Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དགྲ་སྣ་བསྒྱུར་བའི་གླང་ཆེན་སྣ་བསྒྱུར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་སྣ་བསྒྱུར་བའི་གླང་ཆེན་སྣ་བསྒྱུར།next

དགྲ་སྣ་བསྒྱུར་བའི་གླང་ཆེན་སྣ་བསྒྱུར།


CMR047_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སྣ་བསྒྱུར་བའི་གླང་ཆེན་སྣ་བསྒྱུར་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གླང་ཆེན་སྣ་བསྒྱུར་གྱི་བཅས་ལ། ཕུང་ཤུལ་ས་དང་། ས་སྣ་དང་། ཁྲམ་འདུ་ས་དང་། དྲག་པོའི་ས་ལ་གཞི་བྱས་ནས། ས་བྲེ་གང་ལས་གླང་ཆེན་བཅས་ལ། རེ་བའི་སྟན་དང་ས་སྤྱིན་གྱི་སྒ་བྱ། རེ་བའི་སྣོད་དུ་ཚྭ་གཡེར་རམ་རུག །མི་ཁའི་ཡས་དང་། མི་ནོར་གྱི་གླུད་སྣ་ཚོགས་བཀལ་ལོ། །ཡང་དགྲ་སྣ་བསྒྱུར་བ་ཡིན་ན། དམག་དཔོན་གོ་མཚོན་ཐོགས་པ་བསྐྱོན། མཚོན་ཆ་སྣ་ཚོགས་བཟོས་ལ་བཙུགས། གོ་གྱོན་མཚོན་ཐོགས་པའི་དམག་མི་མང་པོས་བསྐོར་བར་བྱའོ། །རང་ཉིད་ཕྱག་ན་རྡོ་རྗེའམ། ཡི་དམ་གང་ཡིན་བསྒོམ་ལ་འདི་སྐད་དོ།། ཀྱཻ། བསྐལ་པ་གྲངས་མེད་སྔོན་རོལ་དུ། །ས་བླའི་རྒྱལ་པོ་སྨན་ཏེ་བྱ་བ་དང་། །ཚངས་པ་ཆེན་པོ་བྱ་བ་ལ། །རྨོང་འདྲེ་ཆེན་པོ་གདོན་དུ་ཆེ། །རྨོང་འདྲེ་བཟློག་པའི་དོན་ཆེད་དུ། །གསང་བདག་ཕྱག་ན་རྡོ་རྗེ་ལ། །འདི་སྐད་ཅེས་ནི་ཞུས་པ་ལ། ཀྱཻ། གསང་བདག་རྡོ་རྗེ་འཛིན་པ་ལགས། །བདག་ཚངས་པ་ཆེན་པོ་ལ། །རྨོང་འདྲེ་ཆེན་པོ་གདོན་དུ་ཆེ། །དེ་ལ་བཟློག་ཐབས་ཇི་ལྟར་ལགས། །དེ་སྐད་ཅེས་ནི་ཞུས་པ་ལ། །ཕྱག་ན་རྡོ་རྗེས་བཀའ་སྩལ་པ། །ལེགས་སོ་ལེགས་སོ་ཚངས་པའི་ལྷ། །ཁྱེད་ཀྱིས་ཞུས་པ་ཤིན་ཏུ་ལེགས། །


CMR047_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཁྱེད་ལ་རབ་ཏུ་བཤད། །ལུས་བཏུད་སེམས་ཀྱིས་རབ་ཏུ་ཉོན། །དེ་ལ་བཟློག་ཐབས་འདི་ལྟར་བྱ། །དྲག་པོའི་ས་ལ་གཞི་བླངས་ཏེ། །ས་གླང་རྫུ་འཕྲུལ་སྟོབས་ཆེན་གྱིས། །དེ་ཡིས་མི་བཟློག་གཅིག་ཀྱང་མེད། །ས་གླང་སྟོབས་ཆེན་སྣ་བསྒྱུར་ན། །གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དགྲ་སྣ་གྱོད་སྣ་ཐམས་ཅད་ཟློག །མི་ཁ་བྲ་མཚུ་ཐམས་ཅད་དང་། །རྐུན་སྣ་ཇག་སྣ་ཐམས་ཅད་ཟློག །དགྲ་སྣ་བསྒྱུར་བ་གར་སྲིད་ན། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །རྫུ་འཕྲུལ་ལྷ་མོ་འབར་མ་གཉིས། །དེ་གཉིས་རྫུ་འཕྲུལ་བསྡེབས་པ་ལ། །གླང་དཀར་སྟོབས་ལྟར་བྱ་བ་ལ། །ཁྲོ་བོ་བཅུ་ཡིས་དབང་བསྐུར་བས། །སྣ་ལ་གནམ་ལྕགས་མདུང་རྩེ་བཏགས། །རྣ་བ་དེ་ནི་གཡས་གཡོན་ན། །ལྷ་དམག་བརྒྱ་བརྒྱ་མཁར་དུ་བརྩེགས། །རྩིབ་མ་དེ་ནི་གཡས་གཡོན་ན། །གོ་ཕུབ་བརྩེགས་པའི་མདུང་ཆོ་བརྩེགས། །མཇུག་མ་དེ་ཡི་རྩེ་མོ་ན། །གནམ་ལྕགས་རལ་གྲི་འབར་བ་བཏགས། །ལྷ་དམག་ཀུ་སྒྲ་དི་རི་རི། །གླང་ཆེན་སྤྱོད་སྒྲ་འུ་རུ་རུ། །རོལ་མོ་བྲོ་གར་ཁྲབས་སེ་ཁྲབ། །འདྲེ་སྲིན་གཡུལ་ངོ་ཐུར་དུ་ཟློག །འདྲེ་སྲིན་ཕོ་བརྒྱ་མནན་ཏེ་


CMR047_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསད། །འདྲེ་སྲིན་མོ་བརྒྱ་བཀུག་སྟེ་བསད། །སྲིན་ཟངས་ཟ་སྐྱེ་ཕུང་པོ་ལ། །ཁྲོ་བོ་བཅུ་ཡི་བྲོ་བརྡུངས་པས། །འདྲེ་བདུད་གཡུལ་ངོ་བཟློག་པའི་གླང་། མཐུ་སྟོབས་རྫུ་འཕྲུལ་ཆེ་བའི་གླང་། །ནམ་མཁའ་ཕྱོགས་བཞི་གང་བའི་གླང་། །བཞི་བརྒྱ་རྩ་བཞི་ཚོགས་པའི་གླང་། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །ལ་ལས་ཁ་རླངས་དམར་པོ་གཏོང་། །ལ་ལས་ཁ་རླངས་སྨུག་པོ་གཏོང་། །ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་འགྱེད། །བདུད་དང་སྲིན་པོའི་འཁོར་ཚོགས་བཅོམ། །ལུས་ལ་བསྐལ་པའི་མེ་ཆེན་འབར། །འདྲེ་སྲིན་གཡུལ་ཁ་ཐམས་ཅད་བསྲེགས། །ལྕགས་ཀྱི་རྨིག་བཞི་ས་ལ་བསྒྲད། །གནམ་ས་ཐམས་ཅད་འཁྲུག་པར་བྱེད། །སྤྱན་རྩ་དམར་པོ་གློག་ལྟར་འཁྱུག །ཡི་དྭགས་གདོན་ཚོགས་ཐམས་ཅད་བརྒྱལ། །དྲག་པོའི་ལྕགས་རལ་བསིགས་པ་ཡི། །གདུག་པའི་ཚྭ་ཚྭས་བར་སྣང་གང་། །གདུག་པའི་རྫུ་འཕྲུལ་གློག་བས་མྱུར། །བར་སྣང་ཁམས་ཀུན་གློག་གིས་གང་། །ཡོན་ཏན་རྨད་བྱུང་ཆེ་བའི་གླང་། །དགྲ་སྣ་གྱོད་སྣ་ཐམས་ཅད་དང་། །རྐུན་སྣ་ཇག་སྣ་དམག་སྣ་དང་། །ཐམས་ཅད་མ་


CMR047_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བསྒྱུར་དུ་གསོལ། །འབྱུང་བ་ལྔ་ལས་གྲུབ་པ་ཡི། །ས་གླང་སྟོབས་ཆེན་རྫུ་འཕྲུལ་ཅན། །རྣམ་རྟོག་གློ་བུར་གདོན་རྣམས་ནི། །ཐམས་ཅད་མ་ལུས་བསྒྱུར་དུ་གསོལ། །དཔའ་རྩལ་ཆེ་བའི་གླང་པོ་ཆེ། །ས་གླང་སྟོབས་ཆེན་འདི་ཡིས་ནི། །ཐམས་ཅད་མི་བཟློག་གང་ཡང་མེད། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །མི་ནད་ཕྱུགས་ནད་ཡམས་ནད་དང་། །དགྲ་སྣ་གྱོད་སྣ་ཐན་སྣ་ཀུན། །སྟོབས་ཆེན་གླང་པོ་འདི་ལ་བཀལ། །སྟོབས་ལྡན་གླང་པོ་ཁྱོད་ཀྱིས་སྒྱུར། །བདུད་གླང་སྟོབས་དང་ལྡན་པའི་གླང་། །རིག་འཛིན་སྔགས་འཆང་བདག་ཅག་གི །སྔགས་དང་ཕྱག་རྒྱའི་བདེན་པ་ཡིས། །ཁྲོ་བོ་བཅུ་ཡི་མཐུ་སྟོབས་དང་། །ཕྱག་ན་རྡོ་རྗེས་བྱིན་རླབས་ཀྱིས། །མི་མཐུན་རྐྱེན་དང་བར་ཆད་དང་། །དགྲ་གྱོད་འཁོན་གསུམ་མི་ཁ་ཀུན། །བདུད་གླང་ནག་པོ་འདི་ལ་བཀལ། །བདུད་གླང་སྟོབས་དང་ལྡན་པའི་གླང་། །ཤར་ཕྱོགས་དྲི་ཟའི་གདུག་པ་སྒྱུར། །ལྷོ་ཕྱོགས་གཤིན་རྗེའི་གདུག་པ་སྒྱུར། །ནུབ་ཕྱོགས་ཀླུ་ཡི་གདུག་པ་སྒྱུར། །བྱང་ཕྱོགས་གནོད་སྦྱིན་གདུག་པ་སྒྱུར། །ཤར་ལྷོ་མེ་ལྷའི་གདུག་པ་སྒྱུར། །ལྷོ་ནུབ་སྲིན་པོའི་གདུག་པ་སྒྱུར། །ནུབ་བྱང་རླུང་ལྷའི་


CMR047_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་སྒྱུར། །བྱང་ཤར་དབང་ལྡན་གདུག་པ་སྒྱུར། །སྟེང་ཕྱོགས་ལྷ་ཡི་གདུག་པ་སྒྱུར། །འོག་ཕྱོགས་ས་བདག་གདུག་པ་སྒྱུར། །འདྲེ་སྲིན་གཡུལ་ངོ་ཐུར་དུ་སྒྱུར། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །དགྲ་སྣ་ཐན་སྣ་གྱོད་སྣ་དང་། །བྱུར་དང་མི་ཁ་བྲ་མཆུ་ཀུན། །ས་གླང་སྟོབས་ཆེན་འདི་ལ་བཀལ། །དགྲ་བོའི་ཡུལ་དུ་བསྒྱུར་ཏེ་གཏོང་། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི། །དགྲ་གྱོད་འཁོན་གསུམ་ཐམས་ཅད་སྒྱུར། །སྔ་དགྲ་ལག་གིས་བརྡལ་བ་སྒྱུར། །ཕྱི་དགྲ་ཡིད་ལ་སེམས་པ་སྒྱུར། །ད་དགྲ་ཐད་དུ་ལང་བ་སྒྱུར། །ངོ་ལ་གདོང་ཐུག་བྱེད་པ་སྒྱུར། །ལྐོག་ན་འབུག་བཞིན་འབུག་པ་སྒྱུར། །མ་ཉེས་ཁ་ཡོག་བཏང་བ་སྒྱུར། །དགྲ་སྣ་ཆུ་ལྟར་འབྲུབ་པ་སྒྱུར། །དགྲ་སྣ་རླུང་ལྟར་འཚུབ་པ་སྒྱུར། །དགྲ་སྣ་བལ་ལྟར་གཡེང་བ་སྒྱུར། །བརྒྱ་ཡི་མི་ཁ་ཟུག་པ་སྒྱུར། །སྟོང་གི་བྲ་མཆུ་སྡིག་པ་སྒྱུར། །དགྲ་སྣ་མེ་ལྟར་འབར་བ་སྒྱུར། །ཇག་པས་རྟ་ཁ་བསིག་པ་སྒྱུར། །རྐུན་བུས་ཤ་ཆིངས་ཁུར་བ་སྒྱུར། །དགྲ་ཆེན་བདུད་དུ་ལངས་བ་སྒྱུར། །དམག་སྣ་ཇག་སྣ་སྟོན་པ་སྒྱུར། །དགྲ་སྣ་རྐུན་སྣ་སྟོན་པ་སྒྱུར། །ཕྱི་ཡི་ཕྱི་དགྲ་ལངས་བ་སྒྱུར། །


CMR047_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ནང་འཁྲུག་ལངས་བ་སྒྱུར། །ཟུར་ནས་གཅོད་དགོས་ཟེར་བ་སྒྱུར། །གསོད་ཤོམ་རྐུ་ཤོམ་བྱེད་པ་སྒྱུར། །རྐུ་ཤོམ་འཕྲོག་ཤོམ་བྱེད་པ་སྒྱུར། །ཕྱོགས་བཞིའི་དགྲ་སྲི་ལངས་བ་སྒྱུར། །མཚམས་བཞིའི་དགྲ་སྲི་ལངས་བ་སྒྱུར། །གཟུགས་ཅན་མི་ཡི་དགྲ་ལངས་སྒྱུར། །གཟུགས་མེད་ལྷ་འདྲེའི་དགྲ་ལངས་སྒྱུར། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྤོ་ཊ་སྤྲོ་ཊ་ཧཾ་ཕཊ། བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །ཅེས་གླང་ཆེན་སྣ་བསྒྱུར་ནས་དགྲ་སྣ་ཐམས་ཅད་བསྒྱུར་བར་བསམ་མོ། །དེ་ལྟར་དགྲ་སྣའི་བསྒྱུར་ཆོས་འདི་ནི། གནམ་ཆོས་དགྲ་ཆོས་ཀྱི་སྐག་ཟློག་བསྒྱུར་ནས་ཨ་རཱ་གས་བྲིས་པའོ། །མངྒ་ལཾ། །དཔེའུ་རིས་ཀྱི་ཐོ་ཚེ། ཕུང་ཤུལ། ས་སྣ་མང་པོ། ཁྲོམ་འདུ་ས། ས་ནག་རྣམས་བསྲེས་པའི་ཁམ་ས་བྲེ་གང་ལ་གླང་ཆེན་བཟོ། རེ་བའི་སྟན། ས་སྤྱིན་གྱི་སྒྲ་གཏད། དེ་སྟེང་དམག་དཔོན་ཁྲབ་རྨོག །མདའ་གཞུ། རལ་གྲི། མདུང་། མེ་མདའ། ཕུབ་རྣམས་ཐོགས་པའི་སྐྱེས་བུ་བསྐྱོན། རེ་བའི་སྣོད་རྣམས་སུ། ཚྭ། གཡེར། རམ་རུག །ཤ་ཁྲག །ལྟེ་ཕྱེ། མིའི་སྐྲ་སེན་གོས་དུམ། ནོར་གྱི་སྡོང་ཧྲུལ། སྤུ་ཤད་རྣམས་བླུགས་ལ་སྔ་ཤད་ཕྱི་ཤད་ལ་བཀལ་ལོ། །དེ་ལ་མཚོན་ཆ་སྣ་ཚོགས་བཙུགས། དེ་ཉིད་ལ་མི་མང་པོ་གོ་གྱོན་མཚོན་ཐོགས་པས་བསྐོར་བ་བཟོའོ། །གླང་ཆེན་སྣ་བསྒྱུར་གྱི་དཔེའུ་རིས་ཀྱི་ཐོ་ཚེ་ཨྠྀི། དགེའོ།།


previousདགྲ་སྣ་བསྒྱུར་བའི་གླང་ཆེན་སྣ་བསྒྱུར།next