Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཇ་མཆོད་གར་དབང་མི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཇ་མཆོད་གར་དབང་མི་ཟིན་བྲིས།next

ཇ་མཆོད་གར་དབང་མི་ཟིན་བྲིས།


CMR048_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་མཆོད་གར་དབང་མི་ཟིན་བྲིས་བཞུགས་སོ།། ༈ གུ་རུ་པཱུ་ཛ་ཧོ། གསང་སྔགས་རྙིང་མའི་སྐབས་སུ་ཇ་འདི་ནི། །ཅུང་ཟད་ཡོད་ཀྱང་བསྐོལ་སྲོལ་མ་བྱུང་བས། །ཇ་མཆོད་ཅེས་པ་དར་བར་མ་བྱུང་ངོ་། །ཕྱི་དར་གསར་མའི་སྐབས་སུ་ཇ་བསྐོལ་དར། །སངས་རྒྱས་གཉིས་པ་ཇོ་བོ་ལྷ་གཅིག་ཕེབས། །འབྲོམ་དང་ནག་ཚོ་ལོཙྪས་ཇ་དྲངས་ཏེ། རིན་ཆེན་འབྲུག་རྒྱབ་ཡིད་འོང་དམ་པ་དེར། །བློ་གསལ་ལྕེ་བདེ་འགྲོ་ན་མགྱོགས་པ་ཡི། །དཔག་བསམ་ཤིང་གི་བཅུད་རྣམས་ལེགས་བསྡུས་ཏེ། །བླ་མ་ཁྱེད་ལ་མཆོད་པ་འདི་འབུལ་ལོ། །ཞེས་ཞུས་དྲངས་བས་ཇོ་བོ་རབ་ཏུ་མཉེས། །དམར་སེར་འཇམ་དབྱངས་མདོག་ཅན་འདི་ཉིད་ནི། །བོད་ཀྱི་བསོད་ནམས་སྟོབས་ལས་གྲུབ་གསུངས་བཞེས། །དེ་ཕྱིར་ཇ་ཡི་མཆོད་པ་དར་བ་ཡིན། །དེ་བཞིན་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །ལོངས་སྤྱོད་འཁོར་ལོ་སྒོ་གསུམ་ཚིམ་བྱེད་ཅིང་། །ཆོས་ཀྱི་འཁོར་ལོ་སྔོན་ཆེད་བློ་གྲོས་འཆང་། །ཞེས་སོགས་ཇ་ལ་བསྟོད་པ་ཇ་མཆོད་མཛད། །དུས་གསུམ་སངས་རྒྱས་ཐམས་ཅད་མཆོད་པ་བས། །བླ་མའི་བ་སྤུ་ཉག་མཆོད་ལྷག་གསུངས་པས། །དཀའ་བས་བཙལ་ཞིང་དཀོན་པས་བསྒྲུབས་པ་ཡི། །


CMR048_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་ཡི་ཕུད་ཀྱིས་བླ་མ་མཆོད་པ་ན། །བསོད་ནམས་ཚོགས་ཆེན་རྫོགས་པར་ཐེ་ཚོམ་མེད། །རྒྱུད་གཞུང་རྣམས་ནས་དངོས་སུ་མ་གསུངས་ཀྱང་། །དྲི་ཆབ་ཅེས་བྱའི་དོན་ནི་ཇ་ལ་འཐུས། །དྲི་ཆབ་ཅེས་བྱའི་དྲི་བཟང་སྤོས་ཆུ་སྟེ། །ཇ་ཡང་དྲི་བཟང་ཤིང་གི་སྤོས་ཆུ་ཡིན། །རྒྱ་ནག་སྟོང་ཀུན་ཡུལ་དུ་སྐྱེས་པའི་ཕྱིར། །འཇམ་དཔའི་དབྱངས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། །ཇ་འཐུང་ལྕེ་བདེ་ཤེས་རབ་རིག་པ་གསལ། །མཆོད་པའི་རྫས་ནི་གོང་ཐོར་ཆེ་བཞིན་དུ། །བསོད་ནམས་ཆེ་ཕྱིར་ཇ་འདི་གོང་ཐང་ཆེ། །དེ་ཕྱིར་ཇ་ཡི་ཕུད་མཆོད་བསོད་ནམས་ཆེ། །མཆོད་པ་འབུལ་དུས་མདུན་གྱི་མཁའ་གསུངས་པ། །མདུན་གྱི་ནམ་མཁའི་དབྱིངས་ནི་མཐོན་པོ་ན། །ཁྱུང་གིས་བཏེག་པའི་པདྨ་ཟླ་བའི་སྟེང་། །གར་དབང་རྡོ་རྗེ་འཆང་ཆེན་སྐུ་མདོག་དམར། །རྡོ་རྗེའི་སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་བསྣམས། །ལོངས་སྤྱོད་རྫོགས་སྐུ་འོད་ཟེར་འབར་བར་བསྒོམས། །དེ་འོག་མུ་ཏིག་སྟར་ལ་བརྒྱུས་པ་བཞིན། །སྐྱེས་རབས་ཕྲེང་བ་ཐོ་བརྩེགས་སྒོམ་པ་སྟེ། །མི་ལའི་སློབ་མ་བལ་པོ་གཞོན་ནུ་བ། །རས་དཀར་ན་བཟའ་གྲུབ་ཐོབ་ཆ་ལུགས་ཅན། །དེ་འོག་དྭགས་པོའི་སློབ་མ་ཚུལ་


CMR048_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་པ། །དུས་གསུམ་མཁྱེན་པའི་ཉེ་གནས་ནམ་མཁའ་འོད། །ཀརྨ་པཀཱིའི་སློབ་མ་བཀྲ་ཤིས་གྲགས། །གསུམ་པོ་དགེ་སློང་ཆ་ལུགས་དྭགས་ཞུ་ཅན། །དེ་འོག་ན་རིམ་བདུན་པོ་ཆ་ལུགས་མཐུན། །དགེ་སློང་ཆ་ལུགས་ཞྭ་དམར་གསེར་མདོངས་ཅན། །ཀུན་ཀྱང་ཕྱག་ཀུན་ཆོས་འཆད་མཉམ་བཞག་མཛད། །དམ་ཡེ་དབྱེར་མེད་དྲན་རྫོགས་གསལ་བཏབ་སྟེ། །ཇ་ཞལ་ཡེ་ཤེས་ཀ་པཱ་ལ་ཡི་ནང་། །ཇ་ནི་ཟག་མེད་བདུད་རྩིར་གྱུར་པ་ལ། །ཕུད་རླངས་མཆོད་པའི་སྤྲིན་གྱིས་མཆོད་པར་བསྒོམ། །གསོལ་བ་འདེབ་སོ་བྱིན་གྱིས་རླབས་ཟེར་དུས། །གཅིག་ལ་གཅིག་ཐིམ་སྤྲུལ་སྐུ་འོག་མར་ཐིམ། །བདག་སོགས་གདུལ་བྱ་ཟེར་བའི་ཚིག་གི་སྐབས། །ཚུར་བྱོན་རང་གི་སྙིང་གི་དཀྱིལ་དུ་བཞུགས། །དེ་དོན་མི་བསྐྱོད་རྗེས་མཛད་ཇ་མཆོད་ལས། །རྡོ་རྗེའི་ལུས་མཆོག་དཀྱིལ་འཁོར་དག་པའི་དབུས། །བདུད་རྩི་སྒྲ་ཅན་རྒྱས་པའི་སྙིང་ཁ་དེར། །མི་ཤིག་གནས་པའི་དཔལ་ལྡན་ཀརྨ་པ། །འཆི་བ་མེད་པར་བཞུགས་དེར་ལེགས་བསམ་གསུངས། །དེ་ཕྱིར་ཇ་ཉིད་འཐུང་བའི་དུས་ཀྱི་ཚེ། །སྙིང་གའི་བླ་མ་མཆོད་པའི་དམིགས་པས་བཏུང་། །བླ་མ་མཆོད་པས་སྐུ་ལུས་གཟི་མདངས་རྒྱས། །


CMR048_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་ཡེ་ཤེས་བདུད་རྩིས་རྒྱུན་བབས་པས། །བདག་གི་ལུས་ཀུན་ལྟེམ་གྱིས་གང་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་བསྒོམ། །བདུད་རྩིའི་དགའ་སྟོན་འགྱེད་ཅེས་བྱ་བ་དང་། །དངོས་གྲུབ་སྩོལ་ཞེས་བྱ་བའི་དོན་ཡིན་ཏེ། །དེ་ནས་བླ་མ་འོད་ཞུ་རང་ལ་ཐིམ། །རང་སེམས་བླ་མ་དབྱེར་མེད་ངོ་བོ་ལྟ། །མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་དེ། །ཕྱི་དུས་མི་འགྱངས་དེ་མ་ཐག་ཏུ་འཆར། །འདི་ལྟར་ཇ་ནི་བཟང་བའི་ཉིན་རེ་བཞིན། །ཇ་མཆོད་མ་ཆག་དམིགས་པ་འདི་ཟིན་ན། །དོན་ལ་བླ་མ་མཆོད་པ་ཆག་མེད་ཡིན། །བསོད་ནམས་བསགས་ཐབས་བྱེ་བ་གྲངས་མེད་ཀྱང་། །བླ་མ་མཆོད་ལས་ལྷག་པ་མེད་གསུངས་ཕྱིར། །བླ་མ་ལ་ཡང་རྣམ་གྲངས་མང་མོད་ཀྱི། །ཨོ་རྒྱན་རྗེ་དང་མི་ལ་རས་ཆེན་སོགས། །ཀརྨ་པ་ཡི་ན་རིམ་ཐམས་ཅད་ཀྱིས། །འོད་དཔག་མེད་ཀྱི་སྤྲུལ་པར་ལུང་བསྟན་ཅིང་། །ན་རིམ་རྣམས་ཀྱིས་ཡིན་པར་ཞལ་གྱིས་བཞེས། །དེ་ཕྱིར་ཞྭ་དམར་ཅོད་པན་འཛིན་མཆོད་པ། བདེ་བ་ཅན་དུ་སྐྱེ་བའི་ས་བོན་ཡིན། །དེ་ཕྱིར་འོད་དཔག་མེད་དངོས་ཡིན་ཕྱིར་རོ། །རཱ་ག་ཨ་སྱས་གྲྭ་པ་རྣམས་ལ་གདམས། །མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད་པའོ།། །།


previousཇ་མཆོད་གར་དབང་མི་ཟིན་བྲིས།next