Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།next

ལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།


CMR048_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་ཟིན་བྲིས་འཇིགས་པ་ཀུན་སྐྱོབས་བཞུགས། ཨཱཿ༔ གསེར་མདོག་ཕག་གི་ར་བ་གསུམ་རིམ་ནང་། །ཉི་ཟླ་གའུ་རིམ་པ་གསུམ་གྱི་དབུས། །རང་ཉིད་མཱ་ལས་འོད་ཟེར་ཅན་མ་སེར། །ཞི་འཛུམ་ཁབ་སྐུད་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །སྟོད་གཡོགས་ཨང་རག་སྔོན་པོ་ཤམ་ཐབས་དཀར། །སྣ་ཚོགས་རྒྱན་ལྡན་རྣམ་སྣང་དབུ་རྒྱན་ཅན། །ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཀྱི་རང་འདྲ་དཔག་མེད་སྤྱན་དྲངས་བསྟིམ། །ལྷ་མོ་ཕག་ཞོན་གྲངས་མེད་འཇིག་རྟེན་གང་། །གནོད་བྱེད་དགྲ་བགེགས་ཁ་མིག་ཚེམས་པར་གྱུར། །ཨོཾ་མཱ་རཱི་ཙེ་སྭཱ་ཧཱ། ཅི་ནུས་བཟླས། ཨོཾ་མ་རི་ཙེ་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། དེ་ནི་སྲུང་བའི་དམིགས་པ་ཡིན་པའོ། །ཨོཾ་མཱ་རཱི་ཙེ། བཱད་ཏ་ལི། བ་དཱ་ལི། བཱ་ར་ལི། བཱ་རཱ་ཧཱ་མུ་ཁཾ། སརྦ་དུཏྠ་པྲ་དུན། གནོད་བྱེད་དགྲ་ཇག་ཆོམ་རྐུན། གཅན་གཟན་ནམ་རྒེ་སྐབས་སུ་གང་བབ་སྦྱར། སརྦ་ཙཀར་མུ་ཁཾ་བྷནྡྷ་བྷན་སྭཱ་ཧཱ། དེ་ནི་དགྲ་རྐུན་འཆིང་བའི་མཆོག་ཏུ་འགྱུར། །མི་ཁ་སྲུང་བའི་ཐབས་ཀྱང་དེ་ཟབ་བོ། །སྒྲུབ་པ་སྔོན་དུ་གྲུབ་བམ་མ་གྲུབ་ཀྱང་། །གཞུང་


CMR048_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མངོན་རྟོགས་བསྒོམས་པར་བྱས་ནས་སུ། །སྔགས་ཚན་གསུམ་པོ་རིམ་བཞིན་ཅི་ནུས་བཟླས། །འཇིགས་སྐྲག་མེད་ཅིང་བདེ་བའི་སྐབས་སུ་ནི། །བསྙེན་པའི་སྔགས་དང་དམིགས་པ་ཅི་ནུས་བྱ། །འཇིགས་སྐྲག་གནོད་པ་ཡོད་ན་བར་མ་མང་། །རྐུན་དོགས་ལ་སོགས་ཤིན་ཏུ་སྐྱག་པ་ན། །སྔགས་རིང་དེ་ཉིད་ཅི་ནུས་མང་བར་བཟླས། །དེ་ནི་དྲིལ་སྒྲུབ་རྒྱུན་ཁྱེར་བྱ་བ་ཡིན། །གལ་ཏེ་བསྙེན་སྒྲུབ་ལ་སོགས་ལོང་མེད་ན། །དགྲ་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །འཕྲལ་དུ་ཉེ་བརྒྱུད་ཅི་བྱ་གཏོལ་མེད་ན། །དམིགས་པ་གསལ་བས་སྔགས་ཚན་གསུམ་པོ་རྣམས། །སྟོང་ཕྲག་རེའམ་ཡང་ན་བརྒྱ་ཕྲག་རེ། །བཟླས་རྗེས་སླར་ཡང་མངོན་རྟོགས་ཝིག་སྟེ་འདོན། །དེ་ལྟར་རྩེ་གཅིག་མ་ཡེང་འབད་པ་ན། །འཇིགས་པ་གང་ཡང་མི་སྐྱོབ་སྲིད་མི་འགྱུར། །འདི་ཉིད་ཉམས་སུ་བླང་བའི་ཕན་ཡོན་ཀྱང་། །ནད་རིམས་ཐམས་ཅད་མེད་པར་འགྱུར་བ་དང་། །དགྲ་དང་རྒྱལ་པོའི་ཆད་པ་ལ་སོགས་པ། །དུག་དང་མཚོན་གྱིས་གསོད་པར་བྱེད་པ་སོགས། །དགྲ་ཡི་གནོད་པ་གང་ཡང་འབྱུང་མི་འགྱུར། །ཇག་རྐུན་གཅན་གཟན་འཇིགས་པ་ཀུན་ལས་སྐྱོབས། །ཚེ་དང་ལོངས་སྤྱོད་ལ་སོགས་འཕེལ་བ་དང་། །ངེས་པར་མཆོག་གི་དངོས་གྲུབ་ཐོབ་པར་གསུངས། །འདི་ལས་ཟབ་པའི་གདམས་ངག་གཞན་ལ་མེད། །ཐུབ་པའི་ཞལ་ནས་གསུངས་པ་མེད་ངེས་སོ། །གྲྭ་པ་ཕྱོགས་བཅུར་རྒྱུ་བ་རྣམས་ཀྱི་དོན། །རཱ་ག་ཨ་སྱས་ཐུན་མཚམས་གཅིག་ལ་སྨྲས། །ཤཱཀྱའི་དགེ་སློང་པདྨ་མཐར་ཕྱིན་གྱིས། །ལག་པ་རླུང་གི་རྟ་


CMR048_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་ནས་བྲིས། །དགྲ་རྐུན་གཅན་གཟན་འཇིགས་ཀུན་སྐྱོབས་པར་ཤོག །མངྒ་ལཾ།།


previousལྷ་མོ་འོད་ཟེར་ཅན་གྱི་རྒྱུན་ཁྱེར་ཟིན་བྲིས་འཇིགས་པ་ཀུན་སྐྱོབས།next