Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། སྲུང་བ་འཇིགས་པ་ཀུན་སྐྱོབ།
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར། སྲུང་བ་འཇིགས་པ་ཀུན་སྐྱོབ།next

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། སྲུང་བ་འཇིགས་པ་ཀུན་སྐྱོབ།


CMR047_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། སྲུང་བ་འཇིགས་པ་ཀུན་སྐྱོབ་ཅེས་བྱ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། གཞི་མ་དཀར་པོའི་སྟེང་དུ་ནས་དཀར་གྱི་གཡུང་དྲུང་བྲིས་ལ། ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རང་ཉིད་ཕྱག་རྡོར་གསལ་བ་ཡི། །སྤྱི་བོར་རྩ་བརྒྱུད་བླ་མ་ཡི། །དེ་སྟེང་ཟིལ་གནོན་ཁྱུང་ཆེན་ལྡིང་། །རྒྱབ་ཏུ་ཡི་དམ་ཐམས་ཅད་དང་། །གཡས་ན་ནོར་ལྷ་གཏེར་བདག་ཚོགས། །གཡོན་ན་རྣམ་སྲས་རྟ་བདག་བརྒྱད། །མདུན་ན་ཀོང་ཙེ་འཕྲུལ་གྱི་རྒྱལ། །དེ་སྡུན་རྒྱུང་གྲགས་ཙམ་གྱི་སར། །མགོན་པོ་ལེགས་ལྡན་ནག་པོ་ལ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས། །རང་གི་མཐའ་སྐོར་དཔག་ཚད་ཙམ། །དུར་ཁྲོད་བདག་པོ་ཀེང་རུས་གཟུགས། །གྲངས་མེད་བསྐོར་ནས་སྔགས་སྒྲ་སྒྲོག །གནོད་བྱེད་དགྲ་ཇག་གཅན་སྤྱང་རྣམས། །དབྱུག་ཐོས་འཇོམས་ཤིང་ཐོད་ཁྲག་གིས། །རླངས་པས་མྱོས་ནས་དྲན་མེད་


CMR047_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ། །འོད་ཟེར་ཅན་མ་ཕག་ལ་ཆིབས། །སེར་མོ་ཁབ་སྐུད་འཛིན་པའི་ཚོགས། །རླུང་ལྟར་འཚུབ་པས་གནོད་བྱེད་རྣམས། །ཁ་མིག་བཙེམས་པས་ནུས་མེད་བྱས། །བདག་སོགས་འདུག་སའི་ནམ་མཁའ་ལ། །ཚེ་དཔག་སྒྲོལ་དཀར་སྤྱན་རས་གཟིགས། །སྐྱབས་སྦྱིན་མཛད་པའི་ཕྱག་འོག་ཏུ། །བདག་ཅག་འཁོར་བཅས་སྐྱབས་བྱས་པས། །ཐུགས་རྗེའི་སྟོབས་ཀྱིས་སྐྱོབ་པར་མཛོད། །དཔའ་ཆས་རྣམས་གཞི་མ་དཀར་པོའི་སྟེང་དུ་བཞག་ལ་ཕྱི་བ་ནི། ཀྱཻ། འཇིགས་རུང་ནད་གདོན་གནས་ནས་ཐར། །མཐུ་སྟོབས་ཅན་ལ་སྐྱབས་སུ་གསོལ། །དགྲ་ཇག་ཆོམ་རྐུན་རྣམས་ལས་ཐར། །ནུས་མཐུ་ཅན་ལ་སྐྱབས་སུ་མཆི། །ལས་ངན་སྡུག་བསྔལ་གནས་ལས་ཐར། །བྱང་སེམས་ཅན་ལ་སྐྱབས་སུ་མཆི། །དབུལ་ཕོངས་ཉེས་པའི་གནས་ལས་ཐར། །དངོས་གྲུབ་ཅན་ལ་སྐྱབས་སུ་མཆི། །ཁ་སྨྲས་གླེང་གཞིའི་གནས་ལས་ཐར། །ཤེས་རབ་ཅན་ལ་སྐྱབས་སུ་མཆི། །རིགས་དྲུག་འཁོར་བའི་གནས་ནས་ཐར། །བྱིན་རླབས་ཅན་ལ་སྐྱབས་སུ་མཆི། །ལོ་སྐོར་ས་བདག་འཁྲུག་པ་ཟློག །དབང་ཐང་སྲོག་ལུས་རླུང་རྟ་བསྐྱེད། །སྨོན་ལམ་དམ་ཚིག་ལྡན་པ་


CMR047_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བདག་དང་བསྲུང་བྱ་འདི་རྣམས་ལ། །ནད་མེད་སྨན་གྱི་ཆར་པ་ཕོབ། །གདོན་མེད་དྲག་པོའི་སྐུ་མཁར་མཛོད། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ལོངས་སྤྱོད་ཟས་ནོར་ཆར་ལྟར་ཕོབ། །བརྒྱ་ཡི་ནང་གི་ག་པ་གྱིས། །སྟོང་གི་ནང་དུ་ཞུར་པོ་གྱིས། །རྒན་པ་རྣམས་ཀྱི་ཚེ་བསྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་བསྐྱེད་ཅིག །དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །ལྷ་འདྲེ་མི་གསུམ་དབང་དུ་བསྡུས། །དམག་ལ་འགྲོ་ན་རྒྱལ་ཁ་ལོངས། །ཇག་ལ་འགྲོ་ན་ནོར་རྒྱལ་ལོངས། །ཚོང་ལ་འགྲོ་ན་ཁེ་རྒྱལ་་མཛོད། །ལིང་ལ་འགྲོ་ལ་གཟན་དང་སྤྱོད། །བྱེས་སུ་འགྲོ་ན་ཁ་འཛིན་མཛོད། །གཞི་ལ་འདུག་ན་མགོན་སྐྱབས་མཛོད། །ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག །དེ་ནས་ཡོན་བདག་དང་ཀ་ཆ་རྣམས་ལ་མེ་ཏོག་འཐོར་ཞིང་། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟེང་ཐམས་ཅད་རྡོ་རྗེའི་གུར་ཁང་དང་། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲྭ་བ། དེའི་ཕྱི་རོལ་དུ་མཚོན་ཆ་སྣ་ཚོགས་པའི་གུར་ཁང་སུས་ཀྱང་མི་ཤིགས་པ། ཡེ་


CMR047_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་དཔུང་ཆེན་པོ་འབར་བ་ཁ་ཕྱི་ནས་བལྟས་ན་མེ་དཔུང་གི་གུར་ཁང་། ནང་ནས་བལྟས་ན་ལྷ་ཚོགས་ཐམས་ཅད་ཀྱི་བསྲུང་བའི་གུར་ཁང་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་སོགས། ལན་བདུན་ནམ་གསུམ་བརྗོད། བཀྲ་ཤིས་རྒྱས་བསྡུས་གང་རིག་བརྗོད། ཅེས་གཡག་རུ་དགྲ་ཆོས་ཀྱི་ཁ་ཚར། བསྲུང་བ་འཇིགས་པ་ཀུན་སྐྱོབ་བཀའ་རྒྱ་ཅན་འདི་ཡང་། སྔགས་འཆང་མགོན་ནག་གིས་བསྐུལ་ལྟར། སྔགས་ནག་རཱ་ག་ཨ་སྱས་བྲིས་པའོ། །གུ་རྒྱ་ཁ་ཐཾ། འདི་གཞན་ལ་གཅིག་བརྒྱུད་མན་ངག་གསེར་གྱིས་བསླུ་བ་མ་གཏོགས་སྤེལ་ན། རང་གི་བསྲུང་བ་བྱས་ཀྱང་མི་ཐུབ་པ་ཟེར་བ་འདུག་པས། སྙིང་གི་བུ་མཆོག་རེ་རེ་ཙམ་ཡིན་མང་དུ་སྤེལ་ན། འདྲེ་དགུ་རྗེས་སུ་འབྲང་ནས་ཕན་མི་ཐོགས་པ་བཀའ་རྒྱ་དོམ་ཞིག །སརྦ་མངྒ་ལཾ། །


previousགཡག་རུ་དགྲ་ཆོས་ཀྱི་ཁ་ཚར། སྲུང་བ་འཇིགས་པ་ཀུན་སྐྱོབ།next