Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
སྒ་ལོའི་བླ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒ་ལོའི་བླ་སྒྲུབ།next

སྒ་ལོའི་བླ་སྒྲུབ།


CMR048_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། །བདག་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །རྩ་བའི་བླ་མ་རྒྱལ་བ་སྲས་དང་བཅས། །དབྱེར་མེད་ངོ་བོ་དཔལ་ཆེན་སྒ་ལོ་ཙཱ། །དགེ་སློང་ཆ་ལུགས་ཆོས་གོས་པཎ་ཞྭ་ཅན། །སྐུ་སྟོད་གཅེར་བུར་སྒོམ་ཐག་དམར་པོས་བརྒྱན། །ཞལ་གཅིག་ཁྲོ་འཛུམ་སྤྱན་གསུམ་ནམ་མཁར་གཟིགས། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །འཇའ་འོད་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས། །སྐུ་ཡི་ནང་དབུས་རྩ་གསུམ་འཁོར་ལོ་ལྔ། །སྤྱི་བོར་བདེ་མཆོག་ཡབ་ཡུམ་དཀར་པོ་ལ། །སྐུ་ཡི་དཔའ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར། །མགྲིན་པར་གསུང་གི་བདེ་མཆོག་དམར་པོ་ལ། །གསུང་གི་དཔའ་བོ་མཁའ་འགྲོ་བརྒྱད་ཀྱིས་བསྐོར། །ཐུགས་ཀར་ཐུགས་ཀྱི་བདེ་མཆོག་མཐིང་ཁ་ལ། །ཐུགས་ཀྱི་དཔའ་བོ་མཁའ་འགྲོ་བརྒྱད་ཀྱིས་བསྐོར། །ལྟེ་བར་བདེ་བ་ཆེན་པོ་འཁོར་ལོ་སྡོམ། །སྙིང་པོ་མ་བཞི་སྒོ་མཚམས་བརྒྱད་ཀྱིས་བསྐོར། །གསང་བར་ཡེ་ཤེས་མགོན་པོ་ཡབ་ཡུམ་ལ། །བྱ་སེང་ཡུམ་དང་ལེགས་ལྡན་མཁའ་འགྲོ་བརྒྱད། །དབུ་གཙུག་རྡོ་རྗེ་འཆང་ཆེན་བཀའ་བརྒྱུད་ཚོགས། །ཐམས་ཅད་གསལ་སྟོང་མེ་ལོང་


CMR048_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལྟར་གསལ། །འོག་མིན་གནས་དང་ཡུལ་ཆེན་ཉེར་བཞི་ནས། །རྩ་བརྒྱུད་བླ་མ་ཡི་དམ་ཆོས་སྐྱོང་ཚོགས། །ཁ་བ་བུག་ཡུག་བཞིན་དུ་བྱོན་ནས་ཐིམ། །འཻ། རྡོ་རྗེ་འཆང་ཆེན་བཀའ་བརྒྱུད་ཀྱི་བླ་མ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས་ཤིག །བྱིན་རླབས་མཆོག་གི་དངོས་གྲུབ་གནོང་མཛོད། །འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛོད། །བྱ་རོག་མཚན་ཅན་ཆོས་སྐྱོང་སྲུང་མ། །གསོལ་བ་འདེབས་སོ་མཐུ་སྟོབས་དཔུང་བསྐྱེད། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབ་མཛོད། །ཨོ་རྒྱན་ཐུགས་སྤྲུལ་དཔལ་ཆེན་སྒ་ལོ། །བླ་མ་ཀུན་འདུས་ཁྱེད་རང་མཁྱེན་ནོ། །བདེ་མཆོག་ངོ་བོ་དཔལ་ཆེན་སྒ་ལོ། །ཡི་དམ་ཀུན་འདུས་ཁྱེད་རང་མཁྱེན་ནོ། །ཡེ་ཤེས་མགོན་པོ་དངོས་སྤྲུལ་སྒྲ་ལོ། །ཆོས་སྐྱོང་ཀུན་འདུས་ཁྱེད་རང་མཁྱེན་ནོ། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས་ཤིག །འཆི་མེད་ཚེ་ཡི་དངོས་གྲུབ་གནོང་མཛོད་ཅིག །ངག་ལ་གསུང་གི་བྱིན་གྱིས་རློབས་ཤིག །བདེན་ཚིག་ནུས་མཐུ་འགྲུབ་པར་མཛོད་ཅིག །སེམས་ལ་ཐུགས་ཀྱི་བྱིན་གྱིས་རློབས་ཤིག །ཕྱག་


CMR048_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག །དེ་ལྟར་བླ་མ་རྒྱང་འབོད་བྱས་པ་ཡིས། །དཔལ་ཆེན་སྒ་ལོའི་སྐུ་ཡི་དཀྱིལ་འཁོར་ལས། །བདུད་རྩིའི་རྒྱུན་བབ་ཚངས་པའི་ལམ་ནས་ཞུགས། །སྒྲིབ་བཞི་དག་ཅིང་དབང་བཞི་རྫོགས་པར་ཐོབ། །སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་མཛོད། །ཨོཾ་ཨཱཿཿགུ་རུ་ཀུ་མ་ར་ཤྲི་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་བསྙེན་པ་ཅི་ནུས་བྱ། དེ་ནས་བླ་མ་སྐུ་ཡི་ལྷ་ཚོགས་བཅས། །འོད་ཞུ་རང་ལ་ཐིམ་པས་དབྱེར་མེད་འདྲེས། །རང་སེམས་སྤྲོས་བྲལ་འོད་གསལ་རྗེན་པར་བུད། །ཡེངས་བ་མ་ཡིན་འདི་བསྒོམ་གཏད་སོ་མེད། །རང་སེམས་མ་བཅོས་རང་བབ་ལྷོད་ལ་བཞག །ཐ་མལ་ཤེས་པ་རང་རིག་རྗེན་པ་འདི། །དམ་ཆོས་ཕྱག་རྒྱ་ཆེན་པོ་ཨེ་མ་ཧོ། །འདི་ལྟར་བླ་སྒྲུབ་བྱས་པའི་དགེ་བ་འདིས། །འགྲོ་ཀུན་ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་དྲུང་འཚོ་བ་ཀུན་དགའ་བསྟན་པ་རྒྱ་མཚོ་ཞེས་པས་བསྐུལ་ནས། དཔལ་སྒ་ལོ་ཙཱའི་སྒྲུབ་གནས་གྲུབ་ཆེན་དེ་ཉིད་ཀྱི་མཆོད་རྟེན་དང་ཉེ་བ་ཚངས་གསར་གཟིམ་ཁང་དུ་འཕྲལ་དུ་བྲིས་པས་ཀུན་ལ་ཕན་པར་གྱུར་ཅིག །ཨ་རཱ་ག་རིན་པོ་ཆེའི་ཕྱག་བྲིས་ཡིག་ཆ་ལས་དག་པར་ཞལ་བཤུས་སོ།། །།


previousསྒ་ལོའི་བླ་སྒྲུབ།next