡས། ཆུང་ཡས། དགྲ་བྲུབ། འདྲེ་དགུ་སྐྱས་འདེབས། སྟོང་སྒྲུབ་ཐམས་ཅད་ལ་འདི་འགྲོའོ། །བཅའ་ཚོགས་ཐལ་འཇིམ་མགོ་དགུ། ཕུང་སྲི་རྔ་མོང་། སྤྲེལ་དམར་ཅན། བཙན་ཤ་དམར་པོ། གླ་བ་རོག་པོ། ཕག་ནག་པོ། མགར་བ་སྲི་དམར། ཁྱི་ནག་པོ། ངར་མི་ནག་པོ། དྲེལ་ནག །བྲ་བ། ས་རྫ་ལུང་མང་། བརྡུང་དགུའི་རྭ། ཕྲ་དགུ། རྨིག་ཟ་དགུ།


CMR047_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་གྱི་མཆེ་བ། འཕུར་དགུ་བྱ་དགུའི་གསོབ། སེམས་ཅན་གྱི་མགོ་རུས། ཤིང་ནག་མགལ་དུམ་དགུ། ཐག་པ་གླུད་བསག་ལ། རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། དྲག་ཏུ་བཀུག་གཞུག་བྱས་ལ་བསྔོས་ཏེ་འདི་སྐད་དོ།། ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །ད་ལྟ་གདུག་པའི་ཕྱི་འཕྲད་ལ། །ཡས་སྟགས་བྱུང་ཁུངས་མ་བཤད་ན། །འདྲེ་དང་ཡས་གཉིས་ག་ལ་འཕྲོད། །དེ་བས་ཡས་སྟགས་མ་བཤད་ན། །སྐུ་གླུད་ཨེ་ཐེངས་མི་ཤེས་སོ། །སྣང་སྲིད་ཡས་ལེན་གླུད་བདག་རྣམས། །ཡས་སྟགས་ཆོ་འབྲང་བཤད་ཀྱིས་ཉོན། །གཏོ་མཁན་བདེན་པའི་བཀའ་ལ་ཉོན། །གཙང་བཙོག་མི་


CMR047_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་ཤགས་ཀྱིས་ཕྱེས། །ཉིན་སྲིབ་མི་ནོར་ཆབ་ཀྱིས་ཕྱེས། །ཡས་སྟགས་མི་ནོར་གཏོ་མཁན་ང་ཡིས་ཕྱེས། །ང་གཏོ་མཁན་འདུག་ས་ལྷ་ཡི་གནས། །དྲང་མཁན་ལྷ་ཡི་འདུག་ས་ནས། །འདྲེ་གདུག་པ་མ་གནས་རྐུ་མར་ཕུད། །མཚོན་དང་དགྲ་བླ་མ་འབྲལ་ཞིག །ལྟས་ངན་ཡས་སྟགས་ཕན་འདྲེའི་རྫས། །སྲིད་པའི་འདྲེ་དགུ་ཡས་ལོངས་ཤིག །འདྲེ་གདོན་བགེགས་གསུམ་ཡས་ལ་ལྟོས། །འདྲེ་བདུད་ཡས་ལ་མི་བལྟ་ན། །ཡས་འདི་འཕངས་པ་འཕྲོ་བརླག་ཡིན། །དེ་བས་འདྲེ་བདུད་ཡས་ལ་ལྟོས། །ང་ཡིས་བརྗོད་ན་འཕྲག་རེ་ཡང་། །དེ་བས་གཏོ་མཁན་བདག་ཅག་གི །ཕ་གནམ་གཉེན་ཡིན་པས་གྲོགས་ཕུག་མཐོ། །མ་ས་གཉེན་ཡིན་པས་མུ་རྨིང་བཟང་། །བདག་ནི་རྫུ་འཕྲུལ་སྟོབས་དང་ལྡན། །དེ་བས་བདག་གི་བཀའ་ལ་ཉོན། །ད་ཡས་ལ་སྔ་བ་རྔ་མོང་ཡིན། །ཕ་གནམ་གྱི་སྔ་ཐན་མཆུ་རིང་ཡིན། །མ་ས་ཡི་ཐན་ལྔ་སྣ་དྲུག་ཡིན། །བུ་ལྟས་ངན་ཕུང་སྲི་རྔ་མོང་ཡིན། །སྲིད་ནི་འབྱུང་བ་ལྔ་ལས་སྲིད། །འོང་ནི་ངོམ་གྱི་ཡུལ་ནས་འོང་། །ཆགས་ནི་ལྷ་མི་གནས་སུ་ཆགས། །གཟུགས་ནི་སེམས་ཅན་ཀུན་གྱི་གཟུགས། །འདྲེ་ནི་ལྟས་ངན་ཐན་ཅིག་


CMR047_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ཐུབ་ནི་ལྟས་ངན་ཐན་ཆེན་ཐུབ། །ཐན་ལ་འདི་བས་ཆེ་བ་མེད། །ཕུང་ལ་འདི་བས་གྲགས་པ་མེད། །འདི་སྟོང་ཁམས་ཕུང་བའི་ཕུང་འདྲེ་ཡིན། །རྒྱལ་ཁམས་བརླག་པའི་བྱུར་སྲི་ཡིན། །ལྟས་ངན་བྱུར་གྱི་སྡོང་པོ་ཡིན། །མིང་ཡང་ཕུང་སྲི་རྔ་མོང་ཡིན། །མཐུ་སྟོབས་ཁྲོ་རྒྱལ་ཀུན་དང་མཉམ། །བང་ནི་ཟེར་མི་རླུང་དང་འདྲ། །ངུར་སྒྲ་ནམ་མཁའི་འབྲུག་དང་འདྲ། །ཁ་ནས་གྱོད་ཀྱི་ཁ་ཕྲུ་གཏོར། །མགུལ་དུ་སྟོང་ཡས་སྣ་ཚོགས་བཏགས། །རྒྱབ་ཏུ་མཚོན་ཆ་སྣ་ཚོགས་བཀལ། །རོལ་དུ་ཕུང་གྲང་རུ་དམར་ཁྲིད། །འདི་སྡང་དགྲ་འདུལ་བའི་གཉེན་པོ་ཡིན། །ལྟས་ངན་བརྒྱད་བཅུ་གྱ་གཅིག་འདི། །རྒྱབ་ཏུ་བཀལ་ལ་ཡས་སུ་རྫོངས། ༈ །དགྲ་བོའི་ཡུལ་དུ་ད་དམར་ཆོས། །དགྲ་ཡུལ་དུ་ཐན་གྱི་གང་བར་གྱིས། །དགྲ་བོའི་མི་ནོར་ཕུང་བར་གྱིས། །ངུར་སྐད་དྲག་པོའི་ནམ་མཁའ་གང་། །དགྲ་བོའི་ཡུལ་དུ་ད་ཆོས་ཤིག །ཕྱོགས་ཀྱི་མི་ཁ་ངན་པ་རྣམས། །ཕུང་སྲི་རྔ་མོང་ཁྱོད་ལ་བཀལ། །དགྲ་བོའི་ཡུལ་དུ་ཁུར་ལ་སོང་། །དགྲ་ལ་མི་དགེ་སྣ་ཚོགས་ཐོངས། །མོ་ངན་སོག་སྡིག་ཁྱོད་ལ་བཀལ། །ནད་ཡམས་


CMR047_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གོད་འདྲེ་ཁྱོད་ལ་བཀལ། །ཡོན་བདག་སྐུ་ཡི་གླུད་ཆབ་རྣམས། །ཕུང་སྲི་རྔ་མོང་ཁྱོད་ལ་བཀལ། །ཁུར་ལ་དགྲ་ཡི་ཡུལ་དུ་སོང་། །ཆོས་ཆོས་ཕུང་སྲི་རྔ་མོང་ཆོས། །རྒྱུག་རྒྱུག་དགྲ་ཡི་ཡུལ་དུ་རྒྱུགས། །དྲོངས་དྲོངས་དགྲ་ལ་ཐན་དམར་དྲོངས། །ད་གཤེགས་ད་སོང་རྔ་མོང་སོང་། ༈ །ཡས་སྟགས་དེ་སོང་འོག་རོལ་དུ། །ཡས་ལ་སྔ་བ་སྤྲེལ་དམར་ཡིན། །ངོམ་གྱི་སྤྲེལ་དམར་ཅོ་ཟད་ཁྱོད། །ཁྱོད་པ་ནི་ཧ་ནུ་གསར་ཐོག་རྒྱལ། །མ་དེ་ས་དྷ་མཚོ་མོ་ཆེ། །ཁྱོད་རང་སྤྲེལ་དམར་སྟར་ཐོག་ཡིན། །སྐྱེས་ནི་བྲག་དམར་ངོས་ལ་སྐྱེས། །གནས་ནི་རྒྱུ་ནགས་གསེབ་ན་གནས། །འདུག་ནི་ཐང་ཤིང་རྩེ་ན་འདུག །རིགས་ནི་ཧ་ནུ་མ་དྷའི་རིགས། །སྤྲུལ་ནི་ཐན་ལྟས་སྣ་ཚོགས་སྤྲུལ། །ཐང་ཤིང་རྩེ་ནས་ནུས་པ་ཆེ། །མགོ་ལ་མི་ཡི་ཐོད་བརྒྱན་ནོ། །ལུས་ལ་ཁྲག་གི་སྤུ་ཏོག་འཁྲུངས། །འགྲམ་པར་མཚལ་གྱི་ཐིག་ལེ་བྱུག །ཡིན་འདི་རྨེ་ཕོ་གྲི་རྡོ་ཡིན། །ཐུབ་ནི་རྨེ་ཕོས་དམེ་འདྲེ་ཐུབ། །བསྒྱུར་ཡང་དམེ་འདྲེའི་གནོད་པ་སྒྱུར། །མགོ་ལ་མཚོན་ཆ་སྣ་ཚོགས་བཏགས། །རྫོང་དུ་ནད་ཀྱི་རྐྱལ་པ་རྫོངས། །རོལ་དུ་བོང་བུ་རྣ་རིང་ཁྲིད། །དགྲ་བོའི་ཡུལ་


CMR047_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དམག་ལ་ཆོས། །དམག་སྣ་དགྲ་ཡི་ཡུལ་དུ་དྲོངས། །དགྲ་ཡུལ་ཐན་གྱིས་གང་བར་གྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མོ་ངན་རྨིས་ལྟས་ངན་པ་རྣམས། །སྤྲེལ་དམར་ཁྱོད་ཀྱི་རྒྱབ་ཏུ་བཀལ། །དགྲ་ལ་རྗེས་ཤུལ་མེད་པར་གྱིས། །མི་ཁ་བྲ་མཆུ་ངན་པ་དང་། །རྨེ་ངོ་ཁྲག་ངོ་ངན་པ་དང་། །སྙིང་སྟོང་གོད་ཁ་ནད་ཡམས་དང་། །མོ་ངན་རྨིས་ལྟས་དགྲ་ལ་སྒྱུར། །ཆོས་ཆོས་སྤྲེལ་དམར་དགྲ་ལ་ཆོས། །རྒྱུག་རྒྱུག་སྤྲེལ་དམར་དགྲ་ལ་རྒྱུགས། །དྲོངས་དྲོངས་དགྲ་ཡི་ཡུལ་དུ་དྲོངས། །ད་གཤེགས་ད་སོང་སྤེལ་དམར་སོང་། ༈ །ཡས་སྟགས་དེ་སོང་འོག་རོལ་དུ། །ཡས་ལ་སྔ་བ་ཤ་བ་ཡིན། །གདུག་པའི་ངོམ་ཤ་ཟ་ས་ཁྱེད། །ཕ་དེ་ངོམ་བརྩོས་རྒྱུ་བོ་ཆེ། །མ་དེ་གདུག་ཤ་རྣ་བོ་ཆེ། །བུ་ནི་ཐན་ཤ་རུ་རིང་ཡིན། །སྐྱེས་ནི་ངོམ་གྱི་ཡུལ་དུ་སྐྱེས། །ཆགས་ནི་ཕྱི་འབྲོག་ཉིད་ལ་ཆགས། །གནས་ནི་གངས་རི་ངོས་ལ་གནས། །ཉལ་ནི་ནགས་གསེབ་བྲག་ལ་གནས། །འོང་ནི་སྨོན་པའི་ཡུལ་ལ་འོང་། །ཡས་ནི་གྲི་བོ་བཀར་བའི་ཡས། །གཟུགས་ནི་རི་བོ་ཆགས་པ་འདྲ། །མགོ་ལ་གདུག་བྱེད་ར་ཅོ་སྐྱེས། །གྲི་ཡས་སྣ་


CMR047_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འགུལ་དུ་བཏགས། །གྲི་མཚོན་སྣ་ཚོགས་རྒྱབ་ཏུ་བཀལ། །ཁྱོད་རུ་བཅུ་ཀླད་ལ་རྒྱས་ཙམ་ན། །དམག་དཔོན་ཆས་རྩལ་ཞུགས་པ་འདྲ། །ང་ཡིས་གྱེར་ན་གླུད་ཀྱིས་རྫོངས། །གྲི་ཡི་ཡས་སུ་འཛུད་པའི་ཡས། །གྲི་ཡས་སྣ་ཚོགས་རྒྱབ་ཏུ་ཁུར། །དགྲ་ཡི་ཡུལ་དུ་ཁྱེར་ལ་སོང་། །དགྲ་ལ་དམེ་ཤི་གྲི་ལིང་ཐོངས། །དམེ་ཁ་གྲི་ངོ་སྡིག་པ་རྣམས། །གྲི་ཤ་རུ་རིང་ཁྱོད་ལ་བཀལ། །མི་ཁ་བྲ་མཆུ་སྡིག་པ་རྣམས། །ཤ་བས་ཁུར་ལ་ད་སོང་ཞིག །ཆོས་ཆོས་གྲི་ཤ་རུ་བཅུ་ཆོས། །རྒྱུག་རྒྱུག་གྲི་ཤ་རུ་བཅུ་རྒྱུགས། །དྲོངས་དྲོངས་དགྲ་ལ་ད་དམར་དྲོངས། །ད་གཤེགས་ད་ཆོས་ད་དམར་ཆོས། ༈ །ཡས་སྟགས་དེ་སོང་འོག་རོལ་ན། །ཡས་ལ་སྔ་བ་གླ་བ་ཡིན། །ཐན་ཁྱི་གླ་བ་རོག་པོ་ཁྱོད། །ཁྱོད་ཕ་དེ་གནམ་གླ་མཆེ་བ་ཅན། །མ་དེ་ས་གླ་མཆེ་བ་ཅན། །བུ་ཁྱོད་རང་གླ་ནག་སྐེ་རིང་ཡིན། །བྱུང་ནི་ནགས་ཀྱི་དཀྱིལ་ནས་བྱུང་། །གནས་ནི་རྩི་ཤིང་གསེབ་ན་གནས། །ཆགས་ནི་བདེ་བཟང་སྒང་བྲག་ཆགས། །ཡིན་པ་མ་བདུད་རྒྱལ་མོ་ཡིན། །མགོ་ལ་ཤ་མེད་རྣ་བོ་ཆེ། །ཁ་ན་སོ་ཆུང་མཆེ་བ་ཆེ། །ལུས་ལ་སྤུ་ཐུང་སྤུ་རྫོངས་


CMR047_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འཐུགས། །ཁ་ནས་རྩྭ་ཟ་མཆེ་བ་དཀར། །དེ་ཕྱིར་འགོང་པོ་བཀར་བའི་ཡས། །ཤ་ཡོད་ཚིལ་མེད་གསུར་བྲོ་ཙམ། །དེ་བས་བསེ་རག་ཡས་ཡིན་པས། །སྦོ་ལ་སྤོས་ཀྱིས་དུད་པ་འཐུལ། །གྲོ་མཁན་ལ་ལ་རྒྱུག་མཁན་པ། །རི་དྭགས་ལུས་ལ་གཅན་ཟན་མགོ །རི་དྭགས་ལུས་ལ་ཁྱི་སྐད་ཟུག །ཐན་གྱི་གླ་བ་རོག་པོ་ཁྱོད། །མགུལ་དུ་ཐན་གྱི་ཐག་པ་བཏགས། །རྒྱབ་ཏུ་ཐན་ཡས་སྣ་ཚོགས་བཀལ། །རོལ་དུ་ཐན་སྦྲུལ་ནག་པོ་ཁྲིད། །ང་ཡིས་གྱེར་ནས་གླུད་ཀྱིས་རྫོངས། །སྟབས་ནི་སེམས་ཅན་ཀུན་གྱིས་སྟབས། །འགྱུར་ལྡོག་ཟང་ཟིང་ནོར་བ་ཆེ། །སྦྱོར་ནི་དགྲ་ཡི་ཡུལ་དུ་སྦྱོར། །མུ་གེ་ལྟས་ངན་སྣ་ཚོགས་རྣམས། །གླ་ནག་ཁྱོད་ཀྱི་རྒྱབ་ཏུ་བཀལ། །ཁུར་ལ་དགྲ་ཡི་ཡུལ་དུ་སོང་། །རྒྱབ་ཏུ་ཐལ་འཇིམ་མགོ་དགུ་ཁུར། །དགྲ་ཡི་ཡུལ་དུ་ཁྱེར་ལ་སོང་། །དགྲ་བོ་ཐལ་འཇིམ་ཞབས་སུ་ཆུགས། །ཆོས་ཆོས་དགྲ་ཡི་ཡུལ་དུ་ཆོས། །དྲོངས་དྲོངས་དགྲ་ཡི་ཡུལ་དུ་དྲོངས། །རྒྱུག་རྒྱུག་དགྲ་ཡི་ཡུལ་དུ་རྒྱུགས། །ད་གཤེགས་དེར་སོང་གླ་ནག་སོང་། ༈ །ཡས་སྟགས་དེ་སོང་འོག་རོལ་ན། །ཡས་ལ་སྔ་བ་ཕག་ནག་ཡིན། །


CMR047_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དུར་སྲི་ཕག་ནག་རོག་པོ་ཁྱོད། །ཁྱོད་ཕ་དེ་གནམ་ཕག་ལྟོ་བ་ཆེ། །མ་དེ་དུང་ཕག་ལག་རྡུམ་ཡིན། །ཁྱོད་རང་དུར་ཕག་ནག་པོ་ཡིན། །ཁྱོད་ཡར་ལྟ་མི་ཤེས་གནམ་གྱི་མནར། །ཟེ་བ་ཁབ་རྩེ་གཤིབས་པ་འདྲ། །ལུས་པོ་གཅན་ཟན་ཁྱི་ཡི་ལུས། །རྨིག་པ་ཚེ་རེ་ར་ཡི་རྨིག །ཟས་སུ་མི་གཙང་བུན་ལ་ཟ། །ལས་སུ་ས་ལ་དོང་དུ་བརྐོ། །སྲིད་ནི་སྲིབ་ཀྱི་ཡུལ་ལ་སྲིད། །གནས་ནི་རུང་ཁུང་མཐིལ་ན་གནས། །འོང་ནི་མི་ཡི་ཡུལ་དུ་འོང་། །ཡིན་ནི་ས་བདག་དཀོར་ནོར་ཡིན། །ཆེ་ནི་ནག་པོ་རྒྱ་ན་ཆེ། །གདུག་སེམས་ཞེ་སྡང་སྦྲུལ་ལས་ཆེ། །ཚོན་པོ་ཚིལ་ལ་གདུག་སེམས་ཆེ། །གདུག་སེམས་ཕག་ནག་རོག་པོ་ཁྱོད། །མགུལ་དུ་དུར་གྱི་ལྡེའུ་མིག་བཏགས། །རྒྱབ་ཏུ་མཚོན་ཆ་སྣ་ཚོགས་བཀལ། །རོལ་དུ་ཙ་ར་རོག་པོ་ཁྲིད། །མཐུ་སྟོབས་ས་བདག་ཉིད་བས་ཆེ། །འགོང་པོ་ཁྱིམ་དུ་ཞུགས་པ་དང་། །དགྲ་ངོ་གྲི་ངོ་ཁྲག་ངོ་དང་། །དམེ་གྲི་ཆུ་གྲི་འགགས་གྲི་དང་། །མི་ཁ་བྲ་མཆུ་གཏིབ་གྲི་རྣམས། །དགྲ་ཡི་ཡུལ་དུ་ཁྱེར་ལ་སོང་། །ཕག་གིས་ས་བརྐོ་རྡོ་ལ་གཏུག །དགྲ་ཡི་ཕག་སྣ་གྲམ་ལ་འདུག །མི་ནད་ཕྱུགས་ནད་གོད་ཡམས་རྣམས། །ཕག་


CMR047_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རོག་པོའི་རྒྱབ་ཏུ་བཀལ། །དགྲ་ལ་ཕོ་ནད་ཡམས་སྲི་ཐོངས། །དགྲ་ཡུལ་ཤིགས་ལ་ཤགས་མཁར་ཤིགས། །ཆོས་ཆོས་དགྲ་ཡི་ཡུལ་དུ་ཆོས། །རྒྱུག་རྒྱུག་དགྲ་ཡི་ཡུལ་དུ་རྒྱུག །སོང་སོང་ཡས་སྟགས་ད་སོང་ཞིག ༈ །ཡས་སྟགས་དེ་སོང་འོག་རོལ་དུ། །ཡས་ལ་སྔ་བ་མགར་བ་ཡིན། །ཡས་ཀྱི་མགར་བ་ཁུ་ཡུག་ཁྱོད། །ཕ་དེ་གླ་ནག་བྱུར་བུ་མཁབ། །མ་དེ་ལྟར་མོ་ངུར་མོ་མཆུ། །བུ་ཁྱོད་རང་མགར་བ་རོག་པོ་ཡིན། །ཁྱོད་རབས་ཆད་བརྒྱུད་འཛིན་མཛོ་མོའི་ཚ། །ཕ་ལ་བུ་འཁྲུངས་གླང་གི་བརྒྱུད། །གཟུགས་ནི་ཁྱུང་དཀར་མཛོ་མོའི་གཟུགས། །ཁུར་ཚན་བྲེ་སེར་འབྲོང་བས་ཆེ། །ཁྱོད་གླང་གི་བུ་ལ་རྒོད་ཀྱི་ཚ། །སྐྱེས་ནི་ནགས་རྫོངས་ནང་ན་སྐྱེས། །གནས་ནི་དབུ་ནག་མི་དང་མཐུན། །ཆས་ནི་བྱོལ་སོང་གཟུགས་དང་མཐུན། །ཐུབ་ནི་རབས་ཆད་རྐུན་ཁ་ཐུབ། །རྭ་ཡ་གནམ་དུ་སོང་བས་གནམ་སྲི་ཐུབ། །རྭ་ཡ་ས་ལ་སོང་བས་ས་སྲི་ཐུབ། །ལུས་པོ་སྟོབས་ཆེ་བརྟགས་པས་འགོང་པོ་ཐུབ། །རྔ་རྫ་ངས་རིང་བས་བསེ་རག་ཐུབ། །རྔ་སྙིང་འཐུག་པས་རབས་ཆད་ཐུབ། །ཐུབ་ཐོང་རབས་ཆད་ཡས་སུ་


CMR047_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་ཡི་ན་ཚ་ཁྱོད་ལ་བཀལ། །ཕྱུགས་ཀྱི་གོད་ཁ་ཁྱོད་ལ་བཀལ། །ཁུར་ལ་དགྲ་ཡི་ཡུལ་དུ་སོང་། །དགྲ་ཡུལ་རྐྱེན་གྱིས་གང་བར་གྱིས། །ངོམ་གྱི་ཡུལ་དུ་སྐྱེས་ཁྱོག་ཅིག །ཆོས་ཆོས་དགྲ་ཡུལ་མགར་བ་ཆོས། །རྒྱུག་རྒྱུག་དགྲ་ཡི་ཡུལ་དུ་རྒྱུགས། །དྲོངས་དྲོངས་དགྲ་ཡི་ཡུལ་དུ་དྲོངས། ༈ ཡས་སྟགས་དེ་སོང་འོག་རོལ་ན། །ཡས་ལ་སྔ་བ་ཁྱི་ནག་ཡིན། །ཕ་དེ་གནོད་པའི་སྨག་གླང་ཡིན། །མ་དེ་དུར་གླིང་ནག་མོ་ཡིན། །བུ་ཁྱོད་རང་ཁྱི་ནག་ལྕགས་མགོ་ཡིན། །ངོམ་རྗེ་རྩོལ་པོས་ཚངས་ཡ་ཡིན། །མགོ་རྣ་བ་ཧད་ལ་མཆེ་བ་ཅན། །རྔ་མ་ཨ་ལུང་འཁྱིལ་པ་འདྲ། །མཆུ་ཐོ་འགུག་པའི་ལྕགས་ཀྱུ་འདྲ། །སྤུ་ནི་ཚེར་མའི་ངར་བས་རྩུབས། །ལྕེ་ལ་དུག་གི་ཚྭ་ཚྭ་འཕྲོ། །སྐྱེས་ནི་སོལ་ཁུང་ནང་དུ་སྐྱེས། །ཉལ་ནི་ཉིན་སྲིབ་མཚམས་ན་གནས། །དགྲ་སྲོག་དེ་ནི་མཆེ་བས་གཅོད། །རྒྱབ་ཏུ་གདུག་པའི་མཚོན་ཆ་བཀལ། །དགྲ་ཡས་སྣ་ཚོགས་མཚོན་ཆ་བཀལ། །མི་ནད་ཕྱུགས་ནད་ཁལ་ཁེབ་བྲས། །མོ་ངན་སོག་སྡིག་ནན་ཐག་བྱས། །ཁུར་ལ་དགྲ་ཡི་ཡུལ་དུ་སོང་། །དགྲ་ཡི་རྐུན་


CMR047_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཡས་ཀྱི་ཆོད། །ཆོས་ཆོས་ཁྱི་ནག་དགྲ་ལ་ཆོས། །རྒྱུག་རྒྱུག་ཁྱི་ནག་དགྲ་ལ་རྒྱུག །དྲོངས་དྲོངས་ཁྱི་ནག་དགྲ་ལ་དྲོངས། ༈ །ཡས་སྟགས་དེ་སོང་། འོག་རོལ་ན། །ཡས་ལ་སྔ་བ་ངར་མའི་ཡིན། །ངར་མའི་རྒྱུ་རྩལ་གང་དུ་རྩལ། །འབྲུ་སྣ་དགུ་ཡི་རྒྱུ་འབྲས་ཡིན། །བྱུང་ཁུངས་ནག་པོ་རྒྱ་ནས་བྱུང་། །རྒྱུ་ཞིང་མུ་མེད་རྫོངས་སུ་བཏབ། །ཐབ་ཤེས་གླང་པོས་རྨོ་དོར་ལ། །གཉའ་ཤིང་ཐོང་ལྕགས་རོལ་དུ་རྨོས། །འབྲས་བུ་ཐབས་ཀྱི་སོ་ནམ་བྱས། །ཕ་དགུང་སྔོན་གནམ་གྱི་ཆར་གྱིས་བྲན། །མ་ས་གཞི་བརླན་གྱི་ངར་གྱིས་སྐྱེད། །བུ་ནི་འབྲུ་སྣ་དགུ་རུ་སྲིད། །ཟོར་གྱིས་བརྔས་ལ་ཐབ་ཀྱིས་བརྡུངས། །རིན་ཆེན་མཛེས་པའི་སྣོད་དུ་བླུག །ཡན་ལག་བརྒྱད་ལྡན་ཆབ་ཀྱིས་བྲབ། །རྣལ་འབྱོར་བདག་གི་ཕྱག་ཏུ་ཕུལ། །ཡོན་བདག་གླུད་དུ་ངར་མི་འབུལ། །འབྲུ་སྣ་དགུ་ཡི་ངར་མི་འདི། །སྤྱན་བཟང་གཟི་མདངས་ཡ་ལ་ལ། །ཤངས་བཟང་དྲི་ཞིམ་ཕ་ལ་ལ། །ཚེམས་བཟང་དུང་ལྟར་ཁྲིགས་སེ་ཁྲིག །ལྗགས་བཟང་གློག་ལྟར་ཁྱུགས་སེ་ཁྱུག །གཟུགས་བཟང་ཉི་ལྟར་ལྷགས་སེ་ལྷག །སྨྲ་མཁས་དེ་ནི་ས་ལ་ལ། །


CMR047_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མཁས་དེ་ནི་ལྡེམས་སེ་ལྡེམ། །གོས་བཟང་དེ་ནི་ལྷུབས་སེ་ལྷུབ། །དབང་པོ་རྣམ་ལྔ་འདི་ལ་ཚང་། སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །རྗེ་བས་ཁ་དྲོ་ཐིབས་སེ་ཐིབ། །བདག་དང་ཡོན་བདག་གླུད་དུ་འབུལ། །གླུད་ཀྱི་བདག་པོས་གླུད་འདི་ལོངས། །ཡས་བདག་རྣམས་ཀྱིས་ཡས་འདི་ལོངས། །མོ་ལྟས་རྨི་ལམ་ངན་པ་རྣམས། །ལོ་ཟླ་ཞག་དང་ཟ་མའི་སྐག །ཆོ་འཕྲུལ་ལྟས་ངན་ཅི་མཆིས་རྣམས། །ངར་མིས་ཁུར་ལ་ཡས་ཁུང་འདྲིལ། །ངར་མི་རྒྱལ་པོ་སྐྱས་ཁྱོག་ཅིག །ཆོས་ཆོས་ངར་མི་ཡས་སྟགས་ཆོས། ༈ །ཡས་སྟགས་དེ་སོགས་འོག་རོལ་ན། །ཡས་ལ་སྔ་བ་དྲེལ་ནག་ཡིན། །ཁྱོད་ཀྱི་ཕ་དེ་རྒྱ་བོང་གྲྭ་བ་ཡིན། །མ་དེ་རྒོད་མ་ཡོ་ཆེན་ཡིན། །བུ་ཁྱོད་རང་བདུད་དྲེལ་ནག་པོ་ཡིན། །ཕ་མིས་ལས་སུ་ངུ་འབོད་མཁས། །མ་ཡིས་ལས་སུ་སྤྲོ་ཆེན་ཆེ། །བུ་ཁྱོད་རང་ཁུར་བའི་སྟོབས་པོ་ཆེ། །སྐྱེས་ནི་སྤང་དཀར་ལྗོངས་ལ་སྐྱེས། །གནས་ནི་གྲོག་ཕུག་བདེ་ལ་གནས། །ཡིན་ནི་རྒྱལ་པོའི་དཀོར་ནོར་ཡིན། །འགྲོ་ན་ས་སྣ་ལམ་རིང་ཡིན། །བཀལ་ན་མི་ཆགས་གཅིག་ཀྱང་མེད། །འཛེགས་ན་མཐོ་རིས་


CMR047_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སླེབས། །རབས་ཆད་ཡས་མཆོག་ཨ་ལ་ལ། །ཁུར་པ་སྟོབས་ཆེན་ཚན་པ་ཆེ། །བསྒྱུར་སྟོབས་ཆེ་ནས་གྱད་ཀྱི་ཤུགས། །རབས་ཆད་འགགས་འདྲེ་ཁུར་བའི་ཡས། །ཕོ་སྲི་མོ་སྲི་ས་སྲི་དང་། །མོ་ངན་སོག་སྡིག་ལྟས་ངན་དང་། །མི་ཁ་བྲ་མཆུ་འགོང་པོ་དང་། །ལོ་ཟླ་ཞག་དང་ཟ་མའི་སྐག །དེ་རྣམས་སྟོབས་ཆེན་དྲེལ་ལ་བཀལ། །ཁུར་ལ་དགྲ་ཡི་ཡུལ་དུ་སོང་། །གདུག་པ་དགྲ་ཡུལ་ནད་ཀྱི་ཁེངས། །ངོམ་གྱི་ཡུལ་དུ་སྐྱས་ཁྱོག་ཅིག །ཆོས་ཆོས་དྲེལ་ནག་དགྲ་ལ་ཆོས། །རྒྱུག་རྒྱུག་དྲེལ་ནག་དགྲ་ལ་རྒྱུགས། །དྲོངས་དྲོངས་དྲེལ་ནག་དགྲ་ལ་དྲོངས། ༈ །ཡས་སྟགས་དེ་སོང་འོག་རོལ་ན། །ཡས་ལ་སྔ་བ་བྲ་བ་ཡིན། །མི་ཁ་བྲུབ་ལ་གར་སྲིད་ན། །བྲ་བ་རྫོངས་འདེབས་མི་ཁ་ཐུབ། །ཁྱོད་ཕ་དེ་རླུང་བོན་མཐུ་བོ་ཆེ། །མ་དེ་ཁམས་གསུམ་མི་ཁའི་བདག །བུ་ཁྱོད་རང་ཁམས་ཀྱི་མི་ཁ་ཡིན། །མཆུ་དོར་དོར་བྱེད་པ་ངམ་ལ་དོར། །ཕ་མ་གཉིས་ཀྱི་མངའ་འོག་ཏུ། །བུ་དུད་འགྲོ་བྲ་བ་སྤུ་རྩ་སྔོ། །ས་ནག་ཡུལ་བཟུང་འཕེལ་སྟོབས་ཆེ། །གྲངས་མེད་མིག་བྱུང་བྲ་བ་འདི། །མི་ཐུབ་མི་འགྱུར་གཅིག་ཀྱང་མེད། །ཁ་


CMR047_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཙི་ཙི་ཟེར་བ་དེ། །བསེ་རག་ཐུབ་པའི་དཔའ་སྐད་ཡིན། །ཁ་ནས་ལྡོག་ལྡོག་བྱེད་པ་དེ། །གདུག་པ་ངམ་ལ་བྱེད་པ་ཡིན། །མཇུག་མ་མེད་པས་འགོང་པོ་ཐུབ། །སྤུ་མདོག་སེར་བས་མི་ཁ་ཐུབ། །སྤུ་རྩ་ནག་པས་ཡི་དྭགས་ཐུབ། །རྣ་བ་ནག་པས་འདྲེ་མོ་ཐུབ། །ལྟག་པ་སྐྱ་བས་སྙིང་སྟོང་ཐུབ། །དཔྱིད་གསུམ་ཚེ་བས་གོད་འདྲེ་ཐུབ། །ཐུབ་ཐང་ཡས་ལ་བྲ་བ་ཆེ། །མི་ཁ་བཀར་རོ་བྲ་མཆུ་བཅད། །བརྒྱ་ཡི་མི་ཁ་ལང་བའི་ཡས། །སྟོང་གི་བྲ་མཆུ་བཀར་བའི་ཡས། །བྲ་བས་མི་ཁ་བཀར་བའི་ཡས། །ཁུར་ལ་དགྲ་ཡི་ཡུལ་ལ་སོང་། །སོང་སོང་ཡས་སྟགས་སྐྱེས་རྫོ་ངས་ཤིག །ཆོས་ཆོས་ཡས་སྟགས་ད་དམར་ཆོས། །རྒྱུག་རྒྱུག་ཡས་སྟགས་ད་དམར་རྒྱུགས། །དྲོངས་དྲོངས་ཡས་སྟགས་ད་དམར་དྲོངས། ༈ །ཡས་སྟགས་དེར་སོང་འོག་རོལ་ན། །ཡས་ལ་སྔ་བ་ཐལ་འཇིམ་ཡིན། །ཐལ་འཇིམ་ནག་པོ་མགོ་དགུ་འདི། །ཕ་དེ་གཡུ་ཆར་སྔོན་པོ་ཡིན། །མ་དེ་ས་གཞི་དྲོད་ཀྱི་རླངས་པ་ཡིན། །བུ་དེ་རྩི་ཐོག་ལས་བསྒྲུབ་རྩྭ་ཀྱང་ཡིན། །དུད་འགྲོ་ཕྱུགས་ཀྱི་ཁ་ཟས་ཡིན། །ཟག་པ་བསགས་པས་ས་བོན་བྱས། །དམར་མོ་མེ་ཡི་འོད་ཀྱིས་


CMR047_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས། །ཐལ་བ་བྱ་བའི་རོ་ཅིག་བྱུང་། །བུད་མེད་མཛེས་ལྡན་རྣམས་ཀྱིས་བསྡུས། །གོ་གསུམ་ཐལ་བ་བསྡུས་ཙམ་ན། །འབྲས་དཀར་ཕྱེ་མོ་གཞིབ་པ་འདྲ། །སྐྱེད་གསུམ་དྲེག་པ་བསྡུས་ཙམ་ན། །ཕྱེ་ལ་རྩི་རྐྱང་བཞག་པ་འདྲ། །རྡོ་ལེབ་ཐོག་ཏུ་བཞག་ཙམ་ན། །སྨན་བཟང་མོའི་ལག་ཟས་བཀོད་པ་འདྲ། །མགོ་དགུ་གཟུགས་སུ་བཏོད་ཙམ་ན། །སྲིད་པའི་འདྲེ་དགུའི་གཟུགས་དང་མཚུངས། །བནྡེ་བརྒྱ་བས་སྔགས་བཟློག་མཁས། །ཁྲབ་ཆེན་བརྒྱ་བས་ངོ་དུག་ནག །གཞུ་གཟུང་སྟོང་བས་ཁ་དུག་ཚ། །མི་ཐུབ་མི་འགྱུར་གཅིག་ཀྱང་མེད། །ཤར་ལྷོ་ནུབ་བྱང་དགྲ་སྲི་ཐུབ། །བརྒྱ་སྟོང་ལྷག་པའི་མི་ཁ་ཐུབ། །འགོང་པོའི་ཡས་སུ་ཐལ་འཇིམ་བཟང་། །གཡག་རུ་གཡོན་པ་བཅད་པའི་ཡས། །ཐལ་འཇིམ་ནང་དུ་དགྲ་སྲི་ཐུབ། །ཁུར་ལ་དགྲ་ཡི་ཡུལ་དུ་སོང་། །ཕྱོགས་བཞིའི་དགྲ་ཁ་ཐལ་བས་ཆོད། །གཡག་རུ་ནང་དུ་དགྲ་བོ་བྲུབ། །ཆོས་ཆོས་ཡས་སྟགས་ད་དམར་ཆོས། །རྒྱུག་རྒྱུག་ཡས་སྟགས་དགྲ་ལ་རྒྱུགས། །དྲོངས་དྲངས་ཡས་སྟགས་དགྲ་ལ་དྲོངས། །ད་གཤེགས་ད་སོང་ཐལ་འཇིམ་སོང་། ༈ །


CMR047_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྟགས་དེ་སོང་འོག་རོལ་ན། །ཡས་ལ་སྔ་བ་སྟོང་པ་ཡིན། །ཡས་ཀྱི་ས་རྫ་སྟོང་པ་ཁྱོད། །ཡབ་དེ་སྟོང་པ་སྟོང་མིན་ཡིན། །མ་ཡུམ་སྟོང་པའི་རང་བཞིན་ཡིན། །བུ་ཁྱོད་རང་ས་རྫ་སྟོང་པ་ཡིན། །ཕྱི་སྟོང་ནང་སྟོང་སྟོང་པའི་རྫས། །ལུང་དགུ་བཏག་པས་འདྲེ་དགུ་ཐུབ། །ཁྱིམ་ནང་མི་ཡི་སྙིང་སྟོང་ཐུབ། །སྒོ་ན་ནོར་གྱི་སྙིང་སྟོང་ཐུབ། །སྟོང་པའི་ནང་ཚང་སྟོང་ཡས་བྱས། །བྱང་ཁོག་སྟོང་པ་སྙིང་སྟོང་ཡས། །འབྲུ་ལྐོག་ཟ་ཁོག་སྙིང་སྟོང་ཡས། །འབྲུ་ལྐོག་ཟ་ལྐོག་འགོང་པོའི་ཡས། །ཚྭ་དང་སྒོག་པ་རམ་པ་གསུམ། །བ་། ཚྭ་བུལ་ཐོག་གཡེར་མ་གསུམ། །སྒམ་དྲེག་ཟོམ་དྲེག་སྤྱད་དྲེག་གསུམ། །སྙིང་སྟོང་བསྐལ་བའི་ཡས་ཡིན་པས། །ས་རྫ་སྟོང་པའི་ནགས་ཚང་བྱས། །ཁུར་ལ་འགོང་པོའི་ཡུལ་དུ་སོང་། །སྟོང་པའི་ནང་ཚང་སྟོང་པ་བྱས། །རམ་པའི་ཕ་དེ་དགུང་སྔོན་ཆར། །མ་དེ་ས་གཞི་ངད་ཀྱི་དྲོད། །བུ་ཁྱོད་རང་རམ་པ་ནག་པོ་ཞེས། །དབྱིབས་ནི་དྲག་པོ་ཚྭ་ཚྭའི་དབྱིབས། །བུད་མེད་མཚན་ལྡན་རྣམས་ཀྱིས་བྲབ། །གྲི་མོས་ཡས་སུ་མི་མོས་བསྡུས། །ས་རྫ་སྟོང་པའི་ནགས་ཚང་བྱས། །མི་ནད་ཕྱུགས་ནད་བསྒྱུར་བའི་ཕྱིར། །ཁུར་ལ་


CMR047_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བོའི་ཡུལ་དུ་སོང་། །ཁྱོག་ཅིག་ཡས་སྟགས་སྐྱས་ཁྱོག་ཅིག །ཆོས་ཆོས་ཡས་སྟགས་དགྲ་ལ་ཆོས། །རྒྱུག་རྒྱུག་ཡས་སྟགས་དགྲ་ལ་རྒྱུགས། །དྲོངས་དྲོངས་ཡས་སྟགས་དགྲ་ལ་དྲོངས། ༈ །ཡས་སྟགས་ད་སོང་འོག་རོལ་ན། །ཡས་ལ་སྔ་བ་ཐད་ཐོ་ར་རུས་ཡིན། །དེ་ལྟར་ཡས་སུ་གཏོགས་པ་ནི། །བརྡུང་དགུའི་རྭ་དང་ཕྲག་དགུའི་རྨིག །ཟ་དགུ་གཅན་གཟན་ཐོད་རུས་དང་། །འཕུར་དགུ་བྱ་ཡི་གསོབ་རས་དང་། །སེམས་ཅན་མགོ་རུས་ཁྲག་ཁྲོག་དང་། །ཐང་ཐོད་ར་རུ་སྣ་ཚོགས་དང་། །རི་དྭགས་དུད་འགྲོ་སྣ་ཚོགས་དང་། །རྭ་ཅོ་སྣ་མ་སྣ་ཚོགས་དང་། །ཤིང་ནག་མགར་བ་སོལ་བུ་དང་། །དགྲ་བགེགས་གནོད་བྱེད་ཁྲམ་ལ་ཐོབ། །ཡས་སྟགས་ལྷག་མ་སྣ་ཚོགས་ལ། །བྱ་རིགས་སྤུ་ཐོགས་སྣ་ཚོགས་དང་། །མི་ཡི་གླུད་གོས་ནོར་གྱི་སྤུ། །ཡས་སྟགས་ཆ་མ་ཆོ་དགུ་འདི། །རྒྱུ་སྦྱོར་ཡོན་བདག་གླུད་དུ་འབུལ། །སྐུ་གླུད་རིན་ཚབ་འདི་དག་འབུལ། །དགྲ་བགེགས་ཡུལ་དུ་ད་སོང་ཞིག །མི་གླེང་ཁ་མེད་ལ་ཁའི་ཤ་རུ་ཡིན། །མི་སྡོད་ཁ་མེད་མགྲོན་པོ་ཟུངས་ཟད་ཡིན། །མི་ལང་ཁ་མེད་ལ་ཁའི་རྫི་བོ་ཡིན། །མི་


CMR047_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར་ཁ་མེད་དེ་ཤིང་ཁའི་བྱིས་ཆུང་ཡིན། །མི་མཁོན་ཁ་མེད་དེ་རབས་ཆད་རྒན་པོ་ཡིན། །མི་ཟ་ཁ་མེད་དེ་མགྲོན་པོ་ཁལ་ཆད་ཡིན། །མི་འགྲོ་ཁ་མེད་དེ་བུ་སྲིང་གོ་མ་ཡིན། །མི་འཕེན་ཁ་མེད་དེ་གཡུལ་ངོའི་མདའ་ཁ་ཡིན། །མི་རྫོངས་ཁ་མེད་དེ་དགོང་ཁའི་ཡས་སྟགས་ཡིན།། ༈ ཀྱཻ། ཡས་སྟགས་ཆ་མ་ཆོ་དགུ་འདི། །ང་གཏོ་མཁན་བདེན་པའི་ཚིག་གིས་རྫོངས། །གསུང་སྙན་རྔ་གཤོང་སྟོབས་ཀྱིས་རྫོངས། །ཏིང་འཛིན་ནུས་པའི་སྟོབས་ཀྱིས་རྫོངས། །སོང་ཞིག་ཡས་སྟགས་ད་སོང་ཞིག ཀྱཻ། རི་དྭགས་རིགས་ཀྱི་ཡས་སྟགས་རྣམས། །རྒྱུག་དང་ཕྱ་ལེ་ད་སོང་ཞིག །གཡུང་དྭགས་རིགས་ཀྱི་ཡས་སྟགས་རྣམས། །རྒྱུག་དང་སྤྲེངས་སེ་ད་སོང་ཞིག །མཆེ་བ་ཅན་གྱི་ཡས་སྟགས་རྣམས། །རྒྱུག་དང་ཞུངས་སེ་ད་སོང་ཞིག །དགྲ་བོའི་ཡུལ་དུ་ད་སོང་ཞིག །ཐད་ཐོད་རྒྱ་རུས་ཡས་སྟགས་རྣམས། །རྫ་ལྟར་ཉི་ལེ་ད་རྒྱུག་ཅིག །ཆོས་ཆོས་ཡས་སྟགས་ད་དམར་ཆོས། །རྒྱུག་རྒྱུག་ཡས་སྟགས་ད་དམར་ཆོས། །སོང་སོང་ཡས་སྟགས་ད་དམར་ཆོས། །ལུང་ཆེན་ལུང་ཆུང་གྲལ་ལ་སོང་། །ལ་ཆེན་ལ་ཆུང་གྱིས་ལ་སོང་། །ཟེར་མི་རླུང་དང་


CMR047_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་ལ་སོང་། །སྐྱ་རེངས་ལམ་ལ་ཞུགས་ལ་སོང་། །སྔོན་མོའི་ཆུ་ལ་འཛེགས་ལ་སོང་། །སོང་སོང་གཏོ་ཡས་ལམ་བསྟན་ནོ། །གདུག་པ་ངམ་ལ་ཉི་ཟླ་མེད། །དེ་ཡི་ཡུལ་དུ་ལམ་བསྟན་ནོ། །ས་འོག་ཆབ་རོམ་དབྱར་མི་འཇུ། །དེ་ཡི་ཡུལ་དུ་ལམ་བསྟན་ནོ། །ཀི་ཀི་བསྭོ་བསྭོ་ད་ཆོས་ཤིག །འདྲེ་དང་གདོན་གྱི་གབ་སྐུང་ཕུད། །ཡས་འདི་ཕྱིན་ལ་གདོན་ལ་འཇུག །མྱུར་དུ་དགྲ་ཡི་ཡུལ་དུ་ཆོས། །དམ་ཉམས་དགྲ་ལ་རྟགས་ཕྱུངས་ཤིག ༈ །ཡས་སྟགས་ཀྱི་བསྒྱུར་ཆོག །གཏོ་བསྐུལ་འབུམ་སྡེའི་ཏི་ཀ །གཞུང་ཐམས་ཅད་ཀྱིས་ཡས་སྟགས་མུ་ཏིག་ཤེལ་ཕྲེང་ཞེས་བྱ་བ་རྫོགས་སོ།། ༈ །།བྱད་ཐག་དཀར་པོ་རྔ་མོང་ལ་བཀལ་ལ་བརྟག་པ་སྐྱེས་པས་བཟུང་། སྒྲིལ་བུ་ནག་པོ་བུད་མེད་རྣམས་ཀྱིས་བཟུང་ཡས་ཀྱིས་འཕྱོང་རྫོགས་ནས། བྱད་ཐག་དཀར་པོ་དཀྱིལ་འཁོར་རྩར་བཞག་ལ། བྱད་ཐག་ནག་པོ་ཡང་གྲིས་དུམ་བུ་དགུ་བྱས་ལ། གཏོ་ཆས་ནང་དུ་བཞག །འདྲེ་ལྔའམ་ནི་ལོ་བདུད་ཐོག་ཏུ་བསྐྱལ། མངྒ་ལཾ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལེགས་ལྡན་མགོན་པོ་གཡག་རུ་དགྲ་ཆོས་གཏོ་གཞུང་མན་ངག་མུ་ཏིག་ཕྲེང་བ་ལས་ཡས་སྟགས་སྒྱུར་ཆོས་ཡས་སྟགས་དགུ་རྫོང་།next