Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ལྷ་མོ་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་འདོན་སྒོམ་སྦྲག་པ་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་འདོན་སྒོམ་སྦྲག་པ་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བ།next

ལྷ་མོ་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་འདོན་སྒོམ་སྦྲག་པ་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བ།


CMR048_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་འདོན་སྒོམ་སྦྲག་པ་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བ་བཞུགས་སོ། །


CMR048_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷེ་ཝི་མཱ་རི་ཙི། འཇིགས་པ་ཀུན་སྐྱོབ་མ་ལ་ཕྱག་འཚལ་ལོ། །ལྷ་མོ་འདི་ཉིད་དང་པོ་ཡུན་རིང་བསྙེན། །བར་དུ་བསྒྲུབ་ཅིང་ཐ་མ་ལས་ལ་སྦྱོར། །གསུངས་ཀྱང་སྙིགས་དུས་དེ་འདྲའི་ལོང་མ་མཆིས། །ཚེ་ཐུང་ནད་མང་དགྲ་རྐུན་རླུང་ལྟར་འཚུབ། །དེས་ན་མྱུར་དུ་བྱིན་རླབས་འཇུག་པའི་ཐབས། །བསྙེན་སྒྲུབ་ལས་སྦྱོར་ཆིག་དྲིལ་སྒྲུབ་པ་བཤད། །དཀར་གསུམ་གཏོར་མ་ཟླུམ་པོ་བཤམས་པའི་རྩེར། །ལྷ་མོའི་ཙཀླི་བཙུགས་པ་དམིགས་པའི་རྟེན། །ཡང་ན་ཤིང་ལེབ་སོགས་ལ་ལྷ་མོ་ནི། །ལྗང་གུ་གཡོན་གཟིགས་མཆོད་རྟེན་དབུ་བརྒྱན་པ། །ཨོཾ་རག་སྟོད་གཡོགས་སྔོན་པོ་ཅན་བྲིས་སོ། །ཤིང་ལ་རྒྱབ་རྟེན་པདྨའི་གདན་ཅན་ནོ། །དེ་ཡི་མདུན་ངོས་མཆོད་པ་ཅི་འབྱོར་བཤམས། །ས་ཡི་གྲྭའུ་གྲུ་བཞི་ཁ་སྦྱར་


CMR048_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །ཡ་གབ་མ་གབ་ཚུ་ཡིག་སེར་པོ་བྲི། །ཏཱཾ་ཡིག་མིག་ཏུ་སྔགས་རིང་བྲིས་པ་ཡི། །ཙཀླུའི་གོང་དུ་དགྲ་ཇག་ཆོམ་རྐུན་མིང་། །བྲིས་པའི་བར་དུ་གོ་གསུམ་ཐལ་བས་བཀང་། །ཁ་སྦྱོར་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི། །སྐུད་པ་སེར་པོས་རྒྱ་གྲམ་དཀྲིས་བྱས་ལ། །གཏོར་མའི་འོག་གམ་རང་མདུན་དམན་སར་བཞག །ཤིང་གི་དབྱུག་པ་རྡོ་རྗེ་རྩེ་གསུམ་མགོ ། ཡུ་བ་རྡོ་རྗེ་རྩེ་གཅིག་བྱས་པ་གཅིག །ཡོད་ན་མདུན་བསྐྱེད་རྟེན་དུ་བཙུགས་པར་བྱ། །མེད་ན་ཙཀ་ལི་གིས་ནི་ཆོག་པའོ། །རང་ཉིད་ཁྲུས་དང་གཙང་སྦྲ་བྱ་བ་དང་། །སྒྲུབ་ཚེ་ཚོགས་འཁོར་མ་གཏོགས་ཤ་ཆང་སྤང་། །ལ་ཕུད་སྒོག་པ་མི་གཙང་ཟས་ལ་འཛེམ། །ལྷ་མོ་དེ་ཉིད་རྩེ་གཅིག་དད་པས་བསྒྲུབ། །འདོན་སྒོམ་སྦྲག་མ་འདི་ཉིད་ཐུན་གསུམ་སྟེ། །ཐུན་གསུམ་བསྙེན་སྒྲུབ་ལས་


CMR048_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གསུམ་པོ་ཡིན། །ཐུན་མཚམས་མདུན་བསྐྱེད་མཆོད་བསྟོད་གསུམ་ཁ་འདོན། །དཀོན་མཆོག་གསུམ་དང་འོད་ཟེར་ཅན་མ་ལ། །བདག་དང་བསྲུང་བྱ་འཁོར་བཅས་སྐྱབས་སུ་མཆི། །འགྲོ་བ་ཀུན་གྱི་འཇིགས་སྐྲག་བསལ་བའི་ཕྱིར། །འཕགས་མ་འོད་ཟེར་ཅན་མ་བསྒྲུབ་པར་བྱ། །རང་ཉིད་སྐད་ཅིག་ལྷ་མོའི་སྐུར་གསལ་བའི། །ཐུགས་ཀའི་ཏཱཾ་ཡིག་འོད་ཀྱིས་འོད་ཟེར་ཅན། །སངས་རྒྱས་བྱང་སེམས་འཁོར་ཚོགས་དང་བཅས་པ། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པ་ལ། །རང་གི་ཐུགས་ཀའི་འོད་ལས་མཆོད་པའི་སྤྲིན། །དཔག་མེད་སྤྲུལ་ནས་ལྷ་མོའི་སྐུ་ལ་མཆོད། །ན་མོ་མཱ་རི་ཙྩཾ་སརྦ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་དངོས་འཇིགས་པ་ཀུན་སེལ་མ། །འོད་ཟེར་ཅན་ལ་བདག་ཅག་སྐྱབས་སུ་མཆི། །ཐོག་མེད་དུས་ནས་བདག་ཅག་འཁོར་བཅས་ཀྱིས། །འཇིགས་དང་སྡུག་བསྔལ་རྒྱུ་བསགས་མི་དགེའི་ལས། །གང་བྱས་དེ་དག་འགྱོད་པས་སོ་སོར་བཤགས། །རྒྱལ་དང་རྒྱལ་སྲས་འཕགས་དང་སོ་སྐྱེ་ཡིས། །མི་འཇིགས་སྦྱིན་དང་བཟོད་པའི་གོ་ཆ་སོགས། །དགེ་བ་གང་བསགས་ཀུན་ལ་རྗེས་ཡི་རང་། །འགྲོ་ཀུན་འཁོར་བའི་འཇིགས་ལས་སྐྱོབ་པའི་


CMR048_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །བླ་མེད་བྱང་ཆུབ་སེམས་ནི་བདག་གིས་བསྐྱེད། །ནམ་མཁའི་མཁའ་མཉམ་སེམས་ཅན་མ་ལུས་པའི། །འཇིགས་སྐྲག་སྡུག་བསྔལ་ཚོགས་ནི་ཅི་མཆིས་པ། །ཐམས་ཅད་མ་ལུས་བདག་གིས་སེལ་བར་ཤོག །ནམ་མཁའི་ལྷ་མོ་འོད་ཞུ་བདག་ལ་ཐིམ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷཱ་སརྦ་དྷསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་། །རྭ་གུར་མེ་རི་འབར་བའི་དབུས་ཉིད་དུ། །སྣ་ཚོགས་པདྨ་ཟླ་སྟེང་རང་གི་སེམས། །ཏཱཾ་ཡིག་སེར་པོའི་འོད་ཀྱིས་རྒྱལ་བ་མཆོད། །སེམས་ཅན་ཀུན་གྱི་འཇིགས་པ་ཐམས་ཅད་བསལ། །རྒྱལ་བའི་སྟོབས་བཅུ་འགྲོ་བའི་བསོད་ནམས་སྟོབས། །ཐམས་ཅད་ཚུར་འདུས་མྱ་ངན་མེད་པའི་ཤིང་། །ཡལ་ག་ནཱཾ་གྱིས་མཚན་པ་ཡོངས་གྱུར་ལས། །རང་ཉིད་ལྷ་མོ་གསེར་མདོག་ཤིན་ཏུ་མཛེས། །ཞལ་གཅིག་ཞི་འཛུམ་ཕྱག་གཉིས་ཁབ་སྐུད་འཛིན། །ཞབས་གཉིས་ཕྱེད་སྐྱིལ་གཡོན་པ་ཅུང་ཟད་བརྐྱངས། །སྟོད་གཡོགས་ཨོཾ་རང་སྔོན་པོ་ཤམ་ཐབས་དཀར། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་


CMR048_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཀླུབས། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་མཾ་ཡིག་ལས། །འོད་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ། །ནམ་མཁར་སྤྱན་དྲངས་ཡིད་སྤྲུལ་མཆོད་ཚོགས་འབུལ། །ཛཧཱུྃ་བོ་ཧོས་དམ་ཡེ་དབྱེར་མེད་འདྲེས། །དབང་ལྷས་དབང་བསྐུར་རྣམ་སྣང་དབུ་བརྒྱན་གྱུར། །ཐུགས་ཀར་ཟླ་སྟེང་རཾ་ཡིག་མཐའ་མ་ལ། །སྔགས་ཕྲེང་གཡོན་དུ་འཁོར་བའི་འོད་ཟེར་གྱིས། །རྒྱལ་བ་ཀུན་མཆོད་འགྲོ་བའི་འཇིགས་ཀུན་བསལ། །རྒྱལ་བ་སྲས་བཅས་ཀུན་གྱི་མཐུ་དང་སྟོབས། །འཇིག་རྟེན་སྐྱེ་འགྲོའི་བསོད་ནམས་སྟོབས་ནུས་རྣམས། །བསྡུས་ནས་བདག་དང་བསྲུང་བྱ་རྣམས་ལ་ཐིམ། །ཁྱད་པར་འོག་མིན་གནས་དང་རི་རབ་རྩེར། །མྱ་ངན་མེད་པ་རྒྱ་གར་ཤིང་དྲུང་ནས། །འོད་ཟེར་ཅན་མའི་སྐུ་ནི་ཆེ་ཕྲའི་ཚོགས། །ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན། །བདག་དང་བསྲུང་བྱ་ཀུན་ལ་སིབ་སིབ་ཐིམ། །འཇིགས་སྐྲག་སྡུག་བསྔལ་ཀུན་ལས་སྐྱོབ་པར་གྱུར། །ཨོཾ་མཱ་རི་ཙེ་སྭཱ་ཧཱ། ཡི་གེ་དྲུག་པ་བསྙེན་པ་འདི་ཉིད་ནི། །ནམ་ལངས་ནས་བཟུང་དྲོས་ཆེན་བར་དུ་བཟླས། །དེ་ནས་ཐུན་མཚམས་མདུན་བསྐྱེད་མཆོད་བསྟོད་ནི། །ཨོཾ་སྭ་བྷ་ཝ༔ སྟོང་པའི་ངང་ལས་མདུན་དུ་པད་ཟླའི་སྟེང་། །མྱ་ངན་


CMR048_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཤིང་གི་ཡལ་ག་ནི། །ཏཱཾ་ཡིག་སེར་པོས་མཚན་པ་ཡོངས་གྱུར་ལས། །ལྷ་མོ་འོད་ཟེར་ཅན་མ་གསེར་གྱི་མདོག །ཞལ་གཅིག་ཞི་འཛུམ་ཐོར་ཚུགས་དབུ་རྒྱན་ཅན། །ཕྱག་གཉིས་ཁབ་སྐུད་གནོད་བྱེད་ཁ་མིག་ཚེམས། །དར་དཀར་སྨད་གཡོགས་རག་སྟོད་གཡོགས་སྔོ། །རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་རོལ་སྟབས་བཞུགས། །ཕོ་ཉ་མོ་བཞི་ལ་སོགས་འཁོར་གྱིས་བསྐོར། །དེ་ཡི་གནས་གསུམ་ཨོཾ་ཨཱཿཿཧཱུྃ་གསུམ་དང་། །ཐུགས་ཀར་ཟླ་སྟེང་ཏཱཾ་ཡིག་སྔགས་ཕྲེང་ལས། །འོད་འཕྲོས་ཡེ་ཤེས་པ་དང་དབང་ལྷ་རྣམས། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཧཱུྃ། ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ནས། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་འོད་ཟེར་ཅན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །འཐུག་པོ་བཀོད་དང་བདེ་ཅན་ཞིང་ཁམས་ནས། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་འོད་ཟེར་ཅན། །སྙིགས་མ་ལྔ་དུས་འབྱོན་པར་མི་འོས་ཀྱང་། །སྨོན་ལམ་ཐུགས་བསྐྱེད་དབང་གིས་འདིར་གཤེགས་ཤིག །ཡོངས་འདུས་ཤིང་དང་མྱ་ངན་མེད་ཤིང་ནས། །རིག་


CMR048_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལྷ་མོ་མཐུ་ཆེན་འོད་ཟེར་ཅན། །དེང་འདིར་ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །གློག་བཞིན་མྱུར་བའི་སྟོབས་ཀྱིས་འདིར་བྱོན་ཞིག །གསེར་མདོག་ཕག་དང་པདྨ་ཟླ་བའི་སྟེང་། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་མཱ་རི་ཙེ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དབང་ལྷས་དབང་བསྐུར་རྣམ་སྣང་དབུ་བརྒྱན་གྱུར། །ཧཱུཾ་ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །མཆོད་པའི་སྤྲིན་དང་དཀར་གསུམ་བདུད་རྩིའི་མཚོ། །ཨོཾ་ཨཱཿཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ཉེར་སྤྱོད་རྣམ་པ་བདུན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །བདག་ཅག་རྣམས་ཀྱི་ཉེར་མཁོ་ལོངས་སྤྱོད་ལ། །དགྲ་ཇག་ཆོམ་རྐུན་འཇིགས་ལས་སྐྱོབས་པར་མཛོད། །གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་ཡོན་ལྔ་། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །བདག་གི་འདོད་ཡོན་མཁོ་རྒུ་ལོངས་སྤྱོད་ལ། །དགྲ་ཇག་ཆོམ་རྐུན་འཇིགས་ལས་སྐྱོབ་པར་མཛོད། །གདུགས་དང་གསེར་ཉ་དུང་དཀར་པདྨ་དང་། །རིན་ཆེན་བུམ་པ་དཔལ་བེའུ་འཁོར་ལོ་སྟེ། །བཀྲ་ཤིས་རྟགས་བརྒྱད་ལྷ་མོའི་སྐུ་


CMR048_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབུལ། །བདག་ཅག་བཀྲ་ཤིས་བདེ་སྐྱིད་ལྡན་པར་མཛོད། །འཁོར་ལོ་ལ་སོགས་རྒྱལ་སྲིད་རིན་ཆེན་བདུན། །བློ་ཡིས་སྤྲུལ་ཏེ་ལྷ་མོ་ཁྱེད་ལ་འབུལ། བདག་དང་བདག་གི་བསྲུང་བྱ་ཐམས་ཅད་ཀུན། །རྒྱལ་པོའི་འཇིགས་པ་ཀུན་ལས་སྐྱབས་པར་མཛོད། །རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་ལྔ། །སྣ་ཚོགས་མཆོད་པ་དངོས་སམ་ཡིད་ཀྱིས་འབུལ། །ཚེ་རབས་ཀུན་ཏུ་མེ་ཆུ་རྒྱལ་པོའི་དགྲ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་པར་མཛོད། །གླིང་བཞི་ཉི་ཟླ་རི་རབ་གཞལ་མེད་ཁང་། །བློ་ཡིས་སྤྲུལ་ནས་ཡིད་ཀྱིས་ལེགས་བླངས་ནས། །དཔག་ཏུ་མེད་པའི་མཆོད་པས་མཆོད་ལགས་ན། །བདག་ཅག་ཡུལ་ཁམས་བཅས་པ་བསྐྱབ་ཏུ་གསོལ། །ཨོཾ་ཨ་ཀཱ་རོ༔ ཨོཾ་མཱ་རི་ཙེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། ཧཱུྃ་བྷོ༔ རྒྱལ་བའི་ཡུམ་མཆོག་ལྷ་མོ་འོད་ཟེར་ཅན། །སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་སྟོན། །རེས་འགའ་སེར་མོ་ཞལ་ལྔ་ཕྱག་བཅུ་མ། །རེས་འགའ་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ། །རེས་འགའ་དམར་མོ་ཞལ་དྲུག་བཅུ་གཉིས་ཕྱག །རེས་འགའ་དམར་མོ་ཞལ་གསུམ་ཕྱག་


CMR048_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མ། །རེས་འགའ་སེར་མོ་ལྗང་མོ་ཕྱག་གཉིས་མ། །སྣ་ཚོགས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་དང་། །སྣ་ཚོགས་ཞི་དང་ཁྲོ་དང་ཞི་མ་ཁྲོ། །སྣ་ཚོགས་འཇིག་རྟེན་སྐྱོང་དང་ཤིང་རྟ་དང་། །ཕག་དང་པད་ཟླ་ལ་སོགས་སྣ་ཚོགས་གདན། །ཡི་གེ་དྲུག་དང་བདུན་སོགས་སྣ་ཚོགས་སྔགས། །ཞི་རྒྱས་དབང་སོགས་སྣ་ཚོགས་ལས་གྲུབ་མ། །ལྷ་མོ་འཕྲུལ་མོ་ཆེ་ལ་བདག་བསྟོད་དོ། །བཀའ་ཡི་ཕོ་ཉ་ལྷ་མོ་ཕག་གདོང་བཞི། །ཁབ་སྐུད་ལ་སོགས་སྣ་ཚོགས་ཕྱག་མཚན་འཛིན། །གཙོ་མོའི་བཀའ་བཞིན་གང་བཅོལ་ལས་བསྒྲུབས་མ། །མྱུར་མགྱོགས་ཕྲིན་ལས་ཅན་ལ་བདག་གིས་བསྟོད། །གང་ཞིག་ལྷ་མོ་ཆེན་མོ་འོད་ཟེར་ཅན། །ཁྱོད་མིང་ཙམ་ཞིག་སུ་ཡིས་ཤེས་པ་དེ། །དགྲ་ཡི་དབང་དུ་འགྲོ་བར་མི་འགྱུར་ཞིང་། །ཆད་པས་བཅད་མེད་མགོ་བོ་བྲེག་ཏུ་མེད། །རྨོངས་པར་བྱར་མེད་མེ་ཡིས་བསྲེག་ཏུ་མེད། །བརྒག་ཏུ་མེད་ཅིང་བརྒལ་མེད་བཟུང་དུ་མེད། །དགྲ་དང་ཆོམ་རྐུན་ཕལ་པས་མཐོང་མི་འགྱུར། །ཞགས་པ་ལྕགས་སྒྲོག་དག་གིས་བཅིངས་མི་ནུས། །དེ་ལྟར་ནུས་ལྡན་ལྷ་མོ་མཆོག་ཁྱོད་ལ། །


CMR048_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཕྱག་འཚལ་མཆོད་ཅིང་བསྟོད་ལགས་ན། །བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་བཅས་ལ། །དགྲ་དང་ཆོམ་རྐུན་རྒྱལ་པོའི་འཇིགས་པ་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །མེ་ཆུ་གཡངས་ས་དུག་གི་འཇིགས་པ་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །ཕྱིར་རྒོལ་བ་དང་ཕྱི་ནང་འཁྲུག་རྩོད་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །སྟག་གཟིག་སེང་གེ་ལ་སོགས་གཅན་གཟན་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །ལམ་གྱི་དགྲ་དང་ཆོམ་རྐུན་ལམ་ངན་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །བཅིངས་བ་བཏེགས་བརྩོག་མགོ་བོ་བྲེག་པ་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །བསྲེག་དང་གཞུར་དང་ཆད་པས་བཅད་པ་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །དགག་དང་བཟུང་དང་བརྒལ་བའི་འཇིགས་པ་ལས། །སྐྱོབ་པར་མཛོད་ཅིག་ལྷ་མོ་འོད་ཟེར་ཅན། །དགྲ་ཇག་ཆོམ་རྐུན་གནོད་འཚེ་ཤོམ་རྣམས་ཀྱི། །ཁ་མིག་ཚེམ་པར་མཛོད་ཅིག་འོད་ཟེར་ཅན། །གསེར་མདོག་ཕག་ར་ཉི་ཟླའི་བྱ་སྐྱིབས་སུ། །བདག་དང་བསྲུང་


CMR048_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྲུང་ཞིང་སྦ་བར་མཛོད། །སྔོན་གྱི་དམ་ཚིག་ཐུགས་དམ་མ་གཡེལ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་མདུན་ཡེ་ཤེས་པ་རྣམས་རྟེན་ལ་ཐིམ། །དམ་ཚིག་པ་རྣམས་མི་དམིགས་སྟོང་པར་གྱུར། །འདི་ལྟར་འོད་ཟེར་ཅན་མ་བསྒྲུབ་པ་ཡི། །དགེ་བས་འགྲོ་ཀུན་འཇིགས་པ་ཀུན་བྲལ་ནས། །མྱུར་དུ་བཅོམ་ལྡན་གོ་འཕང་ཐོབ་པར་ཤོག །འཇིགས་པ་ཀུན་སྐྱོབ་བཀྲ་ཤིས་ཀུན་སྩོལ་མ། །ལྷ་མོ་འོད་ཟེར་ཅན་གྱི་བཀྲ་ཤིས་གང་། །དེང་འདིར་བདག་ཅག་རྣམས་ལ་འབྱུང་བར་ཤོག །ཅེས་བརྗོད་དེ་ནི་བསྙེན་པ་ཐུན་དང་པོ། ༈ །དེ་ནས་སྒྲུབ་པའི་ཐུན་ནི་གཉིས་པ་ལ། །སྐྱབས་འགྲོ་ནས་བཟུང་བསྙེན་པའི་བར་དུ་འདོན། །དེ་ནས་སྒྲུབ་པའི་དམིགས་པ་འདོན་བསྒོམ་བྱ། །བདག་དང་བསྲུང་བྱ་མ་ལུས་ཐམས་ཅད་ཀྱི། །ཕྱི་རོལ་གསེར་གྱི་མདོག་ཅན་ཕག་གི་ཚོགས། །ཁ་ཕྱིར་གྱུ་ནས་ཕག་སྐད་ངུར་སྒྲ་སྒྲོག །ཕག་གི་རེ་བ་སུམ་རིམ་བར་མཚམས་མེད། །སྟེང་འོག་ཨ་ལས་ཉི་ཟླའི་དཀྱིལ་འཁོར་གཉིས། །ཁ་ལེབ་ཞབས་སྡོམ་ལྟ་བུར་གྱུར་པའི་ནང་། །བསྲུང་བྱ་མི་ནོར་ཐམས་ཅད་ཚུད་པར་གྱུར། །ཟླ་བའི་སྟེང་འོག་གཉིས་སུ་ཉི་མ་གཉིས། །དེ་ལྟར་ཉི་


CMR048_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་ནང་དུ་རང་ཅག་གབ། །ཉི་ཟླའི་འོད་ཟེར་ཤིན་ཏུ་འབར་བ་ཡིས། །དགྲ་ཇག་རྐུན་པོས་ལྟ་བར་མི་བཟོད་པ། །མཐོང་བར་མི་ནུས་འོད་ཀྱིས་བསྒྲིབས་པར་གྱུར། །ཨོཾ་མཱ་རི་ཙི་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། ཞེས་པ་དགོང་ཀ་བར་དུ་འདོན་ཞིང་བསྒོམ། །དེ་ནས་སྔར་ལྟར་མདུན་བསྐྱེད་མཆོད་གཏོར་འབུལ། །ཐུན་བསྡུ་སླར་ཡང་དགོང་ཐུན་བཟུང་བ་ནི། །སྔར་ལྟར་བདག་བསྐྱེད་བསྙེན་པའི་བར་དུ་འདོན། །བསྙེན་པའི་བར་སྐབས་སྔགས་དང་དམིགས་པ་ནི། །རང་གི་སྐུ་ལས་སྤྲུལ་པའི་ལྷ་མོ་དང་། །རང་བཞིན་གནས་ནས་བྱོན་པའི་ལྷ་མོའི་ཚོགས། །འཇིག་རྟེན་ཁམས་ཀུན་མ་ལུས་ཐམས་ཅད་ཁྱབ། །ཀུན་ཀྱང་གསེར་མདོག་དར་དང་རིན་ཆེན་བརྒྱན། །གསེར་མདོག་ཕག་ལ་ཆིབས་ནས་རླུང་ལྟར་རྒྱུགས། །ཕྱག་ན་ཁབ་དང་སྐུད་པ་བསྣམས་ནས་ཀྱང་། །གནོད་བྱེད་དགྲ་ཇག་རྐུན་པོའི་ཁ་མིག་ཚེམས། །དགྲ་སྣ་རྐུན་སྣ་བར་ཆད་བཟློག་པར་གྱུར། །ཨོཾ་མཱ་རི་ཙེ། བད་ཏཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཥྛན་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཙཀྵ་མུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ། འདི་ནི་ཉི་ནུབ་མུན་ནི་རུབ་ཁ་བར། །བསྒོམ་ཞིང་


CMR048_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ནས་གོང་ལྟར་མདུན་བསྐྱེད་དང་། །མཆོད་བསྟོད་ཐུན་ནི་བསྡུ་ཚུལ་གོང་དང་འདྲ། །མུན་ནི་རུབ་ནས་རྒྱུན་གྱི་ཐུགས་དམ་དང་། །ཆག་མེད་ཐུགས་དམ་གང་ཡོད་རྒྱུན་བཞིན་བྱ། །དེ་ནས་སླར་ཡང་བསྙེན་པ་བྱེད་འདོད་ན། །སྐད་ཅིག་དམིགས་པ་བདག་བསྐྱེད་རྐྱང་པ་བསྒོམ། །དམིགས་པ་ཁོ་ན་བྱ་ཞིང་བསྙེན་པ་བྱ། །ཉལ་ཁ་ཡེ་ཤེས་རྟེན་བསྟིམ་དམ་ཚིག་པ། །མི་དམིགས་བྱ་བ་སྟོང་ཉིད་ངང་ལ་ཉལ། །སྦྲུལ་དང་སྤྲེའུ་བྱི་བ་བོང་བུ་དང་། །རྟ་དང་གླང་ཆེན་མ་ཧེ་དྲེད་དང་ཁྱི། །ཕན་ཚུན་འཐབ་དང་རང་ཉིད་སྐྲག་པ་རྨིས། །སྔགས་ནི་ད་རུང་གཉིས་འགྱུར་ལ་སོགས་བཟླས། །རྒྱ་མཚོ་བརྒལ་དང་རི་བོ་ལ་གནས་དང་། །སངས་རྒྱས་བྱང་སེམས་ལྷ་ཚོགས་མཇལ་བ་དང་། །བུད་མེད་གཞོན་བུ་མཛེས་མ་རྒྱན་ལྡན་དང་། །འོད་ཟེར་ཅན་མ་མཇལ་དང་ལུང་སྟོན་དང་། །དྲི་བཟང་འཐུལ་དང་མར་མེ་འཛིན་པ་དང་། །འགྲུབ་པའི་རྟགས་ཏེ་མཚན་མའི་བསྙེན་པའོ། །ཟླ་བ་དྲུག་གསུམ་མམ་ཉེར་གཅིག་ལ་སོགས་དང་། །འབུམ་ཕྲག་ཉེར་བཞི་ཡང་ན་བྱེ་ཆུང་གཅིག །ཐ་མ་དྲུག་འབུམ་བྱེ་བ་བཟླས་ཀྱང་འགྲུབ་པ་སྟེ། །འབྲུ་དྲུག་ཁོ་ན་ཡིན་ཀྱང་གསུམ་ཀ་བརྩི། །ཐུན་མགོ་རྣམས་སུ་ཕྱག་རྒྱས་བཅིངས་བར་བྱ། །ལག་གཉིས་ཐལ་སྦྱར་མཐེབ་ཆེན་ཅུང་ཟད་བཀུག །གུང་མོ་རྩེ་གཏུག་མཛུབ་མོ་གུང་མོ་སྦྱར། །ཟླུམ་པོ་རྣམ་རྒྱལ་བྱས་ལ་ལྟེ་བའི་ཐད། །ཕྱག་རྒྱ་དེ་བཞག་རྐང་པ་སྐྱིལ་ཀྲུང་བཅས། །དེ་ནི་ལས་ཀུན་འགྲུབ་པའི་ཕྱག་རྒྱ་ཡིན། །འགྲུབ་ན་གྲའུ་དབེན་པའི་ས་རུ་བཞག །འཇིགས་པ་ཆེ་སར་


CMR048_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་པ་བཟུང་ནས་འགྲོ། །སྐུད་པ་དཀར་པོར་ཉེར་གཅིག་མདུད་པ་སྔགས། །རྐུན་མའི་གནོད་པ་སྲུང་བར་འགྱུར་བ་སྟེ། །སྔགས་ནི་མགོ་ཡི་སྔགས་རིང་དེ་ཡིན་ནོ། །མདུད་པ་བྱེད་ཚེ་ལྷ་མོ་ཉིད་བསྒོམས་ནས། །དང་པོ་ཕྱག་རྒྱ་བཅིངས་བྱས་དེ་ཉིད་ནས། །དལ་བུས་རླུང་བཟུང་ལྕེ་ལ་སོ་མི་བསྐྱོད། །ཁ་མིག་བཙུམས་ནས་སྔགས་ནི་ཡིད་བཟླས་དང་། །བསྲུང་སྐུད་སྔགས་རེ་མདུད་པ་ཉེར་གཅིག་བར། །དབུགས་ནི་ཕྱི་རུ་མི་བཏང་གལ་ཆེའོ། །རང་ཉིད་འཇིགས་པ་ཆེ་དུས་ནངས་རེ་བྱ། །དེ་ལྟར་སྒྲུབ་ཐབས་དང་ནི་རྟོགས་པ་རྒྱུད། །རྒྱ་གཞུང་བསྟུན་ཏེ་རཱ་ག་ཨ་སྱས་བྲིས། །ཉེས་པ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ། །སྔགས་འདོན་ལུགས་ནི། ཨོཾ་མཱ་རི་ཙེ་སྭཱ་ཧཱ། །བསྙེན་སྔགས་སོ། །ཨོཾ་མཱ་རི་ཙེ་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་སྐྱོབས་ཤིག་སྭཱ་ཧཱ། སྒྲུབ་པའོ། །ཨོཾ་མཱ་རི་ཙུ། བད་ཏཱ་ལི། བ་དཱ་ལི། བ་རྭ་ལི། བཱ་རཱ་ཧ་མུ་ཁི། སརྦ་དུཏྟཾ་པྲ་དུཏྟཾ་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཙཀཱ་མུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ། ལས་སྦྱོར་རོ། །ཙེ་ཞེས་པའི་ཡེ་དེ་མགྱོགས་པར་ཀློག་དགོས། སྔགས་འདོན་ལུགས་བཀྲོལ་བྲིས་པའོ། །ཡིག་རྙིང་ལྟར་ཞལ་བཤུས་གྲུབ་བོ། །ཞུས་སོ།། ༧ ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་མོ་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མའི་སྒྲུབ་ཐབས་འདོན་སྒོམ་སྦྲག་པ་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བ།next