Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས་མཐོང་བ་བརྒྱུད་པ།
  
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས་མཐོང་བ་བརྒྱུད་པ།next

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས་མཐོང་བ་བརྒྱུད་པ།


CMR047_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས་མཐོང་བ་བརྒྱུད་པ་བཞུགས་སོ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ན་མོ། དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་བཅའ་ཀ་དང་འདོན་འགྲིགས་གཉིས་ལས། དང་པོ་བཅའ་གཞིའི་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་དུ་དམར་གཏོར་ཆེ་བ་གཅིག་ལ་གཏོར་ཆུང་བཅུས་བསྐོར། དཀར་གཏོར་པད་འདབ་ཅན་གཅིག་ལ་བྱ་རིགས་གཡག་ལུག་གཟུགས་ཀྱིས་བསྐོར། རྒྱས་པར་སྤྲོ་ན་ཁྱུང་འབྲུག་སེང་གེ་གཡག་ལུག་གྱི་ལིང་རྨ་བྱ་ཤང་ཤང་སྟག་གཟིག་གུང་གཡི་དཀར་པོ་སོགས་གཟུགས་འགྲོས་སྣ་ཚོགས་ཀྱིས་བསྐོར་བར་བྱ། ཤིང་ནག་གི་རྔ་མོང་གཅིག་དང་དྲེལ་ཕག་གསུམ་དུ་བཅས་ལ་ཁལ་འགེལ་སོགས་བཀལ་བར་བྱ། འདིའི་སྐབས་དུས་དགྲ་བླ་བཅུ་གསུམ་བཅའ་ཚོགས་ལྟར་བཅའ། གཞན་རྩ་གསུམ་གཏོར་མ་དང་ཆོས་སྐྱོང་སྐོར་གང་སྐབས་བཅའ་བར་བྱའོ། །སྔོན་འགྲོའི་སྐོར་ཐམས་ཅད་ཚང་བར་བྱའོ། ༈ །གཉིས་པ་འདོན་འགྲིགས་ནི། ཡི་དམ་གང་རུང་གི་གཞུང་བསྲང་བ་དང་ཆོས་སྐྱོང་སྐོར་གང་སྐབས་འདོན་པར་བྱའོ། །ཚོགས་མཆོད་བསྐང་བ་དང་བཅས་པ་ཚར་བའི་རྗེས་ལ། བསང་ཡིག་གང་སྐབས་འདོན་པ་དང་། དགྲ་


CMR047_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བཅུ་གསུམ་ཚར་གྲངས་བསོགས་པར་བྱའོ། ༈ །དེ་ནས་སྨད་ལས་ནི། གྲུ་གསུམ་ནང་དུ་ལིངྒ་མང་ཉུང་སྐབས་དང་བསྟུན། བཅུག་ཐོན་པའི་རྗེས་སུ། མགོན་པོའི་གྲུ་གསུམ་བསྐྱེད་ཆོག་གམ་གཞན་གྲུ་གསུམ་བསྐྱེད་ཆོག་གང་རུང་བྱའོ། །དེ་རྗེས་འགུགས་གཞུག་བརྒྱའམ་ཉེར་གཅིག་གམ་བདུན་ནམ་གལ་ཆེ་ཆུང་དང་བསྟུན། ༈ ཀིང་ཀང་ལས་བྱང་ནི། །རང་ཉིད་ཀིང་ཀང་ཧ་རི་དམར༔ ཅེས་པ་ནས། མཱ་ར་ཡ་ནན༔ བསྙེན་པ་ཅི་ནུས་བཟླའོ། ༈ །དེ་བཞིན་དུ། ཨེ་བདག་མདུན་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཅེས་པ་ནས། དམ་ཡེ་དབྱེར་མེད་དྲན་རྫོགས་གསལ༔ ཨོཾ་མཉྫཤྲཱི་སོགས། བསྙེན་པ་ཅི་མང་བྱའོ། །དེ་རྗེས་དཔལ་ལྡན་དུར་ཁྲོད་བསྟོད་བསྐུལ་རྒྱུན་ཁྱེར་འདོན། ཧཱུྃ་བདེ་མཆོག་སོགས། བསྙེན་པ་གང་སྐབས་བཟླའོ། ༈ །དེ་ནས་བསྐུལ་པ་ནི། ཡི་དམ་གང་རུང་གི་བསྐུལ་པ་འདོན། དེ་ནས་དགྲ་ཆོས་ནི། ཧཱུྃ་མ་གཡེལ་མ་གཡེལ་སྲུང་མའི་ཚོགས༔ ཞེས་སོགས་ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། བར་ཚར་བརྒྱའམ་དགུ་སོགས་ཚར་གྲངས་བསོགས་པར་བྱའོ། །གཞན་ཡང་མགོན་པོའི་དགྲ་ཆོས་


CMR047_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགྲ་བྲུབ་འདོན་པར་བྱའོ། །དེ་ནས་ཆོས་སྐྱོང་གང་རུང་གི་བསྐུལ་པ་འདོན་པར་བྱའོ། །དེ་ནས་ཚར་ཀ་དཀར་གཏོར་གཅིག་བསྔོས་ལ་ཡས་ལམ་མམ་དགྲ་ཕྱོགས་སུ་ཕུལ། ཡུལ་གྱི་གཞི་བདག་དེ་ལ་སྡོང་གྲོགས་བྱེད་པའི་བཀའ་བསྒོ། དེ་ནས་འགུགས་གཞུག་དང་བསྐུལ་པ་ཐམས་ཅད་འདོན་པར་བྱའོ། །དེ་ནས་དགྲ་བླ་བཅུ་གསུམ་ནི་ཁང་ཐོག་གམ་བསང་ནང་དུ་ཕུལ་ལ་ཆོས་སྐྱོང་གང་རུང་གི་གསོལ་ཀ་འདོན་པར་བྱའོ། ༈ །དེ་ནས་ཆད་མདོ་བརྟན་སྐྱོང་བཀྲ་ཤིས་བསྔོ་བ་སྨོན་ལམ་ཡི་དམ་གཞུང་ལྟར་རོ། །དེ་ནས་གཏོར་མ་རྔ་མོང་སོགས་བདེ་རིམ་ཡིན་ན་ཡས་ལམ་སོགས། དགྲ་མནན་ཡིན་ན་དགྲ་ཕྱོགས་སུ་བོར་ལ་ཐལ་མོ་བརྡབ་བོ། །དམོད་བཅོལ་བྱའོ། །ལིངྒ་དགྲ་ཕྱོགས་སུ་ལམ་རྒྱ་གྲམ་ཞབས་སུ་མནན་ནོ། །དགྲ་ཆོས་ཞལ་ཤེས་ཉེར་མཁོ་དགུ་གཏོར་སོགས་ལ་མཁོ་བ་རྫོགས་སོ། །རཱ་ག་ཨ་སྱས་གསུངས་སོ། །སརྦ་མངྒ་ལཾ། དགེའོ།། །།


previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཀྱི་ལས་འགྲིགས་མཐོང་བ་བརྒྱུད་པ།next