Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚུངས་མེད་ཆགས་མེད་ཉིད་ཀྱི་སྐུ་བཞིའི་གསོལ་འདེབས།
   
   
   
   
   
   


 
previousམཚུངས་མེད་ཆགས་མེད་ཉིད་ཀྱི་སྐུ་བཞིའི་གསོལ་འདེབས།next

མཚུངས་མེད་ཆགས་མེད་ཉིད་ཀྱི་སྐུ་བཞིའི་གསོལ་འདེབས།


CMR048_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་ཆགས་མེད་ཉིད་ཀྱི་སྐུ་བཞིའི་གསོལ་འདེབས་བཞུགས། ན་མོ་གུ་རུ་རཏྣ་ཡ། གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །རྗེ་བླ་མ་སངས་རྒྱས་ཆོས་སྐུ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕ་བླ་མའི་སྐུ་ཚེ་བརྟན་པ་དང་། །བདག་བར་ཆད་ཞི་བར་བྱིན་གྱིས་རློབས། །གནས་དག་པ་རབ་འབྱམས་ཞིང་ཁམས་ན། །རྗེ་བླ་མ་ལོངས་སྤྱོད་རྫོགས་སྐུ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕ་བླ་མའི་སྐུ་ཚེ་བརྟན་པ་དང་། །བདག་བར་ཆད་ཞི་བར་བྱིན་གྱིས་རློབས། །གནས་གདུལ་བྱ་སྣང་བ་དག་པ་ན། །རྗེ་བླ་མ་ཐུགས་རྗེ་སྤྲུལ་སྐུ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕ་བླ་མའི་སྐུ་ཚེ་བརྟན་པ་དང་། །བདག་བར་ཆད་ཞི་བར་བྱིན་གྱིས་རློབས། །གནས་འཁོར་འདས་མཉམ་ཉིད་གཞལ་ཡས་ན། །རྗེ་བླ་མ་ངོ་བོ་ཉིད་སྐུ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕ་བླ་མའི་སྐུ་ཚེ་བརྟན་པ་དང་། །བདག་བར་ཆད་ཞི་བར་བྱིན་གྱིས་རློབས། །དཔལ་པདྨ་འབྱུང་གནས་བླ་མ་རྗེ། །ཕ་ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། །མི་བདག་གི་ལུས་ངག་


CMR048_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་གསུམ། །དོན་ཆོས་ཉིད་ངང་དུ་དབྱེར་མེད་པར། དུས་ནམ་ཡང་འབྲལ་བ་མེད་པར་ཤོག །ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་བསྐུལ་ནས། རང་ལ་དེ་ལྟར་སྐུ་བཞི་ཐོབ་པ་ཅུད་ཟད་མེད་ཀྱང་རྒྱུད་སྡེའི་དགོངས་པ་དང་མཐུན་པར་བྲིས་སོ། །དགེ་སློང་ཀརྨ་རཱ་ག་ཨ་སྱས་སྦྱར་བའོ།། ༈ །།རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཚེ་མི་རྟག་ནམ་མཁའི་འཇའ་ཚོན་འདྲ། །དེ་རྟག་པར་འཛིན་པའི་མི་རེ་འཁྲུལ། །དུས་དེང་ནས་དམ་ཆོས་མ་འགྲུབ་ན། །ཆོས་བྱེད་སྙམ་གྱི་ངང་དུ་མི་ཚེ་ཟད། །གནས་གང་དུ་འདུག་ཀྱང་དགེ་སྦྱོར་གྱིས། །དུས་དེ་རིང་ཉིད་ནས་དགེ་སྦྱོར་འབུངས། །བློ་བསམ་པའི་འཁྱེར་ཕྱོགས་ཤེས་པ་ན། །ཇི་ལྟར་བྱས་ཀྱང་དམ་ཆོས་སླ། །དུས་དེང་ནས་ཅི་བྱེད་བྱང་ཆུབ་བསྔོ། །ཞེས་སྨྲས་ནས་དགེ་སྦྱོར་ལ་འབུང་བར་བྱས་སོ། །ཨ་རཱ་གས་གསུངས་སོ།། ༈ ན་མོ་གུ་རུ་དྷེ་ཝ་ཌཀྐི་ཡེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །རྩ་བ་གསུམ་ལ་གསོལ་བ་འདེབས། །ཆོས་དང་ཆོས་ཅན་འགོགས་ལམ་གསུམ། །བདེན་དོན་གསུམ་ལ་གསོལ་བ་


CMR048_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །གཞི་དང་ལམ་དང་འབྲས་བུ་གསུམ། །ཆོས་ལམ་གསུམ་ལ་གསོལ་བ་འདེབས། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །རྣམ་དག་གསུམ་ལ་གསོལ་བ་འདེབས། །འདུལ་བ་མདོ་སྡེ་མངོན་པ་གསུམ། །སྡེ་སྣོད་གསུམ་ལ་གསོལ་བ་འདེབས། །རྒྱུད་དང་ལུང་དང་མན་ངག་གསུམ། །གསང་སྔགས་གསུམ་ལ་གསོལ་བ་འདེབས། །ཕྱི་ནང་གསང་བ་ཡང་གསང་གསུམ། །དཀྱིལ་འཁོར་གསུམ་ལ་གསོལ་བ་འདེབས། །རྩ་དང་རླུང་དང་ཐིག་ལེ་གསུམ། །གནས་འགགས་གསུམ་ལ་གསོལ་བ་འདེབས། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དོན་དམ་གསུམ་ལ་གསོལ་བ་འདེབས། །བདེ་དང་གསལ་དང་མི་རྟོག་གསུམ། །ཉམས་རྟོགས་གསུམ་ལ་གསོལ་བ་འདེབས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །འབྲས་བུ་གསུམ་ལ་གསོལ་བ་འདེབས། །སྐྱེ་མེད་འགགས་མེད་གནས་མེད་གསུམ། །རྣམ་ཐར་གསུམ་ལ་གསོལ་བ་འདེབས། །དབྱིངས་དང་ཐིག་ལེ་ལུག་རྒྱུད་གསུམ། །རྫོགས་ཆེན་གསུམ་ལ་གསོལ་བ་འདེབས། །གཤིན་རྗེ་རྟ་མགྲིན་ཕྱག་རྡོར་གསུམ། །ཁྲོ་བོ་གསུམ་ལ་གསོལ་བ་


CMR048_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །འཇམས་དབྱངས་སྤྱན་གཟིགས་ཕྱག་རྡོར་གསུམ། །རིགས་གསུམ་མགོན་ལ་གསོལ་བ་འདེབས། །སྣང་མཐའ་སྤྱན་གཟིགས་པད་འབྱུང་གསུམ། །སྐུ་གསུམ་ལྷ་ལ་གསོལ་བ་འདེབས། །ཆོས་ལོངས་སྤྲུལ་པའི་དྷ་ཀི་གསུམ། །མཁའ་འགྲོ་གསུམ་ལ་གསོལ་བ་འདེབས། །ཡེ་ཤེས་ལས་དང་འཇིག་རྟེན་གསུམ། །མགོན་པོ་གསུམ་ལ་གསོལ་བ་འདེབས། །མ་མོ་གཟའ་དང་དམ་ཅན་གསུམ། །བསྟན་སྲུང་གསུམ་ལ་གསོལ་བ་འདེབས། །བདུད་རྗེ་བཙན་རྒོད་ཀླུ་བདུད་གསུམ། །སྤུ་གྲི་གསུམ་ལ་གསོལ་བ་འདེབས། །ཕོ་རྒྱུད་མོ་རྒྱུད་མ་ནིང་གསུམ། །བཀའ་སྲུང་གསུམ་ལ་གསོལ་བ་འདེབས། །དེ་ལྟར་སྐྱབས་གནས་རྩ་གསུམ་ལ། །ལན་གསུམ་སྙིང་ནས་འོ་དོད་འབོད། །ད་ནི་ཟླ་ཕྱེད་གསུམ་ཙམ་ལ། །འགྲོ་དོན་བསྡུ་བ་རྣམ་བཞི་སྩོལ། །དེ་ནས་ལོ་གྲངས་འགའ་ཞིག་ལ། །སྒོ་གསུམ་མཚམས་ལ་བར་ཆད་མེད། །སྡོམ་གསུམ་མཐའ་རུ་ཕྱིན་པ་དང་། །སྐུ་གསུམ་འབྲས་བུ་ཐོབ་པ་ཞིག །རེ་ས་གཞན་མེད་རྩ་གསུམ་མཁྱེན། །གླིང་ཐང་ཆོས་རའི་ཚེས་གསུམ་ལ། །གསོལ་བཏབ་དོན་དང་ལྡན་གྱུར་ཅིག །རཱ་ག་ཨ་སྱས་


CMR048_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དགེ་ལེགས་འཕེལ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཚུངས་མེད་ཆགས་མེད་ཉིད་ཀྱི་སྐུ་བཞིའི་གསོལ་འདེབས།next