Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་དམིགས་རིམ་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་དམིགས་རིམ་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།next

ལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་དམིགས་རིམ་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།


CMR048_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་དམིགས་རིམ་ཟིན་བྲིས་འཇིགས་པ་ཀུན་སྐྱོབ་ཅེས་བྱ་བ་བཞུགས་པའི་དབུ་ཕྱོགས་སོ། །


CMR048_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་མདོག་ཕག་གི་ར་བ་སུམ་རིམ་ནང་། །ཉི་ཟླའི་གའུ་རིམ་པ་གསུམ་གྱི་དབུས། །རང་ཉིད་ཚྭ་ལས་འོད་ཟེར་ཅན་མ་སེར། །ཞི་འཛུམ་ཁབ་སྐུད་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །སྟོད་གཡོག་ཨོཾ་རག་སྔོན་པོ་ཤམ་ཐབས་དཀར། །སྣ་ཚོགས་རྒྱན་ལྡན་རྣམ་སྣང་དབུ་བརྒྱན་ཅན། །ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཀྱིས་རང་འདྲ་དཔག་མེད་སྤྱན་དྲངས་ཐིམ། །ལྷ་མོ་ཕག་ཞོན་གྲངས་མེད་འཇིག་རྟེན་གང་། །གནོད་བྱེད་དགྲ་བགེགས་ཁ་མིག་ཚིམ་པར་གྱུར། །དེ་ལྟར་མངོན་རྟོགས་དྲན་རྫོགས་གསལ་གདབ་ནས། །བསྙེན་པ་བསྲུང་བ་


CMR048_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་རྣམ་པ་གསུམ། །དམིགས་པ་སོ་སོར་རྩེ་གཅིག་བསྒོམ་ཞིང་བཟླས། །དང་པོ་རང་ཉིད་ལྷ་མོའི་སྐུར་གསལ་བའི། །ཐུགས་དབུས་ཟླ་སྟེང་ཚྭ་ཡིག་འགྲེང་སྟེ་གནས། །དེ་མཐར་སྙིང་པོ་འབྲུ་དྲུག་སྔགས་དེ་ནི། །མདུན་ནས་བརྩམས་ཏེ་ཡིག་ངོ་ནང་དུ་བསྟན། །གཡས་སུ་འཁོར་ནས་འཁོད་པ་གསལ་བཏབ་སྟེ། །དེ་ཉིད་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས། །དེ་ནས་སྔགས་ཕྲེང་དེ་ཉིད་མི་འཁོར་བར། །ཕྲེང་བའི་ཕྲེང་ལུང་བཞིན་དུ་འོད་སེར་པོ། །གཡོན་དུ་འཁོར་བར་དམིགས་ལ་བཟླས་པ་བྱ། །དེ་ནས་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན། །དེ་ནས་སྔགས་ཕྲེང་དང་པོ་དལ་བུས་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །དེ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་


CMR048_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སྐྲག་བསལ། །འོད་དེས་སངས་རྒྱས་ཀུན་མཆོད་ཐུགས་རྒྱུད་བསྐུལ། །སངས་རྒྱས་ཐམས་ཅད་འོད་ཟེར་ཅན་མའི་སྐུར། །གྱུར་ནས་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །ཁྱད་པར་ཨོ་རྒྱན་ཡུལ་དང་རྒྱ་གར་ན། །མྱ་ངན་མེད་པའི་ཤིང་གི་སྡོང་པོ་ནས། །འོད་ཟེར་ཅན་མ་དཔག་ཏུ་མེད་པ་བྱོན། །བདག་ལ་ཐིམ་པས་མཐུ་སྟོབས་བྱིན་རླབས་ཐོབ། །ཨོཾ་མཱ་རཱི་ཙེ་སྭཱ་ཧཱ། དེ་ལྟར་བཟླ་བ་འདི་ཡི་སྒྲུབ་པ་ཡིན། །འདི་ཡི་སྒྲུབ་པ་རྩེ་གཅིག་བྱེད་ན་ནི། །དུས་ཀྱི་བསྙེན་པ་ཟླ་གཅིག་གམ་ཉེར་གཅིག་བྱ། །གྲངས་ཀྱི་བསྙེན་པ་འབུམ་ཕྲག་དྲུག་ཡིན་ནོ། །བཞི་འགྱུར་བཟླས་ན་ངེས་པར་འགྲུབ་པར་འགྱུར། །རྟགས་ནི་ཆུ་བོ་ཆེ་ལས་བརྒལ་བ་དང་། །རི་བྲག་བཙན་ཞིང་ཆེ་བའི་སར་འདུག་དང་། །བུད་མེད་གཞོན་ནུ་མཛེས་མར་འཕྲད་པ་དང་། །ལྷ་མོ་ཉིད་དང་སངས་རྒྱས་བྱང་སེམས་མཇལ། །དེ་དག་ཉམས་དང་རྨི་ལམ་སྐབས་སུ་འབྱུང་། །དངོས་སུ་དྲི་ཞིམ་སྣ་ཚོགས་བྲོ་བ་དང་། །མར་མེ་འཛིན་ནམ་མེ་ལྕེ་སྔར་བས་རིང་། །དེ་དག་འགྲུབ་པའི་རྟགས་ནི་ཡིན་པར་གསུངས། །གལ་ཏེ་སྦྲུལ་དང་སྤྲེའུ་བྱི་ལ་དང་། །བོང་བུ་རྟ་དང་གླང་པོ་མ་ཧེ་དང་། །དྲེད་དང་ཁྱི་སོགས་ཕན་ཚུན་འཐབས་པ་དང་། །གཞན་ཡང་རང་ཉིད་འཇིགས་སྐྲག་བྱུང་རྨིས་ན། །ད་རུང་སྔགས་ནི་ཉིས་འགྱུར་བཟླ་དགོས་གསུངས། །འདི་ཡི་ཐུན་མཚམས་དཀར་གསུམ་གཏོར་མ་བཤམས། །ཨ་ཀཱ་རོ་ཡི་སྔགས་ཀྱིས་བྱིན་བརླབས་ནས། །རྩ་སྔགས་བ་ལི་ཁཱ་ཧི་བཏགས་ལ་འབུལ། །ཡིད་ཀྱིས་ལྷ་མོ་སྤྱན་དྲངས་མདུན་དུ་


CMR048_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ལྗགས་ཀྱི་འོད་ཟེར་སྦུ་གུ་གཏོར་མར་ཟུག །བདུད་རྩི་དྲངས་ཤིང་གསོལ་བས་མཉེས་པར་བསྒོམ། །སྤྲོ་ན་རབ་འབྱམས་རྒྱ་མཚོ་སོགས་ཀྱིས་མཆོད། །མེད་ན་ཨརྒྱུ་ལ་སོགས་སྔགས་མཆོད་ཆོག །སྤྲོ་ན་སྤྱི་བསྟོད་རྒྱས་བསྡུས་གང་རུང་བྱ། ༈ གང་གིས་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་སྐྱོབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །གཏོར་མགྲོན་རྟེན་ལ་ཐིམ་མམ་གཤེགས་པར་དམིགས། །དེ་ལྟར་བསྙེན་པ་ཐེམས་ནས་སྲུང་བ་ནི། །ཕག་རྒོད་སེར་པོ་འཇིགས་ཤིང་ཡ་ང་བ། ཁ་གདངས་མཆེ་གཙིགས་ཟེ་བ་གྱེན་དུ་ལངས། །ཁ་ཕྱིར་བལྟས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོག །དེ་འདྲའི་ར་བ་གྲུ་བཞི་སུམ་རིམ་སྟེ། །གཅིག་ཐོག་གཅིག་རྩག་རི་བོ་ཙམ་དུ་མཐོ། །དེ་ནང་ཟླ་བ་འོག་དང་ཉི་མ་སྟེང་། །ཉི་མའི་འོད་ཟེར་འབར་ཞིང་ཚ་བ་དེས། །སུས་ཀྱང་བལྟ་བར་མི་བཟོད་མིག་ཚིག་པར། །དེ་ནང་ཉི་མ་གཡས་དང་ཟླ་བ་གཡོན། །གའུ་ཁ་སྦྱོར་ཁ་འགྲིགས་གྱེན་དུ་ལངས། །དེ་ནང་ཉི་མ་འོག་དང་ཟླ་བ་སྟེང་། །གའུ་ཁ་སྦྱོར་ཡངས་ཤིང་རྒྱ་ཆེ་བ། །དེ་དབུས་རང་ཉིད་ལྷ་མོའི་སྐུར་གསལ་བའི། །གཡས་གཡོན་མདུན་རྒྱབ་བསྲུང་བྱ་མི་ནོར་ཚུད། །ཉི་ཟླ་སུམ་རིམ་ཤིན་ཏུ་འོད་ཆེ་བས། །གནོད་བྱེད་ཀུན་གྱི་མིག་བསྒྲིབས་བལྟར་མི་ཟུག །བསྲུང་བྱ་ཐམས་ཅད་དེ་ནང་གབ་པ་ལ། །རང་ཉིད་ལྷ་མོས་ཐུགས་རྗེས་སྐྱོབས་པར་


CMR048_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །ཨོཾ་མཱ་རཱི་ཙླི་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། དེ་ནི་སྔ་དྲོ་བསྲུང་བའི་དམིགས་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་འོད་ཟེར་ལས། །སྤྲུལ་པའི་ལྷ་མོ་བྱེ་བ་དུང་ཕྱུར་ཚོགས། །ཀུན་ཀྱང་ཕག་རྒོད་སེར་པོ་འབྲོང་གཡག་ཙམ། །རླུང་ལྟར་ཕྱོགས་བཅུར་རྒྱུག་པ་ཆིབས་སུ་ཆིབས། །རྡོ་རྗེ་ཕ་ལམ་རྒྱུ་ལས་གྲུབ་པ་ཡི། །རྣོན་པོ་ཁབ་དང་སྐུད་པ་མཉེན་མོ་ཐོགས། །གནོད་ཅིང་འཚེ་བའི་དགྲ་ཇག་ཆོམ་རྐུན་གྱི། །མིག་རྣམས་ཚེམས་པས་གནོད་པའི་ནུས་པ་བྲལ། །སྐུར་འདེབས་ཚིག་ངན་མི་ཁ་སྐྱོན་རྣམས་ཀྱི། །ཁ་རྣམས་ཐུབ་པས་སྨྲ་བའི་ནུས་པ་བྲལ། །དེ་ལྟར་བསྒོམ་ཞིང་སྔགས་རིང་འདི་ཉིད་བཟླས། །ཨོཾ་མཱ་རཱི་ཙེ་བཱད་ཏ་ལི། བཱ་ད་ལི། བཱ་ར་ལི། བཱ་རཱ་ཧཱ་མུ་ཁི༔ སརྦ་དུཎྞཾ་པྲ་དུཏྟཾ་གནོད་བྱེད་དགྲ་ཇག་ཆོམ་རྐུན་གཅན་གཟན་རྣམས་ཆེ་མོ་སྐབས་སུ་གང་བབ་སྦྱར། ཙཀྵ་མུ་ཁཾ་བན་བན་སྭ་ཧཱ། །དེ་ཡིས་ཇག་རྐུན་བཅིང་བའི་མཆོག་ཏུ་གྱུར། །མི་ཁ་སྲུང་བའི་ཐབས་ཀྱང་དེ་ཟབ་བོ། །སྒྲུབ་པ་བྱེད་ན་བྱེད་ལུགས་དེ་ལྟར་ཏེ། །སྔོན་དུ་སྒྲུབ་པ་གྲུབ་བམ་མ་གྲུབ་ཀྱང་། །གཞུང་ལྟར་མངོན་རྟོགས་བསྒོམས་པར་བྱས་ནས་ཀྱང་། །སྔགས་ཚན་གསུམ་པོ་ཅི་ནུས་རིམ་བཞིན་བཟླས། །འཇིགས་སྐྲག་མེད་ཅིང་བདེ་བའི་སྐབས་སུ་ནི། །བསྙེན་པའི་སྔགས་དང་དམིགས་པ་ཅི་ནུས་བྱ། །འཇིགས་སྐྲག་དོགས་པ་ཡོད་ན་བར་མ་མང་། །རྐུན་དོགས་ལ་སོགས་ཤིན་ཏུ་སྐྲག་


CMR048_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས། །སྔགས་རིང་དེ་ཉིད་ཅི་ནུས་མང་བར་བཟླ། །དེ་ནི་དྲིལ་སྒྲུབ་རྒྱུན་ཁྱེར་ཞེས་བྱ་ཡིན། །གལ་ཏེ་བསྙེན་སྒྲུབ་ལ་སོགས་ལོང་མེད་པར། །དགྲ་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །འཕྲལ་དུ་ཉེས་བརྒྱུད་ཅི་བྱ་གཏོལ་མེད་ན། །མཚམས་བསྡམས་གྲུབ་ན་ལེགས་ཤིང་མ་གྲུབ་ཀྱང་། །དམིགས་པ་གསལ་བ་སྔགས་ཚན་གསུམ་པོ་རྣམས། །སྟོང་ཕྲག་རེའམ་ཡང་ན་བརྒྱ་ཕྲག་རེ། །བཟླས་རྗེས་སླར་ཡང་མངོན་རྟོགས་ཝིག་སྟེ་འདོན། །དེ་ལྟར་རྩེ་གཅིག་མ་ཡེངས་འབད་པ་ན། །རྣམ་སྨིན་མཐོང་ཆོས་མྱོང་གྱུར་མ་གཏོགས་པའི། །འཇིགས་པ་གང་ཡང་མི་སྐྱོབས་སྲིད་མི་འགྱུར། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་ཡི། །འོད་ཟེར་ཅན་གྱི་གཟུངས་དང་རྟོགས་པ་ནི། །བྱ་བའི་རྒྱུད་ཀྱི་ཁོང་དུ་གཏོགས་ན་ཡང་། །རྡོ་རྗེ་གུར་སོགས་གསར་མའི་བླ་མེད་རྒྱུད། །ལྷ་མོ་དངོས་གྲུབ་བསྟན་གཟིགས་ལ་སོགས་པ། །རྙིང་མའི་རྒྱུད་སྡེ་རྣམས་ནས་མང་དུ་གསུངས། །རྡོར་ཕྲེང་ནང་དུ་དཀྱིལ་འཁོར་རྒྱས་པ་ཡོད། །སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ཀ་ནས། །ཞལ་ཕྱག་མང་པོ་རིགས་ཀྱང་དུ་མ་ཡོད། །གནམ་ཆོས་དགོངས་གཏེར་གཉིས་ནས་འབྱུང་བ་དང་། །གསར་རྙིང་རྒྱུད་གཞུང་ཀུན་གྱི་དོན་བསྡུས་ཏེ། །རྒྱུན་ཁྱེར་ཉམས་ལེན་ཚིག་ཉུང་དོན་ཟབ་ཡིན། །འདི་ཉིད་ཉམས་སུ་བླངས་བའི་ཕན་ཡོན་ཀྱང་། །ནད་རྣམས་ཐམས་ཅད་མེད་པར་གྱུར་པ་དང་། །རིམས་རྣམས་ཐམས་ཅད་མེད་པར་འགྱུར་བ་དང་། །དགྲ་དང་རྒྱལ་པོའི་ཆད་པ་ལ་སོགས་པས། །བཙོན་དུ་བཟུང་དང་


CMR048_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱིགས་དང་ལྕགས་སུ་བཅུག །ཆད་པ་གཅོད་དང་མགོ་བོ་བྲེག་པ་དང་། །མེ་ལ་བསྲེགས་དང་ཆུ་རུ་བསྐུར་བ་དང་། །དུག་དང་མཚོན་གྱིས་གསོད་པར་བྱེད་པ་སོགས། །དགྲ་ཡི་གནོད་པ་གང་ཡང་འབྱུང་མི་འགྱུར། །ཇག་རྐུན་གཅན་གཟན་ཐམས་ཅད་བཅིངས་པའི་མཆོག །ནོར་དང་ལོངས་སྤྱོད་ལ་སོགས་འཕེལ་བ་དང་། །ངེས་པར་མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །མནན་པ་སྦྱིན་སྲེག་ལ་སོགས་མང་གསུངས་ཀྱང་། །ཉེ་བར་མཁོ་བའི་ལས་ཚོགས་གཅིག་བརྗོད་པ། །བལ་གཙང་སྲུང་སྐུད་དཀར་པོ་རིང་བ་ལ། །རང་ཉིད་ལྷ་མོའི་བསྐྱེད་རིམ་བསྒོམས་བྱས་ལ། །མིག་བཙུམས་ཁ་དང་ལྕེ་སོགས་དམ་དུ་བསྡམས། །སྔགས་རིང་དེ་ཉིད་ཡིད་ཀྱིས་བཟླ་བྱ་ཞིང་། །སྲུང་སྐུད་མདུད་པ་ཉེར་གཅིག་མ་ཚར་བར། །མིག་གིས་མི་བལྟ་དབུགས་ཀྱང་ཕྱིར་མི་གཏང་། །མདུད་པ་རེ་ལ་ལྷ་མོ་རེ་རེ་བསྒོམ། །ཚར་ནས་ཕུ་བྱ་སྔགས་རིང་མང་དུ་བསྔགས། །རྟ་དྲེལ་ལ་སོགས་གང་ལ་བཏགས་པ་དེས། །ཇག་རྐུན་བསྲུང་བའི་མཆོག་ཏུ་འགྱུར་བར་གསུངས། །དེ་བཞིན་ཤིན་ཏུ་འཇིགས་ཤིང་སྐྲག་པའི་སར། །ཕག་གི་ར་བ་ཉི་ཟླ་སོགས་བསྒོམ་ཞིང་། །སྔགས་རིང་དེ་ཉིད་རྩེ་གཅིག་བཟླ་བཞིན་དུ། །ལག་པ་གཉིས་པོ་ཐལ་མོ་སྦྱར་བྱས་ཏེ། །ཁ་ཕྱེ་མཐེབ་ཆེན་གཉིས་པོ་ཅུང་ཟད་བཀུག །གུང་མོ་གཉིས་པོ་རྩེ་མོ་ཕན་ཚུན་རེག །སྲིན་མཛུབ་གཉིས་པོ་གུང་མོ་ལ་སྦྱར་ཏེ། །ཟླུམ་པོའི་རྣམ་པར་སྨིན་པའི་ཕྱག་རྒྱ་དེ། །རང་ཉིད་སྐྱིལ་ཀྲུང་བྱས་པའི་ལྟེ་བར་གཏུག །དེ་ནས་སྔགས་རིང་དམིགས་པ་དང་བཅས་


CMR048_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དགྲ་ཡི་ནང་དུ་སོང་ཡང་མི་མཐོང་ཞིང་། །གལ་ཏེ་མཐོང་ཡང་གནོད་པར་མི་འགྱུར་གསུངས། །རང་ཉིད་བསྲུང་བ་སྔགས་དང་ཕྱག་རྒྱ་དེ། །གཞན་གྱི་སྲུང་བ་སྲུང་སྐུད་དེ་ཡིན་ནོ། །འདི་ལས་ཟབ་པའི་དགྲ་ཆིངས་རྐུན་ཆིངས་ནི། །ཐུབ་པའི་ཞལ་ནས་གསུངས་པ་མེད་ངེས་སོ། །གྲྭ་པ་ཕྱོགས་བཅུར་རྒྱུ་བ་རྣམས་ཀྱི་དོན། །རཱ་ག་ཨ་སྱས་ཐུན་མཚམས་གཅིག་ལ་སྨྲས། །ཤཱཀྱའི་དགེ་ཚུལ་པདྨ་ཐབས་མཁས་ཀྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །དགེ་བས་འགྲོ་བ་མ་ལུས་ཀུན་སྐྱོབ་ཤོག །དགེའོ། དགེའོ། དགེའོ།། ༈ ལས་བཞིའི་འཁོར་ལོའི་རྒྱུད་ཕྱི་མ་ལས། དུས་ངན་ཐ་མ་བྱུང་བའི་ཚེ། །ལྷ་མོའི་ནང་ནི་འོད་ཟེར་ཅན། །འཕགས་པའི་ནང་ན་འཇམ་དཔལ་ཉིད། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ལ་མ་ཡིན་ནོ། །ཞེས་གསུངས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་དམིགས་རིམ་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།next