Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

4 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
དགྲ་འདྲེའི་ལིངྒ་བྲི་གྱེར་སྔོན་འགྲོ།
  
  
  
  
  
  
 
  
  
  


4 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་འདྲེའི་ལིངྒ་བྲི་གྱེར་སྔོན་འགྲོ།next

དགྲ་འདྲེའི་ལིངྒ་བྲི་གྱེར་སྔོན་འགྲོ།


CMR047_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་འདྲེའི་ལིངྒ་བྲི་གྱེར་སྔོན་འགྲོ་བཞུགས་སོ། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དགྲ་འདྲེའི་ལིདྨ་བྲི་བའི་སྔོན་འགྲོ་དངོས་གཞི་ནི། གཞན་ཡང་ལིང་ཁྲུས་མན་ངག་ལྟར་བྱའོ། །རང་གི་མདུན་དུ་དུག་ཤོག་མཐོ་གང་སོར་བཞི་ལ། གྲི་ཁྲག །ཁྱི་ནག །ཤ་ཕོ་གྲིར་ཤིའི་ཁྲག །ཡུགས་སའི་མངལ་ཁྲག །ཕོ་སྤྱང་ཁྲག། །ཁྲག་སྣ། དུག་སྣ་ཚོགས་སྣག་ཚ་ལ་སྦྱར་ལ་ལིངྒ་བྲིའོ། །སྨྱུ་གུ་ནི་གྲི་ལྕགས་སམ། གྲི་སྡུག་གམ། སྐྱེར་ནག་དུག་ཤིང་ལ་དུག་སྣ་ཁྲག་སྣའི་ངར་གླུད་ལ་བྲིའོ། །ཕུང་རེ་ལ་ལག་གདན་བྱས། ཚོན་སྐུད་བྱད་ཐག་སྔོ་དམར་དེ་རྣམས་བསགས་ལ། དང་པོ་དཀར་ཕྱོགས་རྣམས་ལིངྒར་མི་འཇུག་པའི་གསེར་སྐྱེམས་བཤམས་ལ་འབུལ་ལོ། །དམ་ཉམས་དགྲ་བགེགས་སྲི་ལིང་བྲི་བ་ནི། དུར་ཁྲོད་གནས་ཁང་གང་རུང་དུ། འཛབ་དང་གཤེད་ཆས་འཚོགས་པར་བསགས། གཞི་མ་ནག་པོའི་སྟེང་དུ་ལིངྒ་བྲི་བའི་རྫས་རྣམས་བཀོད། རང་ཉིད་ལྷའི་ང་རྒྱལ་བསྒོམ་ལ། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་ལ་འཇིགས། །གསུང་གི་ང་རོས་ཧཱུྃ་དང་ཕཊསྒྲ་སྒྲོག །ཐུགས་ནི་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །དགྲ་བགེགས་འདུལ་ཕྱིར་དམ་ཉམས་ལིངྒ་བྲི། །དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། དམ་ཉམས་གཤེད་པོ་ལས་ངན་ཁྱོད། །སྔོན་གྱི་ལས་ངན་དྲན་


CMR047_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལ། །སྔོན་གྱི་སངས་རྒྱས་བཀའ་མ་བཅག །ད་ལྟ་བདག་གི་དམ་མ་བཀྲལ། །ཕྱི་རབས་རྣལ་འབྱོར་སུན་མ་ཕྱུང་། །དེ་ནས་ལིངྒ་བྲི་བའི་རྫས་སོགས་བསགས་པ་ནི། དམ་ཉམས་གཤེད་པོ་ལས་ངན་ཁྱོད། །བདེ་ཆེན་ལམ་ལ་འགོད་བསམ་ན། །ལིངྒ་བྲི་བའི་གདན་ས་མེད། །ལས་ངན་སྒྲིབ་པ་སྦྱངས་བསམ་ན། །ལིངྒ་བྲི་བའི་ཤོག་བུ་མེད། །ཐུགས་རྗེས་ལྕགས་ཀྱུས་འཛིན་བསམ་ན། །ལིངྒ་བྲི་བའི་སྨྱུ་གུ་མེད། །ཐར་པའི་ལམ་ལ་ཁྲིད་བསམ་ན། །ལིངྒ་བྲི་བའི་སྣག་ཚ་མེད། །གཞལ་ཡས་ཁང་དུ་བཀོད་བསམ་ཚུན། །ལིངྒ་བཞུགས་པའི་ཕོ་བྲང་མེད། །ཁྱི་ཐོད་ར་ཐོད་ཕག་ཐོད་གསུམ། །ལིངྒ་འདུག་པའི་གནས་ས་བཟང་། །དར་ཚོན་སྣ་ལྔ་གདུགས་ལྟར་ཕུབ། །དར་ནག་གཡབ་མོ་སྤྲིན་ལྟར་གཏིབས། །སྔོན་བཀའ་བརྒྱུད་གོང་མའི་བཀའ་མ་བཅག །ད་ཨ་ཙི་མ་ན་ཡ་རེ་ཆ། །ཁྱོད་སྔོན་གྱི་ལས་ངན་དྲན་པར་གྱིས། །དེ་ནས་རྫས་ལག་ཏུ་ཐོགས་ལ་བྲི་བ་ནི། ད་ལིངྒ་བྲི་བའི་གདན་ས་ཡོད། །མོན་རས་སྨུག་པོ་ཁ་གང་ལ། །ལིངྒ་བྲི་བའི་གདན་ས་བྱས། །དམ་ཉམས་གཤེད་པོ་ལས་ངན་ཁྱོད། །ཁྱོད་བདེ་ཆེན་ལམ་ལ་འགོད་པའི་རྟགས། །


CMR047_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་བྲི་བའི་ཤོག་བུ་ཡོད། །དུག་ཤོག་དུག་ལང་མཐོ་གང་ལ། །ལིངྒ་བྲི་བའི་ཤོག་བུ་བྱས། །དམ་ཉམས་གཤེད་པོ་ལས་ངན་ཁྱོད། །ཁྱོད་ལས་ངན་སྒྲིབ་པ་སྦྱངས་བའི་རྟགས། །ད་ལིངྒ་བྲི་བའི་སྨྱུ་གུ་ཡོད། །སྐྱེས་པ་དར་མའི་གྲི་རུས་ལ། །ལིངྒ་བྲི་བའི་སྨྱུ་གུ་བྱས། །དམ་ཉམས་གཤེད་པོ་ལས་ངན་ཁྱོད། །ཁྱོད་ཐུགས་རྗེས་ལྕགས་ཀྱུས་འཛིན་པའི་རྟགས། །ད་ལིངྒ་བྲི་བའི་སྣག་ཚ་ཡོད། །ཁྱི་ཁྲག་ར་ཁྲག་ཕག་ཁྲག་དང་། །ལིངྒ་བྲི་བའི་སྣག་ཚ་བྱས། །དམ་ཉམས་གཤེད་པོ་ལས་ངན་ཁྱོད། །ཁྱོད་ཐར་པའི་ལམ་ལ་ཁྲིད་པའི་རྟགས། །ད་ལིངྒ་བྲི་བའི་ཕོ་བྲང་ཡོད། །གྲུ་གསུམ་མཐིང་ནག་ཧོམ་ཁུང་དུ། །ལིངྒ་འདུག་པའི་ཕོ་བྲང་བྱས། །དམ་ཉམས་གཤེད་པོ་ལས་ངན་ཁྱོད། །ཁྱོད་གཞལ་ཡས་ཁང་དུ་བཀོད་པའི་རྟགས། །ཕྱི་ནས་ལྕགས་རི་མུ་ཁྱུད་བསྐོར། །གཤེད་པོ་ལས་ངན་དུག་ལ་དགའ། །དུག་ཤིང་སྣ་དགུའི་རྩང་གིས་བསྐོར། །གཤེད་པོ་ལས་ངན་མུ་ནག་དགའ། །ཟངས་ནག་མགོ་ལ་བཀབ་པ་དེ། །གཤེད་མ་མུན་ཁང་གཏིབ་པའི་རྟགས། །གཤེད་པོ་ལས་ངན་མཚོན་ལ་དགའ། །གདུག་པའི་མདའ་


CMR047_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཙུགས་པ་དེ། །གཤེད་ཀྱི་འབྲོས་ལམ་གཅོད་པའི་རྟགས། །ཞེས་གསེར་སྐྱེམས་དང་གཏོར་མ་བཤམས་ལ་འདི་སྐད་དོ། །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ལྷ་ཀླུ་གཞི་བདག་དཀར་ཕྱོགས་དང་། །ལྷ་དང་མེ་བདག་གཤིན་རྗེ་དང་། །སྲིན་པོ་ཀླུ་དང་རླུང་ལྷ་དང་། །གནོད་སྦྱིན་འབྱུང་པོ་གཟའ་སྐར་དང་། །ལྟོ་འཕྱེ་གྲུལ་བུམ་མིའམ་ཅི། །མཁའ་རྒྱུ་ས་བདག་ལ་སོགས་རྣམས། །ཐམས་ཅད་མ་ལུས་ང་ལ་ཉོན། །ངས་ཉེས་བྱེད་ལིངྒ་བྲི་བ་ལ། །ཉེས་མེད་ཀྱི་ཕྱོགས་སྐྱོང་ས་བདག་རྣམས། །མིང་མེད་མི་ལ་མ་ཞེན་ཅིག །རུས་མེད་རུས་ལ་མ་ཞེན་ཅིག །ཡིད་མེད་ཡིད་ལ་མ་འཇུག་ཅིག །བླ་མེད་བླ་ལ་མ་འཁོར་ཅིག །གཟུགས་མེད་གཟུགས་ལ་མ་ཆགས་ཤིག །ཁྱེད་རྣམས་ལིངྒ་འདི་ལ་ཞེན་པ་ན། །སྔགས་ཀྱིས་བསྐོར་ཞིང་ཕྱག་རྒྱས་བཅད། །ཁྲག་དང་དུག་གིས་མྱོས་སུ་འཇུག །ཐུན་གྱིས་བྲབ་ཅིང་ཕུར་པས་མནན། །འཆོར་མེད་ཧོམ་ཁུང་ནང་དུ་འཛུད། །མེ་ཡིས་བསྲེག་ཅིང་མཚོན་གྱིས་གཏུབ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཟུགས་དང་ལིངྒ་འདི་ལ་མ་འཇུག་ཅིག །ཅེས་གསེར་སྐྱེམས་དང་གཏོར་མ་མཆོད། ད་ལིངྒ་བྲི་བ་ནི། ཧཱུྃ། ང་ནི་


CMR047_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེའི་གཤེད། །ལྷ་སྲིན་སྡེ་བརྒྱད་ལས་ལ་བསྐུལ། །དམ་ཉམས་དགྲ་བགེགས་གང་ཡིན་འདི། །གཟུགས་ནི་ལིངྒ་འདི་ལ་བྲི། །བླ་ནི་འཁོར་ལོ་འདི་ལ་བསྐོར། །མིང་ནི་བྱང་བུ་འདི་ལ་འདེབས། །ཉོན་ཅིག་ལས་ངན་གཤེད་པོ་ཁྱོད། །དེ་ཕྱིར་སྤྱི་ལིང་སྤྱི་བོའི་གཙུག་ནས་བྲི། །ད་ཕོ་ལིང་ཕྲག་པ་གཡས་ནས་བསྐོར། །མོ་ལིང་ཕྲག་པ་གཡོན་ནས་བསྐོད། །ཆུང་ལིང་རྐང་པ་གཡོན་ནས་བསྐོར། །དགྲ་ལིང་རྐང་པ་གཡས་ནས་བསྐོར། །འདྲེ་ལིང་འདོམས་ཀྱི་ཞབས་ནས་བྲི། །དབང་པོ་རྣམ་ལྔ་འདི་ལ་ཚང་། །སྤྱི་བོར་ཡི་གེ་ནན་གྱིས་མནན། །རྣམ་ཤེས་གནས་པ་སྙིང་ཡིན་ཏེ། །སྙིང་གར་ཡི་གེ་ཏྲི་ནཱཾ་བྲི། །ཡན་ལག་བཞི་ལ་ཛཿཧཱུྃ་དང་། །ཁཾ་ཧོ་ཡི་གེ་བྲི་བར་བྱས། །བརླ་དཔུང་བཞི་ལ་ཆག་བཞི་བྲི། །རྐང་མཐིལ་གཉིས་ལ་ཡཾ་གཉིས་བྲི། །རྐང་བཞི་ལྕགས་སྒྲོག་བསྡམས་པ་བྲི། །དེནས་གཟུ་དཔང་བྱ་བ་ནི། ཀྱཻ། གསོན་དང་ཡི་དམ་ལྷ་ཡི་ཚོགས། །ཉོན་ཅིག་འཇིག་རྟེན་དྲེགས་པའི་ཚོགས། །ང་ནི་མ་ལེན་མ་ཉེས་སོ། །དང་པོ་མ་ཉེས་ཁ་མ་ཉེས། །དེ་ནས་མ་ཉེས་སེམས་མ་ཉེས། །དེ་ནས་མ་ཉེས་


CMR047_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མ་ཉེས། །ང་མ་ཉེས་དཔང་པོ་དཀོན་མཆོག་བཞུགས། །དཀོན་མཆོག་དཔང་པོར་མི་བཞུགས་རྒྱུས། །ཕུགས་སོ་གཏད་ས་ལོགས་ན་མེད། །ཡི་དམ་ལྷ་ཚོགས་དཔང་པོར་བཞུགས། །ཡི་དམ་ལྷ་ཚོགས་དཔང་པོར་མི་བཞུགས་རྒྱུས། །གཟུ་བོ་བྱེད་མའི་ལོགས་ན་མེད། །མཁའ་འགྲོ་ཆོས་སྐྱོང་དཔང་པོར་མི་བཞུགས་རྒྱུས། །ཞལ་ལྕེ་གཅོད་མཁན་ལོགས་ན་མེད། །ལྷ་སྲིན་སྡེ་བརྒྱད་དཔང་པོར་མི་བཞུགས་རྒྱུས། །དྲང་ཤན་འབྱེད་མི་ལོགས་ན་མེད། །དམ་ཉམས་གཤེད་པོ་ལས་ངན་ཁྱོད། །སངས་རྒྱས་བསྟན་པ་གཉན་པོ་བཤིགས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨོད། །བླ་མ་དམ་པའི་སྐུ་ལ་བསྡོས། །གསང་སྔགས་ཟབ་མོའི་ཆོས་ལ་སྨད། །དམ་ཚིག་གཉན་པོ་ཁྱད་དུ་བསད། །དགེ་བ་བཅུ་པོ་རྒྱབ་ཏུ་བོར། །མི་དགེ་བཅུ་པོ་དང་དུ་བླངས། །ཕུག་གི་མི་ཡི་ཚེ་ལ་བརྐུས། །སྒོ་ཡི་ནོར་གྱི་སྲོག་ཀྱང་བཅད། །ཞིམ་མངར་ཟས་ཀྱི་བཅུད་ཀྱང་ཕྲོག །བདག་ལ་བྱིང་རྨུག་འཐིབ་གསུམ་བཏང་། །ཁྱོད་ལ་བྱས་པ་གཅིག་ཀྱང་མེད། །མ་ཐོག་མྱུར་དུ་གནས་འདིར་ཁུག །དེ་ནས་དཀོན་མཆོག་གསུམ་དང་བདེན་སྟོབས་རྒྱས་པར་བརྗོད་པའི་རྗེས་སུ། ན་


CMR047_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་ཀྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་རྒེའི་རྐྱེན་ངན་དང་བར་གཅོད་ནད་འདྲེ་གཅོང་སྲི་སྲོག་གཅོད་དབུག་ལེན་ཟ་འདྲེ་ཤི་གཤེད་གཤེད་མར་གྱུར་པ་གསོན་བདུད་གཤིན་ལྕགས་རྣམས་གཟུགས་ལིངྒ་འདི་ལ་མྱུར་དུ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ རཏྣ་པ་ཤ་ཧཱུྃ༔ པདྨ་སྤོ་ཊ་ཐཾ༔ ཀརྨ་གྷནྡྷེ་ཧོ༔ ཛཿཧཱུྃ་བཾ་ཧོ༔ གཟུགས་ལིངྒ་དང་གཉིས་སུ་མེད་པར་གྱུར། །ཅེས་བརྗོད། ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕོ་ཉ་ལས་མཁན་རྣམས་ལ་ཕོག་པས། ཐམས་ཅད་ཁྲོས་འཁྲུགས་ནས་དགྲ་བགེགས་གང་ཡིན་བཀུག་ནས་ལིངྒ་ལ་བསྟིམ། ༈ དེ་ནས་ལིངྒ་ཆས་ཞུགས་བྱས་ནས། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་། འཛབ་ཀྱི་ནང་དུ་བཞག་ལ་འདི་སྐད་དོ། །ཧཱུྃ། དམ་ཉམས་སྡིག་ཅན་ལས་ངན་ཁྱོད། །ཁྱོད་རུས་པ་ཞེ་སྡང་ཕ་ལས་བྱུང་། །ཤ་ཁྲག་འདོད་ཆགས་


CMR047_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་བྱུང་། །རིག་པ་གཏི་མུག་ལས་ལ་བྱུང་། །འཁོར་བ་མ་ཡི་མངལ་དུ་ཞུགས། །ཉོན་མོངས་ལྔ་ཕུང་གཟུགས་སུ་གྲུབ། །དུག་ལྔ་རྩད་ནས་བཅད་པའི་ཕྱིར། །གཟུགས་དང་ལིངྒ་བཅས་པ་བྱས། །རྣམ་ཤེས་བཀུག་ནས་གཟུགས་ལ་བསྟིམ། །ལྷ་དང་ཕྱེས་ནས་བྱད་དུ་བཅུག །དམ་ཉམས་སྡིག་ཅན་ལས་ངན་ཁྱོད། །ང་ཡི་མདུན་དུ་འདུག་པ་དེ། །ལས་ཀྱི་རླུང་གིས་དེད་པ་ཡིན། །བསྐལ་པའི་མུན་པས་བསུས་པ་ཡིན། །ལས་ཀྱི་རྣམ་སྨིན་དུ་བ་ཡིན། །ཕོ་ཉ་ལས་མཁན་བཀུག་པ་ཡིན། །ཐར་མེད་བཙོན་རར་ཚུད་པ་ཡིན། །དེ་ཕྱིར་ཉོན་ཅིག་ང་ལ་ཉོན། ༈ །ངས་ལིངྒའི་དཀྱིལ་འཁོར་མི་བཅའ་རྒྱུས། །ཁྱོད་ངན་སོང་གསུམ་དུ་སྐྱེ་བའི་དོགས། །ངས་ཕྱག་རྒྱའི་དྲྭ་བས་མི་བཅིང་རྒྱུས། །ཁྱོད་བཀའ་དང་དམ་ལ་འདའ་བའི་དོགས། །ངས་དུག་གསུམ་ཆུ་དང་མི་སྦྱར་རྒྱུས། །ཁྱོད་ལུས་ངག་ཡིད་གསུམ་མི་གུས་དོགས། །ངས་ཡེ་ཤེས་ཆད་པས་མི་བཅད་རྒྱུས། །ཁྱོད་དུག་ལྔའི་དབང་དུ་འགྲོ་བའི་དོགས། །ངས་དྲག་པོའི་ལས་ལ་མི་སྦྱར་རྒྱུས། །ཁྱོད་སྲོག་གཅོད་དབུགས་ལེན་བྱེད་པའི་དོགས། །ངས་རྣོན་པོ་རྩང་གིས་མི་བསྐོར་རྒྱུས། །ཁྱོད་


CMR047_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་ལམ་དུ་འཁྱམས་ཀྱིས་དོགས། ༈ །ཁྱོད་དང་གཟུགས་སུ་བྲིས་ཙམ་ན། །ཆོས་ཀྱི་སྐུ་དང་འཕྲད་པར་སོམས། །ཡིག་འབྲུ་སྔགས་ཀྱིས་བསྐོར་ཙམ་ན། །སྤྲུལ་པའི་སྐུ་དང་འཕྲད་པར་སོམས། །རྡོ་རྗེའི་ལམ་ལ་བསྐྱོན་ཙམ་ན། །ལོངས་སྤྱོད་རྫོགས་སྐུར་ལྡན་པར་སོམས། །རྣམ་ཤེས་བཀུག་ནས་བསྟིམ་ཙམ་ན། །རིག་སྟོང་མ་ལུས་འཕྲད་པར་སོམས། །སྔོ་དམར་བྱད་དུ་བཅུག་པའི་ཚེ། །འཇའ་ཚོན་སྣ་ལྔས་བསྐོར་བར་སོམས། །བྲུབ་ཁུང་ནང་དུ་བཅུག་ཙམ་ན། །གཞལ་ཡས་ཁང་དུ་བསྡད་ཟཔར་སོམས། །དྲག་པོའི་དུག་ལྔ་ཤར་ཙམ་ན། །ཡེ་ཤེས་ལྔ་དང་ལྡན་པར་སོམས། །དྲག་པོའི་ཕུར་པས་གདབ་ཙམ་ན། །ཡི་དམ་ལྷ་དང་འཕྲད་པར་སོམས། །མཚོན་ཆ་མང་པོས་སྐོར་ཙམ་ན། །སློབ་དཔོན་ལྷ་དང་འཕྲད་པར་སོམས། །དམར་ནག་རྩང་གིས་བསྐོར་ཙམ་ན། །ལྷ་དང་ལྷ་མོས་བསྐོར་བར་བསྒོམ། །དྲག་པོའི་ཐུན་གྱིས་བྲབ་ཙམ་ན། །འདོད་དགུ་ཆར་དུ་འབབ་པར་སོམས། །འདི་ལྟར་སོམས་ལ་འདི་རུ་སྡོད། ༈ །ཁྱོད་སྔོན་གྱི་ལས་ངན་ད་སྤོངས་ལ། །འཕྲལ་དུ་འགྱོད་སེམས་དྲན་པར་གྱིས། །


CMR047_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་ཡོན་དུ་འབུལ། །དེ་ལྟར་མ་བྱས་ཁྱོད་ཉིད་བརླག །དེ་བས་དམ་ཚིག་དྲན་པར་གྱིས། །ཅེས་བརྗོད་དོ། །སེར་བརྒྱབ་པ་རྣམས་གཞུང་མ་སྤེལ་མི་འདུག་གོ །གཤེད་རྡུང་གཞུང་ནས་འགའ་ཞིག་འདིར་ཁ་བསྐངས་ནས་བྲིས་པ་ཡིན། མི་འགལ་དོ་བསམས་ནས་བྲིས་པ་ཡིན། འགལ་ན་བཟོད་པར་གསོལ་ལོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགྲ་འདྲེའི་ལིངྒ་བྲི་གྱེར་སྔོན་འགྲོ།next