Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གསོལ་འདེབས་ལེའུ་བདུན་པའི་དམིགས་རིམ་ལོ་རྒྱུས་ཕན་ཡོན་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས་ལེའུ་བདུན་པའི་དམིགས་རིམ་ལོ་རྒྱུས་ཕན་ཡོན་དང་བཅས་པ།next

གསོལ་འདེབས་ལེའུ་བདུན་པའི་དམིགས་རིམ་ལོ་རྒྱུས་ཕན་ཡོན་དང་བཅས་པ།


CMR048_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལེའུ་བདུན་པའི་དམིགས་རིམ་ལོ་རྒྱུས་ཕན་ཡོན་དང་བཅས་པ་བཞུགས་སོ།


CMR048_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པྲ་ཝཱ་ཀ་རཱ་ཡེ། དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ། །ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ནས། །ལེའུ་བདུན་མའི་དམིགས་རིམ་ཞལ་ཤེས་བྲི། །ཆོས་བདག་ཌཱཀིས་བཀའ་ཡི་གནང་བ་སྩོལ། །དེ་ལ་དང་པོ་ལོ་རྒྱུས་ཟུར་ཙམ་བཤད་པ་ནི། ཨ་ཏི་བཀོད་པའི་རྒྱུད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་གནས་ཕུན་སུམ་ཚོགས་པ་བདེ་བ་ཅན་གྱི་ཞིང་ཁམས་ན། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་འོད་དཔག་མེད་ལ། འཁོར་ཕུན་


CMR048_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་པདྨ་རིགས་ཀྱི་སེམས་དཔའ་དང་སེམས་མ་གྲངས་མེད་པས་བསྐོར་ནས་བཞུགས་པའི་ཚེ། འཇིག་རྟེན་གྱི་དཔའ་བོ་དང་ཌཱཀི་རྣམས་ཀྱི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ་འབྱོན་པར་གསོལ་བ་བཏབ་པས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀའི་འོད་ཟེར་སངས་རྒྱས་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་སྟེ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ལ་ཡི་གེ་ཧཱུྃཡིས་མཚན་པ་ཞིག་འཕྲོས་ནས། བདེ་བ་ཅན་གྱི་ཞིང་ཁམས་ཀྱི་ལྷོ་ནུབ་འོ་མ་ཅན་གྱི་མཚོ་ལ་ཐིམ་པས། པད་སྡོང་གི་རྩེ་ནས་གུ་རུ་སྐུ་ལྔ་ཐོད་ཕྲེང་རྩལ་སྡེ་


CMR048_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཚུལ་དུ་འཁྲུངས་སོ། །དེར་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་སྣང་བ་མཐའ་ཡས་ལ་སྤྲུལ་པ་དེའི་ལོ་རྒྱུས་གསུངས་བར་ཞུས་པས། གུ་རུ་ཆོས་སྐུར་སྒྲུབ་པའི་རྒྱུད་བརྒྱ་རྩ་བརྒྱད། ལོངས་སྐུར་སྒྲུབ་པའི་རྒྱུད་བརྒྱ་རྩ་བརྒྱད། སྤྲུལ་སྐུར་སྒྲུབ་པའི་རྒྱུད་བརྒྱ་རྩ་བརྒྱུད་རྣམས་བསྡུས་པའི་རྒྱུད། སྤྱི་རྒྱུད་པད་སྡོང་བརྩེགས་པ། སྐུ་རྒྱུད་ཤེལ་གྱི་རི་བོ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས། ཡོན་ཏན་རྒྱུད་བསྟན་པའི་སྲོག་ཤིང་། ཕྲིན་ལས་རྒྱུད་སྤུ་གྲི་རེག་གཅོད། གུ་རུ་དྲག་པོར་སྒྲུབ་པའི་རྒྱུད་དྲེགས་པའི་སྙིང་འབྱིན་དང་བདུན་བཀའ་སྩལ་པ་རྣམས། སྤྱན་རས་གཟིགས་ཀྱིས་བཀའ་ཡི་བསྡུ་བ་བྱས་ནས། མཁའ་འགྲོ་གསང་བ་ཡེ་ཤེས་ལ་གཏད་དེ། གསང་བ་ཡེ་ཤེས་མཁའ་འགྲོས་འཛམ་བུ་གླིང་དུ་གདན་དྲངས་ནས། རི་བོ་པོ་ཊ་ལ་ཡི་ལྷོ་ནུབ་བྲག་ཕུག་མཱ་ར་ཏི་ཀར་གཏེར་དུ་སྦས་སོ། །དེ་ནས་ཐོད་ཕྲེང་སྡེ་ལྔའི་སྤྲུལ་པ་དབུས་ཕྱོགས་རྣམ་སྣང་གངས་ཆེན་མཚོའི་ཕྱོགས་སུ་བཞུགས་པའི་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་པད་འབྱུང་བྱེ་བ་ཕྲག་བརྒྱ། ཤར་ཕྱོགས་རྡོ་རྗེ་གངས་ཆེན་མཚོ་ལ་སོགས་པ། ཕྱོགས་བཞི་ན་རིགས་བཞིའི་གངས་ཆེན་མཚོ་བཞིའི་


CMR048_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ན་གནས་པའི་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཚན་བཞིན་ཡང་པད་འབྱུང་བྱེ་བ་ཕྲག་བརྒྱ་ཚན་བཞིར་སྤྲུལ་ནས་འགྲོ་དོན་མཛད་དོ། །དེ་བཞིན་དུ་འགྲོ་བ་རིགས་དྲུག་དེ་སྙེད་དུའང་པད་འབྱུང་རེ་རེ་སྤྲུལ་ནས་འགྲོ་དོན་མཛད་དེ། དེ་ཐམས་ཅད་ཐུགས་རྒྱུད་ངོ་བོ་ནི་གཅིག་ཡིན་ནོ། །དེ་ལ་འཛམ་བུ་གླིང་འདིར་འགྲོ་དོན་མཛད་ཚུལ་ལའང་ཕྱི་ནང་གསང་བ་ཡང་གསང་བཞིར་ཡོད་དེ། ཕྱི་ལྟར་ལྷོ་ནུབ་རྔ་ཡབ་གླིང་གི་ཚུར་མཐའ། ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕར་མཐའི་བར་དེར་རྒྱ་མཚོས་ཆོད་ནས་ཡོད་པའི་གཙང་ལག་གཅིག །ཨོ་རྒྱན་ཡུལ་དྷ་ན་ཀོ་ཤའི་གླིང་དུ་བརྐྱངས་ནས་ཡོད་པ་དེར་པད་སྡོང་ལ་སྐུ་འཁྲུངས་ནས། ཨོ་རྒྱན་ཡུལ་གྱི་རྒྱལ་པོ་ཞིག་གི་བུ་ཚབ་མཛད་པ་ལ། བློན་པོའི་བུ་བཀུམས་པས་རྒྱལ་པོས་སྤྲུགས། །རབ་ཏུ་བྱུང་ནས་རིག་གནས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ། བསྟན་བཅོས་མང་དུ་བརྩམས་ནས། ནཱ་ལེནྡྲའི་པཎྜི་ཏ་བདུན་བརྒྱ་ལ་གཟིགས་སུ་ཕུལ་བས། ཐམས་ཅད་ཀྱིས་ཕྱག་འཚལ་ཞབས་སྤྱི་བོར་བླངས་ནས་ཁྱོད་ཀྱི་གསུངས་རྣམས་སྟོན་པའི་བཀའ་དང་ཁྱད་པར་མི་འདུག་པས། མདོ་རྒྱུད་ཀྱི་ལུང་འདྲེན་སོགས་བཤད་པའི་ཡན་ལག་གཞན་མི་


CMR048_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་འདུག །ཅེས་ཞུས་པས་མཚན་པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེ་ཞེས་གྲགས། དེ་ནས་རྒྱ་གར་ནུབ་ཕྱོགས་ཀྱི་དུར་ཁྲོད་དུ་སྒྲུབ་པ་མཛད་པས་མཆོག་གི་དངོས་གྲུབ་ཐོབ་ནས་མཚན་པདྨ་བཛྲ་ཞེས་གྲགས་ཏེ། བདེ་མཆོག་ཕྲེང་བའི་རྒྱུད་ནས་ལུང་བསྟན་པའི་གྲུབ་ཆེན་བརྒྱད་ཀྱི་ཡ་གྱལ། ད་ལྟ་བླ་མེད་དཀྱིལ་འཁོར་ནུབ་ཕྱོགས་ཀྱི་དུར་ཁྲོད་དུ་བཞུགས་པའི་གྲུབ་ཆེན་དེ་ཡིན་ལ། རྒྱ་གར་དུ་དབྱར་ལོ་དགུན་ལོ་ཞེས་པ། དབྱར་དགུན་རེ་ལ་ལོ་རེར་བརྩི་སྲོལ་ཡོད་པའི་ལུགས་ཀྱིས་ལོ་སུམ་སྟོང་བཞེས་རྒྱབ་བོད་དུ་བྱོན་ནས། བསམ་ཡས་བཞེངས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། དེ་ནས་བོད་ཀྱི་རྒྱལ་པོའི་དབང་ཞུས་ནས་དབང་ཡོན་དུ་རྒྱལ་པོའི་བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་འབུལ་དགོས་གསུངས་པས། བློན་པོ་རྣམས་མ་དད་ནས། པཎྜི་ཏ་འདི་རྒྱ་བལ་གྱི་མི་འདོད་པ་ཅན་ཞིག་འདུག །ཧ་ཅང་མཐུ་དང་རྫུ་འཕྲུལ་ཆེ་དྲག་རྒྱལ་སྲིད་འཕྲོག་དོགས་ཡོད་ཟེར་ནས། གསེར་མང་པོ་བསྡུས་ནས་ཕུལ་ཏེ་རྒྱ་གར་དུ་འབྱོན་པར་ཞུས་པས། བློན་པོ་རྣམས་ཀྱི་སྣང་ངོར་བོད་དུ་ལོ་བཅུ་གཉིས་ལས་མ་བཞུགས་པར་རྒྱ་གར་དུ་བྱོན་ཏེ། ཕྱིའི་རྣམ་ཐར་ལས་མ་དག་པ་རྣམས་ཀྱི་སྣང་ངོར་ཡིན་


CMR048_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ནང་ལྟར་ན་པད་སྡོང་ལ་སྐུ་འཁྲུངས། རྒྱ་དཀར་ནག་ལི་ཡུལ་སོགས་སུ་བསྟན་པ་དང་སེམས་ཅན་རྣམས་ཀྱི་དོན་རྒྱ་ཆེན་པོ་མཛད་དེ། མཆོག་གི་མཚན་བརྒྱད་དང་། སྤྲུལ་པའི་མཚན་བཞི་བཅུ་སོགས་སུ་གྲགས་ནས། ལོ་ཧྲིལ་པོ་སུམ་སྟོང་དྲུག་བརྒྱ་བཞེས་ནས་བོད་དུ་བྱོན། ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་བསམ་ཡས་བཞེངས་པ་དང་། གཏེར་ཁ་བྱེ་བ་སྦས་ནས་བོད་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཏེ་སྲིན་པོའི་ཁ་གནོན་དུ་བྱོན། དེ་ནི་ལས་ཅུང་ཟད་དག་པའི་སྣང་ངོར་ཡིན་ནོ། །གསང་བ་ལྟར་ན་པདྨ་འབྱུང་གནས་ཟེར་བ་དེ། གཞན་རང་རྒྱུད་པ་ཞིག་མ་ཡིན་ཏེ་སངས་རྒྱས་སྣང་བ་མཐའ་ཡས་ཞེས་ཀྱང་བྱ། འོད་དཔག་ཏུ་མེད་པ་ཞེས་ཀྱང་བྱ། ཚེ་དཔག་མེད་ཅེས་ཀྱང་བྱ་བ་དེ་ཉིད་དངོས་ཡིན་ལ་བདེ་བ་ཅན་གྱི་ཞིང་ཁམས་ནས་སྤྲུལ་པ་དེ་བྱ་བབ་པ་ལྟར། ཨོ་རྒྱན་ཡུལ་གྱི་པད་སྡོང་རྩེར་བྱོན་ནས། དེ་ཉིད་དུ་མཁའ་འགྲོ་མ་རྣམས་ལ་རྒྱུད་སྡེ་མཐའ་ཡས་པ་ཞིག་གསུངས་ནས། སླར་གནས་ཉི་ཤུ་རྩ་བཞི་སོགས་གནས་ཆེན་རྣམས་སུ། རང་བཞིན་གྱི་དཀྱིལ་འཁོར་དངོས་སུ་སྤྲུལ་ནས། བྱང་ཆུབ་སེམས་དཔའ་དང་དཔའ་བོ་ཌཱཀི་རྣམས་ལ་རྒྱུད་སྡེ་དཔག་ཏུ་མེད་པར་


CMR048_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་གཏེར་དུ་སྦས་སོ། །རྒྱ་བོད་ཀྱི་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་རྟ་མགྲིན་དམར་ནག་དང་། གུ་རུ་དྲག་པོ་རིགས་ལྔ་དང་། ཆེ་མཆོག་ཧེ་རུ་ཀ་དང་། རྡོ་རྗེ་གཞོན་ནུ་སོགས་ཁྲོ་བོའི་སྐུར་བཞེངས་ནས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ། དེ་ནས་སྐུ་དངོས་སྲིན་པོའི་ཁ་གནོན་མཛད་ཀྱང་སྤྲུལ་པ་ནི་ཡར་མར་གྱི་ཚེས་བཅུ་དང་ནང་ནུབ་རྒྱུན་དུ་བོད་ལ་བྱོན་ཅིང་། དད་པ་ཅན་ལ་བྱིན་གྱིས་བརླབ་ཅིང་དངོས་གྲུབ་སྩོལ་བ་དང་། དུས་ཕྱིས་གསར་དུ་ལྷ་འདྲེ་སྐྱེས་པ་རྣམས་ཀྱང་དམ་ལ་འདོགས་པར་མཛད་དེ། གསང་བའི་རྣམ་ཐར་འདི་ལས་དག་པ་རྣམས་ཀྱི་སྣང་ངོར་ལགས་སོ། །ཡང་གསང་དེ་ཁོ་ན་ཉིད་ལྟར་ན། སྣང་སྲིད་འཁོར་འདས་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུ་གསང་ཐུགས་ཀྱི་ཡེ་ནས་ཁྱབ་པར་བཞུགས་པས་སྐྱེ་འཆི་དང་། འདས་གྲོང་དང་། གཤེགས་བཞུད་མི་མངའ་སྟེ། དག་པ་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་ལགས་སོ། །ངེས་པ་ཁོ་ནར་མདོ་ཡི་སྟོན་པ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཡིན་ཅིང་། སྔགས་ཀྱི་སྟོན་པ་སྤྲུལ་སྐུ་པདྨ་འབྱུང་གནས་ཡིན་པའི་ཕྱིར། ཉིད་ཀྱི་གསུང་རྣམས་རྒྱུད་ཚིག་རྡོ་རྗེའི་གསུང་ཡིན་


CMR048_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྒྱུད་གཞན་ལ་བརྟེན་ནས་མཛད་མི་དགོས་ནའང་། གདུལ་བྱ་ཐེ་ཚོམ་ཅན་རྣམས་དྲང་བའི་ཕྱིར་དུ། བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེའི་རིག་འཛིན་སྒྲུབ་དུས། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས་གཏེར་སྒོ་ཕྱེས་ནས། སྔར་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་གསུངས་པའི་རྒྱུད་དེ་རྣམས་ཆོས་བདག་པོ་ལ་སྤྲད་པའི་ཚུལ་གྱིས་ཨོ་རྒྱན་ལ་གཏད་དེ། སངས་རྒྱས་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར་རོ། །དེ་ནས་རྒྱུད་དེ་དག་ལ་བརྟེན་ནས་གུ་རུ་ཉིད་ཀྱིས་སྒྲུབ་ཐབས་དཔག་ཏུ་མེད་པར་མཛད་དེ། རྒྱ་གར་དང་བལ་ཡུལ་བོད་ཁ་བ་ཅན་དུ་གཏེར་ཁ་བྱེ་བ་ས་ཡ་སྦས་ནས། མ་འོངས་ལས་ཅན་རྣམས་ཀྱིས་རིམ་པར་བཏོན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་ལུང་བསྟན་དང་བཅས་པ་སོ་སོར་མཛད་དོ། །དེ་ལྟར་གུ་རུ་ཉིད་ཀྱི་སྒྲུབ་ཐབས་གྲངས་མེད་པ་དེ་ཐམས་ཅད་ཚུར་བསྡུ་ན་བཞིར་འདུས་ཏེ། ཕྱི་གསོལ་འདེབས་ལ་བརྟེན་ནས་བླ་མ་ལྟར་སྒྲུབ་པ་དང་། ནང་བསྐྱེད་རིམ་སྔགས་བཟླས་པ་ལ་བརྟེན་ནས་མ་ཧཱ་ཡོ་ག་ལྟར་སྒྲུབ་པ་དང་། གསང་བ་རྩ་རླུང་ཐིག་ལེ་ལ་བརྟེན་ནས་ཨ་ནུ་ཡོ་ག་ལྟར་སྒྲུབ་པ་དང་། ཡང་གསང་རྫོགས་པ་ཆེན་པོ་ལ་བརྟེན་


CMR048_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨ་ཏི་ཡོ་ག་ལྟར་སྒྲུབ་པ་དང་བཞིའོ། །དེ་ཡི་ནང་ནས་ཕྱི་གསོལ་བ་འདེབས་པ་ལ་བརྟེན་ནས་སྒྲུབ་པའི་ཐབས་ལེའུ་བདུན་པ་འདི་ཡང་གཏེར་ཁ་མང་ཞིག་ཏུ་སྦས་པ་ལས། པདྨ་གླིང་པས་གཅིག་བཏོན་པ་ལྷོ་མོན་ངོས་སུ་ཅུང་ཟད་དར་ཏེ་འགྲོ་དོན་ཆུང་། འདི་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་སྐྱེ་བ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་ཆོས་སྐལ་ཡིན་ཏེ། ཟང་ཟང་ལྷ་བྲག་དང་། བྲག་རི་དུག་སྦྲུལ་སྤུངས་འདྲ་སོགས་ནས། བསེ་སྒྲོམ་སྨུག་པོ་དང་། དུང་སྒྲོམ་དཀར་པོ་དང་། གསེར་སྒྲོམ་སེར་པོ་དང་། མཆོང་སྒྲོམ་དམར་པོ་དང་། གཡུ་སྒྲོམ་ལྗང་གུ་སྟེ་གཏེར་གྱི་སྒྲོམ་ཆེན་པོ་ལྔ་བྱུང་བ་བཏོན་པའི་ནང་ནས། རྫོགས་ཆེན་དགོངས་པ་ཟང་ཐལ། བླ་མ་བཀའ་བརྒྱད། གུ་རུ་དྲག་མཐིང་། རྒྱལ་བརྔན་ཆེན་མོ་ལ་སོགས་པ་ཆོས་སྐོར་དཔག་ཏུ་མེད་པ། བྲམ་ཟེ་སྐྱེ་བདུན་གྱི་ཤ །འབྲས་མོ་ལྗོངས་སོགས་གནས་ཆེན་མང་པོའི་གནས་ཡིག །ཨོ་རྒྱན་ཡབ་ཡུམ་དབུ་ལོ་ན་བཟའ་སྐུ་འདྲ་སོགས་དཔག་ཏུ་མེད་པ་གཏེར་ནས་བཏོན། དེ་དུས་རི་ཁྲོད་བ་བཟང་པོ་གྲགས་པས་ལེའུ་བདུན་མ་གཏེར་ནས་ཐོན་པ་ཆོས་བདག་རིག་འཛིན་རྒོད་ལྡེམ་ཅན་ཡིན་པས་གཏེར་ཤོག་ཁོང་ལ་ཕུལ། རྒྱལ་པོ་ཁྲི་སྲོང་ལྡེའུ་


CMR048_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱི་གདུང་རྒྱུད་གཙང་ལ་སྟོད་བྱང་པ་ཆོས་རྒྱལ་ཚང་གིས་སྦྱིན་བདག་བྱས་པས་འགྲོ་དོན་རྒྱས་ཏེ། དབུས་གཙང་ཁམས་ཐམས་ཅད་དུ་ཁོང་གི་གཏེར་ཆོས་རྒྱས་པར་གྱུར་ཏེ། མཐར་དཔོན་སློབ་དགུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འབྲས་མོ་ལྗོངས་སུ་བྱོན་ནས། གནས་ཀྱི་གདའ་ལུགས་ཀྱི་ཡི་གེ་བྱ་རྒོད་གྱི་སྐེ་ལ་བཏགས་ནས་ལན་གཉིས་བསྐུར། དཔོན་སློབ་རྣམས་གནས་དེ་ནས་མཁའ་སྤྱོད་དུ་གཤེགས་སོ། །དུས་ཚོད་ནི་རྗེ་རིན་པོ་ཆེའི་སྐུ་ཚེའི་སྟོད་ཙམ་ལ་ཡིན་ནོ། །དེ་ལྟར་ཁུངས་བཙུན་པའི་གསོལ་འདེབས་འདི་ལའང་། ཕྱི་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་གསོལ་བ་འདེབས་པ། ནང་བླ་མ་ཞི་ཁྲོ་རབ་འབྱམས་སུ་གསོལ་བ་འདེབས་པ་དང་། གསང་བ་རིག་འཛིན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས་པ། ཟངས་མདོག་དཔལ་གྱི་རི་ཡི་ཞིང་བཀོད་ལ་བརྟེན་ནས་གསོལ་བ་འདེབས་པ། རྣམ་ཐར་རྗེས་སུ་དྲན་པའི་སྒོ་ནས་གསོལ་བ་འདེབས་པ། ངོ་བོ་དྲན་པའི་སྒོ་ནས་གསོལ་བ་འདེབས་པ། ཐུགས་རྗེ་བྱིན་རླབས་དྲན་པའི་སྒོ་ནས་གསོལ་བ་འདེབས་པ་དང་བདུན་ནོ། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ཀྱང་ལེགས། བསྡུ་ན་སྐྱབས་འགྲོ་ནི་གསོལ་འདེབས་རང་གི་


CMR048_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཐུས། སེམས་ཅན་ཐམས་ཅད་ཚེ་རབས་མང་པོའི་ཕ་མ་ཤ་སྟག་ཡིན་པས། དུས་རྟག་ཏུ་རིགས་དྲུག་གི་སྡུག་བསྔལ་ལས་ཐར་དུས་མེད་པའི་སྙིང་རེ་རྗེ། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ། བདག་གིས་དཀོན་མཆོག་ཀུན་འདུས་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པར་བྱའོ་སྙམ་པའི་སེམས་བསྐྱེད་ལ། ༈ རང་གི་སྤྱི་གཙུག་ཁྲུ་གང་ཙམ་གྱི་སྟེང་དུ་པདྨ་འདབ་དྲུག་དང་ཟླ་བའི་གདན་ལ། ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་པད་ཞྭ་ཆོས་གོས་ཟབ་བེར་ཅན་གཞུང་ལྟར་བསྒོམ། འདབ་མ་དྲུག་ལ་གཡས་སུ་ཁྲི་སྲོང་ལྡེའུ་བཙན་དང་མུ་ཁྲི་བཙན་པོ་གཉིས་རྒྱལ་པོའི་ཆ་ལུགས་དར་དམར་གྱི་ལ་ཐོད་ཅན། གཡོན་དུ་ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་ཆ་ལུགས་ཅན་དང་རྡོ་རྗེ་བདུད་འཇོམས། རྒྱབ་ཏུ་ནམ་མཁའི་སྙིང་པོ་པཎ་ཞྭ་ཆོས་གོས་ཅན། མདུན་དུ་རིག་འཛིན་རྒོད་ལྡེམ་ཅན་སྨུག་ནག་རྣལ་འབྱོར་པའི་ཆ་ལུགས་ཅན་སྤྱི་བོར་རྒོད་སྒྲོ་སྐྱེས་པ། ཨོ་རྒྱན་གྱི་སྤྱི་གཙུག་ཏུ་བླ་མ་ལོངས་སྐུ་ཚེ་དཔག་མེད་དམར་པོ། ཡུམ་ཚེ་ཡི་ལྷ་མོ་ཙཎྜ་ལཱི་དམར་མོ་ཚེ་མདའ་དང་ཚེ་བུམ་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་ཀྱི་དཔྲལ་བར་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་དཀར་པོ།


CMR048_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་སྣང་བ་མཐའ་ཡས་ཚེ་དཔག་མེད་ཡབ་ཡུམ་དམར་པོ། ཐུགས་ཀར་མི་བསྐྱོད་པ་ཚེ་དཔག་མེད་ཡབ་ཡུམ་མཐིང་ག །ལྟེ་བར་རིན་འབྱུང་ཚེ་དཔག་མེད་ཡབ་ཡུམ་སེར་པོ། གསང་གནས་སུ་དོན་གྲུབ་ཚེ་དཔག་མེད་ཡབ་ཡུམ་ལྗང་གུ། ཐམས་ཅད་མཉམ་བཞག་གི་སྟེང་དུ་ཚེ་བུམ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེ་ཡིས་བརྒྱན་པ། ལོངས་སྐུའི་སྤྱི་གཙུག་ཏུ་བླ་མ་ཆོས་སྐུ་རྡོ་རྗེ་འཆང་མཐིང་ནག་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་མཚོ་རྒྱལ་དཀར་མོ་གཅེར་བུ་གྲི་ཐོད་ཅན་ཡབ་ལ་འཁྱུད་པ། དེ་གསུམ་ཀའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བསྒོམས་ལ། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ༔ ཞེས་པ་ནས། པདྨ་སིདྡྷི་ཧཱུྃ༔ གི་བར་དུ་གསོལ་བ་བཏབ་པས། བླ་མ་སྐུ་གསུམ་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་ནས། རང་གི་དཔྲལ་བར་ཐིམ་པས་ལུས་


CMR048_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲིབ་པ་དག་ནས། སྐུའི་བྱིན་རླབས་དང་དངོས་གྲུབ་ཐོབ། མགྲིན་པའི་ཨཱཿཋལས་འོད་ཟེར་དམར་པོ་འཕྲོས་ནས་རང་གི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག་ནས་གསུང་གི་བྱིན་རླབས་དང་དངོས་གྲུབ་ཐོབ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་ནས་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ནས་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསྒོམ་མོ། །དེ་ནས་ཆོས་སྐུ་ལོངས་སྐུ་ལ་ཐིམ་ལོངས་སྐུ་སྤྲུལ་སྐུ་ལ་ཐིམ། འཁོར་རྣམས་གཙོ་བོ་ལ་ཐིམ། གཙོ་བོ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས། ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དམ་ཆུ་ལ་ཆུ་ཐིམ་པ་ལྟར་གྱུར་པས་རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་སྐུ་གསུམ་ཡོངས་རྫོགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསྒོམ་མོ། །དམིགས་པ་དེ་རྣམས་སྒོམ་ཚེ་བཛྲ་གུ་རུ་འདོན་པར་བྱའོ། །དེ་ནི་སྐུ་གསུམ་ཐོ་བརྩེགས་སུ་བསྒོམས་ནས་བྱིན་རླབས་ཞུ་བ་སྟེ། ལེའུ་དང་པོའི་བསྒོམ་བྱ་ཟབ་བོ། །ཨྠྀི།། །།དེ་ནས་རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་རྒྱ་ཁྱོན་བསམ་ལས་འདས་པ། དེའི་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་པད་ཞྭ་ཆོས་གོས་ཅན་གཞུང་ལྟར་ལ། སྐུ་


CMR048_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཆེ་བ་དབུ་སྲིད་པའི་རྩེ་ན་སླེབ་པ། སྐུ་སྟོད་ཀྱིས་གཟུགས་ཁམས་ཁྱབ་པ། སྐུ་སྨད་ཀྱིས་འདོད་ཁམས་ཁྱབ་པ། སྐུའི་ནང་སྟོང་ཞིང་གསལ་བ། སྐུ་ཡི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྐུ་ལུས་ཀྱི་བཀོད་པ་ལ་རྫོགས་པ། སྐུའི་ནང་སྟོང་སང་ངེ་བ་གསལ་བ་ལ་ལུས་དཀྱིལ་བཀོད་པའི་ཚུལ་དུ། དབུ་ཀླད་པ་དུང་ཁང་གི་ནང་དུ་ཆེ་མཆོག་ཧེ་རུ་ཀ་ལ་ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། དཔྲལ་བ་མཛོད་སྤུའི་ནང་དུ་འཇམ་དཔལ་གཤིན་རྗེའི་གཤེད་ལ་འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཀྱིས་བསྐོར་བ། མགྲིན་པ་ལོངས་སྤྱོད་འཁོར་ལོར་རིག་འཛིན་དཔའ་བོ་ཐོད་པ་རྩལ་ལ་དག་པ་རིག་འཛིན་གྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྗགས་པདྨ་ལེ་བརྒན་གྱི་ནང་དུ་རྟ་མགྲིན་པདྨ་དབང་ཆེན་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ། ཐུགས་ཀའི་སྟོད་ཙིཏྟ་རིན་པོ་ཆེ་མེ་ཤེལ་གྱི་གུར་ཕུབ་པ་ལྟ་བུའི་ནང་དུ། ཆོས་སྐུ་ཀུན་བློ་བཟང་ཡབ་ཡུམ། ལོངས་སྐུ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ་བཅུ་དྲུག་ཤཱཀྱ་ཐུབ་པ་ལ་སོགས་སྤྲུལ་སྐུ་ཐུབ་དྲུག །སྒོ་བ་ཁྲོ་ཆེན་ཡབ་ཡུམ་བཞི་སྟེ་ཞི་བ་བཞི་བཅུ་རྩ་གཉིས་


CMR048_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚོམ་བུ་ཧྲུག་གེ་བཞུགས་པ། ཐུགས་ཀའི་ཆ་སྨད་དུ་ཐུགས་མཆོག་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པ། ལྟེ་བར་བླ་མེད་ཧེ་རུ་ཀ་ལ་མ་མོ་རྒོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པ། ལྟེ་འོག་ཆོས་འབྱུང་དམར་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ནས་བཞུགས་པ། གསང་གནས་བདེ་བསྐྱོད་འཁོར་ལོ་ན་བཅོམ་ལྡན་རྡོ་རྗེ་གཞོན་ནུ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པ་སྟེ། ཁྲོ་བོ་དེ་དག་ཕལ་ཆེར་ཞལ་གསུམ་ཕྱག་དྲུག་ཡིན་ཀྱང་ཞལ་གཅིག་ཕྱག་གཉིས་པ་ཡང་བསྒོམ་རུང་གསུངས། འཁོར་རྣམས་མོས་པ་ཙམ་གྱིས་ཆོག །གཞན་ཡང་མཛོད་སྤུའི་རྩེར་འཇམ་དབྱངས། ལྗགས་རྩེར་སྤྱན་རས་གཟིགས༔ ཐུགས་ཀའི་ཐད་ཀྱི་བྲང་ལ་ཕྱག་ན་རྡོ་རྗེ། སྐུ་ཡི་རྩ་གནས་ཉི་ཤུ་རྩ་བཞི་ན་ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་ཊཱ་ཀི། བ་སྤུ་བྱེ་བ་ས་ཡ་ཐམས་ཅད་དུ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟ་བུ། ཕྱག་གཡོན་བྷནྡྷའི་སྟེང་དུ་ཚེ་བུམ་ནང་དུ་སངས་རྒྱས་ཚེ་དཔག་མེད་ལ་འཆི་མེད་ཚེའི་ལྷ་ཚོགས་ཀྱིས་བསྐོར་བར་བསྒོམ། ཡེ་ཤེས་པ་སྤྱན་འདྲེན་མི་


CMR048_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། སྐུ་ཡི་བཀོད་པ་དེ་དང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ན་བཞུགས་པའི་ཡེ་ཤེས་པ་དབྱེར་མེད་དུ་བསྒོམས་ལ། ཨེ་མ་ཧོ༔ སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔ ཞེས་པ་ནས། ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་པའི་བར་ཚང་བར་འདོན། དེ་ལྟར་གསོལ་བ་བཏབ་པས་སྐུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ངང་ཁྲ་ལ་ལ་བབས་པས་སྐུ་ལུས་ལྟེམ་གྱིས་གང་། མ་ཤོང་བའི་ཚུལ་དུ་གསང་བ་རྡོ་རྗེའི་སྦུབས་ནས་ངང་རྒྱང་རྒྱང་བབ་སྟེ། །རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་ཞུགས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་། ལུས་ཀྱི་སྒྲིབ་པ་དག་སྐུ་བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ལུས་སྤྲུལ་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། བདུད་རྩི་མར་བབ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། ངག་གི་སྒྲིབ་པ་དག །གསུང་གསང་བའི་དབང་ཐོབ། ལམ་རྩ་རླུང་བསྒོམ་པར་དབང་། ངག་ལོངས་སྐུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་འགྲུབ་པའི་སྐལ་ལྡན་དུ་གྱུར། བདུད་རྩི་མར་བབ་སྙིང་ག་ཆོས་ཀྱི་འཁོར་ལོ་གང་། སེམས་ཀྱི་སྒྲིབ་པ་དག་


CMR048_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་རྫོགས་པའི་རིམ་པ་བསྒོམ་པར་དབང་། སེམས་ཆོས་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས། བདུད་རྩི་མར་བབས། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་། ལུས་ངག་ཡིད་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །དབང་བཞི་པ་དོན་དམ་པ་ཚིག་དབང་རིན་པོ་ཆེ་ཐོབ། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་དབང་། ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས། བདུད་རྩི་མར་བབས། གསང་གནས་བདེ་སྐྱོང་གི་འཁོར་ལོ་གང་། བག་ཆགས་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་དག །རིག་པ་རྩལ་གྱི་དབང་ཐོབ། ལམ་རྫོགས་པ་ཆེན་པོ་བསྒོམ་པར་དབང་། ཀུན་བཟང་བདེ་བ་ཆེན་པོའི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས། བདུད་རྩི་རྐང་མཐིལ་ནས་སྤྱི་གཙུག་མན་ཆད་ལྟེམ་གྱིས་གང་ནས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་སྒོ་དང་འོག་སྒོ་རྐང་མཐིལ་གཉིས་ནས་ནག་ཉིལ་གྱིས་ཕྱིར་ཐོན། བདག་གི་ལུས་དྲི་མེད་ཤེལ་སྒོང་ལྟར་གྱུར། དེ་ནས་སྤྱི་བོའི་ཨོ་རྒྱན་རིན་པོ་ཆེ་སྐུ་ལུས་ལ་བཀོད་པའི་ལྷ་ཚོགས་དང་བཅས་པ་ཐམས་ཅད་འོད་དུ་ལྟེམ་མེ་ཞུ་ནས། བདག་ལ་སིབས་ཀྱིས་ཐིམ་པས་བདག་གི་ལུས་གདོས་


CMR048_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཤ་ཁྲག་གི་ཕུང་པོ་འདི་སྐད་ཅིག་ལ་བདེ་ཆེན་གྱི་ལུས་སུ་གནས་གྱུར་ནས། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུ་ལ་བརྟེན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་པད་ཟླའི་གདན་ལ་ཕྱེད་སྐྱིལ་དུ་བཞུགས་པར་གྱུར་པའི་ཐུགས་ཀར་ཞི་བ་བཞི་བཅུ་རྩ་གཉིས། མགྲིན་པར་དག་པ་རིག་འཛིན་གྱི་ལྷ་ཚོགས། ཀླད་པ་དུང་ཁང་གི་ནང་དུ་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེར་གསལ་བར་བསྒོམ། དེ་རྣམས་སྐུ་མདོག་ཕྱག་མཚན་སོ་སོར་མ་ཤེས་ནའང་ཡོད་སྙམ་པའི་མོས་པ་ཙམ་གྱིས་ཆོག །དེ་ནི་ནང་ལྟར་བླ་མ་ཞི་ཁྲོ་རབ་འབྱམས་ལུས་དཀྱིལ་ལ་གསོལ་བ་བཏབ་ནས་དབང་བཞི་ལེན་པའི་གདམས་ངག་སྟེ་ལེའུ་གཉིས་པའི་དམིགས་རིམས་ཟབ། །ཨྠྀི། །།དེ་ནས་རང་ཉིད་ཁ་ལྷོ་ནུབ་ཏུ་རྒྱུས་ལ་འཛམ་བུ་གླིང་འདི་ཐམས་ཅད་པདྨ་དང་ཟླ་བའི་གདན་ཆེན་པོ་གཅིག་ཏུ་གྱུར་པའི་སྟེང་དུ་རང་ཉིད་བཅོམ་ལྡན་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའི་སྐུ་རི་རབ་ཙམ་པ། སྐྱིལ་ཀྲུང་གིས་འཛམ་གླིང་ཁེབས་པ། སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་


CMR048_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཐུགས་ཀར་ཟླ་བའི་གདན་ལ་རང་སེམས་ཡེ་ཤེས་སེམས་དཔའ་ཧཱུྃ་དཀར་པོས་མཚན་པ། ཡེ་ཤེས་དམ་ཚིག་དབྱེར་མེད་པའི་ངོ་བོར་བསྒོམས་ལ། མདུན་ཕ་ཀི་ན་ལྷོ་ནུབ་རྔ་ཡབ་གླིང་དེའི་ཕྱི་རིམ་མེ་རིའི་ཕྲེང་བ་དང་རྡོ་རྗེའི་ར་བ། ནང་དུ་ཕྱོགས་མཚམས་བརྒྱད་ལ་སྲིན་པོའི་གྲོང་ཁྱེར་ཆེན་པོ་བརྒྱད་ཡོད་པ་ནི་དུར་ཁྲོད་ཆེན་པོ་བརྒྱད། དེའི་དབུས་མར་མཚོ་དབུས་སུ་རི་དམར་པོ་ཟུར་གསུམ་གདན་ཐབས་ཀྱི་སྟེང་དུ་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་དཀྱིལ་འཁོར་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེའི་ཁྲི་གདན་ཐབས་ཟུར་བརྒྱད་པའི་སྟེང་པདྨ་དང་ཉི་མའི་གདན་ལ། ཨོ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་པད་ཞྭ་ཅན་ངོ་བོ་ནི་ཆེ་མཆོག་ཧེ་རུ་ཀ་དང་དབྱེར་མེད་པ། སྐུ་གཟི་བརྗིད་ཉི་མ་སྟོང་བས་ལྷག་པ། དེའི་མདུན་དེ་ཤར་ཡིན་པ་ཐུགས་མཆོག་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། སྐུའི་གཡས་དེ་ལྷོ་ཡིན་པས་འཇམ་དཔལ་གཤིན་རྗེའི་གཤེད་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་བ། སྐུ་རྒྱབ་ནུབ་ངོས་དེར་རྟ་


CMR048_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པདྨ་དབང་ཆེན་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ། སྐུ་གཡོན་བྱང་དེར་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་བ། མདུན་གཡས་ཟུར་ཤར་ལྷོ་དེར་བླ་མེད་ཧེ་རུ་ཀ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་བ། རྒྱབ་གཡས་ཟུར་ལྷོ་ནུབ་དེར་དཔའ་བོ་རིག་འཛིན་ཐོད་པ་རྩལ་ལ་བླ་མ་རིག་འཛིན་གྱི་ལྷ་ཚོགས་ཀྱིས་བསྐོར་བ། རྒྱབ་གཡོན་ཟུར་ནུབ་བྱང་དེར་དྲེགས་པ་ཀུན་འདུལ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། མདུན་གཡོན་བྱང་ཤར་དུ་སྟོབས་ལྡན་ནག་པོ་ལ་དམོད་པ་དྲགས་སྔགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། དེའི་རྒྱབ་གིང་ཆེན་བརྒྱད་མཁའ་འགྲོ་ཤུགས་འགྲོ་བརྒྱད་དང་བཅུ་དྲུག་ཐམས་ཅད་གྲི་གུག་ཐོད་ཁྲག་ཅན། གཞན་ཡང་དཀྱིལ་འཁོར་ཕྱི་ནང་ཐམས་ཅད་དུ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྲིན་ལྟར་འཁྲིགས་པར་བསྒོམ་སྟེ། འཁོར་ལྷ་དེ་དག་སྐུ་མདོག་ཕྱག་མཚན་མ་གསལ་ཀྱང་བཟོད། བཞུགས་ཡོད་སྙམ་པའི་མོས་པ་ཙམ་གྱིས་ཆོག་གོ །དེ་ལྟར་བདག་རྡོ་རྗེ་སེམས་དཔའ་འཛམ་གླིང་ཁྱབ་པ་དེ་བདག་བསྐྱེད། མདུན་དུ་གུ་རུ་རིན་པོ་ཆེ་ལ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་བསྐོར་བ་


CMR048_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མདུན་བསྐྱེད་དུ་བྱས་ལ་གསོལ་བ་འདེབས་ཏེ། ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ ཞེས་པ་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔ ཞེས་པའི་བར་དུ་གསོལ་བ་བཏབ་པས། འཁོར་ཐམས་ཅད་ཀྱི་བྱིན་རླབས་ཐུགས་རྗེ་དངོས་གྲུབ་མཐུ་ནུས་ཐམས་ཅད་འོད་ཁ་དོག་ལྔའི་རྣམ་པར་གཙོ་བོ་ལ་ཐིམ། གཙོ་བོའི་དཔྲལ་བ་ནས་ཐིག་ལེ་དཀར་པོ་ཨོཾ་གྱིས་མཚན་པ་ཞིག་སྐར་མདའ་འཕང་བ་ལྟར་དཀར་ཤར་གྱིས་བྱུང་ནས་རང་གི་དཔྲལ་བར་ཐིམ་པས། འགྱུར་བ་མེད་པའི་སྐུའི་དངོས་གྲུབ་ཐོབ་ནས་འཆི་བ་མེད་པ་རྡོ་རྗེའི་སྐུར་གྱུར། གུ་རུའི་མགྲིན་པ་ནས་ཐིག་ལེ་དམར་པོ་ཨཱཿཡིག་གིས་མཚན་པ་ཞིག་དམར་ཤར་གྱིས་བྱུང་ནས་རང་གི་མགྲིན་པར་ཐིམ་པས། འགག་མེད་གསུང་གི་དངོས་གྲུབ་ཐོབ་ནས་ཆོས་ཐམས་ཅད་བསླབ་མ་དགོས་པར་རང་རྡོལ་དུ་ཤེས་ཏེ་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པར་གྱུར། གུ་རུའི་ཐུགས་ཀ་ནས་ཐིག་ལེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་ཞིག་སྔོ་ཤར་གྱིས་འཕྲོས་ནས་རང་གི་སྙིང་གར་ཐིམ་པས་འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་ནས། སྒོམ་སྒྲུབ་ལ་མ་ལྟོས་པར་སྟོང་ཉིད་འོད་གསལ་གྱི་དོན་མངོན་སུམ་རྗེན་པར་རྟོགས། གུ་


CMR048_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རུའི་ལྟེ་བ་ནས་ཐིག་ལེ་སེར་པོ་གསེར་བཙོ་མའི་མདོག་ལ་སྭཡིག་གིས་མཚན་པ་ཞིག་སེར་ཤར་གྱིས་འཕྲོས། རང་གི་ལྟེ་བར་ཐིམ་པས་ཡོན་ཏན་རེ་སྐོང་གི་དངོས་གྲུབ་།ཐོབ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་རང་བྱུང་ལྷུན་གྲུབ་ཏུ་ཐོབ། གུ་རུའི་གསང་གནས་ནས་ཐིག་ལེ་ལྗང་གུ་ཧཡིག་གིས་མཚན་པ་གཅིག་ལྗང་ཤར་གྱིས་འཕྲོས་ནས། རང་གི་གསང་གནས་སུ་ཐིམ་པས་ཕྲིན་ལས་འགྲོ་འདུལ་གྱི་དངོས་གྲུབ་ཐོབ་ནས། ལས་དང་བྱ་བ་གང་བསམ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་དངོས་གྲུབ་ཐོབ་པར་བསྒོམ་མོ། །དེ་ནས་བདག་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ཡང་གྱེན་རྫོགས་སུ་ཡལ་ནས་སྟོང་པ་ཉིད་དུ་གྱུར་པར་བསྒོམས་ལ། སེམས་བཅོས་སླད་མེད་པར་ལྷུག་པར་བཞག་ལ་དེའི་ངོ་བོ་ལ་མ་ཡེངས་ཙམ་དུ་བལྟའོ། །དེ་ནི་རྔ་ཡབ་གླིང་གི་བཀོད་པ་ལ་བརྟེན་ནས་བླ་མ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་ལ་གསོལ་བ་བཏབ་ནས། དངོས་གྲུབ་ལེན་པ་སྟེ། ལེའུ་གསུམ་པའི་དམིགས་རིམ་ཟབ། །ཨྠྀི།། །།དེ་ནས་རང་གི་སྤྱི་བོའི་གཙུག་ཏུ་མེ་ཏོག་པདྨའི་སྡོང་པོ་གཅིག་ལ་མེ་ཏོག་དཀར་དམར་མཐིང་


CMR048_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྩེགས་མར་ཡོད་པ་རེ་རེ་ལ་འདབ་མ་སྟོང་ཕྲག་དུ་མ་ཡོད་པའི་འོག་མ་ལ་པདྨ་དཀར་པོའི་ལྟེ་བར་ཨོ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་པད་ཞྭ་ཅན། འདབ་མ་རྣམས་ལ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སོགས་བོད་ཀྱི་རིག་འཛིན་གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ། ཨོ་རྒྱན་གྱི་དབུ་གཙུག་ཏུ་པདྨ་དམར་པོའི་ལྟེ་བར་རིག་འཛིན་དགའ་རབ་རྡོ་རྗེ་དཀར་པོ་ཆོས་གོས་གསོལ་ཞིང་སྐྱིལ་ཀྲུང་ས་གནོན་མཉམ་བཞག་ཅན། དབུ་གཙུག་ཏོར་ཞབས་འཁོར་ལོས་བརྒྱན་པའི་པད་འདབ་རྣམས་ལ། རིག་འཛིན་བརྒྱད་ལ་སོགས་རྒྱ་གར་གྱི་གྲུབ་ཐོབ་རིག་འཛིན་བརྡའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེའི་དབུ་གཙུག་པདྨ་སྔོན་པོའི་ལྟེ་བར་ཆོས་སྐུ་ཀུན་ཏུ་བཟང་པོ་མཐིང་ཀ་མཉམ་བཞག་གི་ཕྱག་རྒྱས་ཡུམ་ཀུན་ཏུ་བཟང་མོ་དཀར་མོ་ལ་འཁྱུད་པ། འདབ་མ་རྣམས་ལ་རིགས་ལྔའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་བྱང་སེམས་རྒྱལ་བ་དགོངས་བརྒྱུད་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། དེ་ལྟར་གཙོ་བོ་གསུམ་གྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་མཁའ་སྤྱོད་དག་པའི་གནས་ནས་རིག་འཛིན་གྱི་


CMR048_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་དབྱེར་མེད་དུ་ཐིམ་པར་བསྒོམ། ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟང་༔ ཞེས་པ་ནས། གང་ཟག་སྙན་བརྒྱུད་བླ་མར་གསོལ་བ་འདེབས༔ ཞེས་པའི་བར་གསོལ་བ་བཏབ་པས་རིག་འཛིན་གྱི་ལྷ་ཚོགས་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྣོད་བཅུད་འཁོར་འདས་ཐམས་ཅད་འོད་དུ་ཞུ་ནས། རིག་འཛིན་རྣམས་ལ་ཐིམ། རིག་འཛིན་གྱི་འཁོར་ཐམས་ཅད་གཙོ་བོ་གསུམ་ལ་ཐིམ། གཙོ་བོ་གསུམ་ཡང་ཀུན་ཏུ་བཟང་པོ་དགའ་རབ་རྡོ་རྗེ་ལ་ཐིམ། དགའ་རབ་རྡོ་རྗེ་ཨོ་རྒྱན་ལ་ཐིམ། ཨོ་རྒྱན་རིན་པོ་ཆེ་ཡང་འོད་དུ་ཞུ་ནས་བདག་ལ་ཐིམ་པས་བདག་གི་ལུས་འདི་ཡང་འོད་དུ་ཞུ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དངོས་མེད་དུ་ཡལ་བར་བསྒོམས་ལ། མ་ཡེངས་ཙམ་དུ་རང་གི་སེམས་ལ་བལྟས་ཏེ་ཡུད་ཙམ་འདུག་གོ །དེའི་ཚེ་སྔར་བྱས་པའི་བྱ་བ་ཐམས་ཅད་ལ་བསམ་བློ་མི་བཀྲམ། ད་འདི་བྱེད་ཀྱི་བསམ་གཞིག་མི་བཏང་། ད་ལྟ་ཡིད་ལ་ཅི་དྲན་ཞིང་གདའ་བ་དེ་ལ་ཅེ་རེ་བལྟས་པས། སེམས་ཀྱི་ངོ་བོ་དེ་ལ་གཟུགས་ཁ་དོག་དངོས་པོ་ཅི་ཡང་མ་མཐོང་བ་དེ་སྟོང་པ་ཉིད་ཡིན་


CMR048_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཅི་ཡང་མེད་པ་མ་ཡིན་པར་ཅི་ཡང་དྲན་ཞིང་གསལ་བའི་འོད་གསལ་ཞེས་བྱའོ། །རེས་འགའ་ཅི་ཡང་མི་དྲན་པར་ཀྱི་ལེ་འདུག་པ་གནས་པ་ཟེར་རོ། །རེས་འགའ་གར་ཡང་འཕྲོ་ལྷཞིང་རྒྱུག་པས་འགྱུ་བ་ཟེར་རོ། །གནས་སམ་འགྱུའམ་ཅི་བྱེད་ཅི་གདའ་རིག་པས་རིག་པ་ཟེར་རོ། །གནས་འགྱུ་གཉིས་ལ་བཟང་ངན་མེད་དེ་གཉིས་ཀ་སེམས་ཡིན་ལ་ཁྱད་པར་མེད་པའོ། །ཧ་ཀྱང་རྩུབ་དྲག་ནས་མ་བདེ་ན་ལུས་སེམས་ལྷོད་དེ་ཀློད། ཁོ་རང་གར་འགྲོ་བཏང་ལ་རྒྱངས་སྲུངས་བྱས་པས་ཁོ་རང་ཚུར་ལ་འཁོར་ནས་བདེ་ལྷན་ནེ་གནས་སོ། །ཧ་ཅང་གནས་ཉམས་ཆེ་ནས་མ་གསལ་བ་རྨུགས་སེ་འདུག་ན། ལུས་སེམས་བསྒྲིམས་ལ་ཧྲིག་གེར་བལྟས་པས་གསལ་ལོ། །ལྟ་ཡུན་རིང་ན་མི་གསལ་བས། ལྟ་ཡུན་ཐུང་ལ་ལྟ་གྲངས་མང་བར་བྱའོ། །རེས་འགའ་གསལ་ཞིང་ངེས་ཤེས་སྐྱེ། རེས་འགའ་མི་གསལ་ཞིང་འདི་མིན་པ་འདྲ་བསམ་པའི་ཐེ་ཚོམ་སྐྱེ། དགྱེ་དགུ་མང་དུ་བྱུང་ཡང་མ་བསྐྱུར་བར་བསྐྱངས་པས་རིམ་གྱིས་བྱིས་པས་བསམ་བློ་ཟིན་པ་ལྟ་བུ་ཞིག་འོང་ངོ་། །གསོལ་འདེབས་ཀྱི་ལེའུ་ཁ་རེ་རེ་དབྱངས་དང་བཅས་ནས་བཏོན་རྗེས། སེམས་ལ་བལྟས་པས་ངེས་ཤེས་ཡོད་པའི་ཉམས་བཟང་པོ་


CMR048_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རེ་འཕྲལ་དུ་སྐྱེའོ། །འདི་གསོལ་འདེབས་དུས་ཁོ་ན་མ་ཡིན་པར། ཟ་དུས་འཐུང་དུས་འགྲོ་འཆག་ཉལ་འདུག་ཀུན་ཏུ་ཡུད་ཙམ་རྒྱུན་དུ་མ་བརྗེད་པར་བལྟ་བར་བྱ་སྟེ། མིག་གིས་རི་བྲག་དང་གྲོང་ཁྱེར་དང་མི་དང་དུད་འགྲོ་སོགས་གཟུགས་སྣ་ཚོགས་གང་མཐོང་ན་ཡང་། འདི་ནི་འདི་རེད། འདི་ནི་བཟང་། འདི་ནི་ངན་བསམ་པའི་རྣམ་པར་རྟོག་པ་སྐྱེས་པའི་དུས་སུ། འདི་བཟང་འདི་ངན་བསམ་པའི་སེམས་དེ་ལ་ཧྲིག་གེར་བལྟས་པས། ངོ་བོ་སྟོང་པ་ཉིད་དུ་ལྷང་ངེར་འཆར་བ་ནི་གཟུགས་སྣང་སྟོང་གི་ཏིང་ངེ་འཛིན་ཡིན་ནོ། །གཟུགས་མཛེས་མི་མཛེས་དང་བཟང་ངན་གཉིས་ཀའི་ངོ་བོ་སྟོང་པ་ཉིད་དུ་རོ་སྙོམས་ཐུབ་ན་གཟུགས་སྣང་སྟོང་དུ་གྲོལ་བའོ། །རྣ་བའི་ཡུལ་དུ་སྙན་པའི་གླུ་དང་པི་ཝཾ་དང་རང་ལ་བྱམས་ཤིང་བསྟོད་པའི་ཚིག་ཐོས་ན་སེམས་དགའ་བའི་རྟོགས་པ་སྐྱེ། དེའི་ངོ་བོ་ལ་བལྟས་པས་སྟོང་པ་ཉིད་ཡིན་ནོ། །མི་སྙན་པའི་སྒྲ་ཝ་དང་ཁྭ་ཏའི་སྐད་དང་རང་ལ་གནོད་པའམ་སྨད་པའི་ཚིག་ཐོས་ན་མི་དགའ་བའི་རྟོག་པ་སྐྱེ། དེའི་ངོ་བོ་ལ་བལྟས་ན་སྟོང་པ་ཉིད་ཡིན། སྙན་དང་མི་སྙན་པའི་སྒྲ་གཉིས་པོ་ཁྱད་མེད་སྟོང་པ་ཉིད་དུ་རྟོགས་ན་སྒྲ་གྲག་སྟོང་དུ་གྲོལ་བ་ཡིན་ནོ། །དེ་


CMR048_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡིད་ལ་དད་པ་དང་དག་སྣང་དང་བྱམས་སྙིང་རྗེ་སོགས་དགེ་བའི་བསམ་པ་སྐྱེས་ནའང་། དེའི་ངོ་བོ་སྟོང་པ་ཉིད་དུ་མ་རྟོགས་ན། འཇིག་རྟེན་པའི་བདེ་སྐྱིད་འབྱུང་བའི་རྒྱུ་ཙམ་ལས་བྱང་ཆུབ་འཐོབ་པའི་རྒྱུར་མི་འགྲོ་བས། བསམ་པ་བཟང་པོ་དེའི་ངོ་བོ་ལ་བལྟས་པས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག །དགེ་བའི་བསམ་པ་བཟང་པོ་ནི་ཐབས་དེའི་ངོ་བོ་སྟོང་ཉིད་དུ་རྟོགས་པས་ཤེས་རབ་ཡིན་པས་ཐབས་ཤེས་རབ་ཟུང་འཇུག་དེ་བྱང་ཆུབ་ཐོབ་པའི་རྒྱུ་ཡིན་ནོ། །སེམས་ལ་རྣམ་རྟོག་མི་འཕྲོ་དགུ་འཕྲོ་མི་དྲན་དགུ་དྲན་འདི་རང་གིས་རང་མ་རིག་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་བ། འཁོར་བ་མཐའ་མེད་དུ་འཁྱམས་པའི་རྩ་བ་ཡིན་ཏེ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་འཁྱམས་བྱེད་ཡིན། །ཅེས་གསུངས་པ་འདི་རང་གིས་རང་རིག་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཡིན་ཏེ། མི་རྟོགས་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོགས་མེད་གནས། །ཞེས་གསུངས་ཏེ། མ་རིག་ན་རྣམ་རྟོག་རིག་ན་ཡེ་ཤེས་དེ་གཉིས་རིག་མ་རིག་གི་ཁྱད་མ་གཏོགས་སེམས་ཡིན་པ་ལ་ཁྱད་མེད་དོ། །སེམས་ལ་ཞེ་སྡང་སྐྱེས་ན་


CMR048_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའི་ས་བོན། ཞེ་སྡང་དེའི་ངོ་བོར་བལྟས་པས་གཟུགས་ཁ་དོག་དངོས་པོ་མེད་པར་སྟོང་པ་ཉིད་དུ་ཡལ་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སེམས་ལ་གཏི་མུག་ནག་ཐིབས་སེ་བ་དེ་དུད་འགྲོའི་ས་བོན། དེའི་ངོ་བོར་བལྟས་པས་སྟོང་པ་ཉིད་དུ་རྟོགས་པ་ཆོས་དབྱིངས་ཡེ་ཤེས་སོ། །སེམས་ལ་ང་རྒྱལ་སྐྱེས་པ་དེ་ལྷ་ཕམ་ལྟུང་གི་རྒྱུ་ཡིན། དེའི་ངོ་བོར་བལྟས་པས་སྟོང་པ་ཉིད་དུ་གྲོལ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སེམས་ལ་འདོད་ཆགས་སྐྱེས་པ་དེ་ཡི་དྭགས་ཀྱི་ས་བོན། དེའི་ངོ་བོར་བལྟས་པས་སྟོང་པ་ཉིད་དུ་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སེམས་ལ་ཕྲག་དོག་སྐྱེས་པ་དེ་ལྷ་མ་ཡིན་གྱི་ས་བོན། དེའི་ངོ་བོར་བལྟས་པས་སྟོང་པ་ཉིད་དུ་རྟོགས་པའི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མ་རིག་ན་དུག་ལྔ། །རིག་ན་ཡེ་ཤེས་ལྔ་ཡིན་པས། དུག་ལྔ་སྤང་མི་དགོས་པར་ཡེ་ཤེས་ལྔར་འཆར་བ་གསང་སྔགས་ཀྱི་ཁྱད་ཆོས་ལགས་སོ། །དེ་ལྟ་བུའི་ཉམས་ལེན་དེ་རྒྱུན་དུ་སྐྱོང་ཐུབ་ན་ཕྱག་རྒྱ་ཆེན་པོ་དང་། རྫོགས་ཆེན་དང་། ཟབ་མོ་དབུ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཞི་བྱེད་ལ་སོགས་པ་ཟབ་ཆོས་ཐམས་ཅད་ཀྱི་དོན་ཡང་ཚང་བ་ཡིན་ནོ། །གལ་ཏེ་དེ་འདྲ་


CMR048_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་དེ་མ་གོ་བའམ་གོ་ཡང་ཉམས་སུ་མ་ལོན་ན། བསྐྱེད་རིམ་ཁྱེར་སོ་གསུམ་གྱི་དག་སྣང་སྦྱང་བར་བྱ་སྟེ། གཟུགས་མཐོང་ཚད་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་བསྒོམ། སྒྲ་གྲག་ཚད་ཐམས་ཅད་བཛྲ་གུ་རུའི་སྒྲ་གྲག་སྟོང་བྲག་ཆ་ལྟར་བསྒོམ། ཡིད་ལ་དྲན་ཚད་ཐམས་ཅད་དྲན་སྟོང་སྨིག་རྒྱུ་ལྟ་བུ་ཡིན་སྙམ་དུ་བྱ། མདོར་ན་འཁོར་འདས་སྣོད་བཅུད་ཐམས་ཅད་དངོས་པོ་བདེན་པར་གྲུབ་པ་གཅིག་ཀྱང་མེད་དེ་རང་གི་སེམས་འཁྲུལ་ནས་དངོས་པོར་མཐོང་བ་ཡིན་ཏེ། དཔེར་ན་རྨི་ལམ་དུ་བྲག་རི་དང་གྲོང་ཁྱེར་སྐྱེས་པ་བུད་མེད་ལ་སོགས་རྨིས་པ་ན་སེམས་འཁྲུལ་པ་མ་གཏོགས་གཅིག་ཀྱང་མེད་པ་དང་འདྲ་བས་སྣང་སྲིད་འཁོར་འདས་ཐམས་ཅད་སྟོང་ཞིང་བདག་མེད་པའི་སྟོང་པ་ཉིད་ཡིན་ནོ་སྙམ་དུ་སྟོང་ཉིད་རྒྱས་འདེབས་ཙམ་དུ་བསྒོམ་པར་བྱའོ། །དེ་ལྟ་བུའི་ཉམས་ལེན་དེ་དག་གསལ་འདེབས་པའི་ཕྱིར་ངག་ཏུ་ཡང་། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཞེས་སོགས་ནས། བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཞེས་པའི་བར་ཚིག་འབྲུ་ཉི་ཤུ་རྩ་གཅིག་དེ་འདོན་ཅིང་གསོལ་བ་བཏབ་པ་དང་། ཚིག་གི་དོན་ལ་བསམ་གཞིག་རྒྱུན་ཏུ་བཏང་བར་བྱའོ། །


CMR048_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཞི་པ་རིག་འཛིན་གྲུབ་ཐོབ་རྣམས་ལ་གསོལ་བ་བཏབ་ནས་བྱིན་ཕབ་སྟེ་ཉམས་ལེན་སྐྱོང་བའི་གདམས་པ་ཟབ། །ཨྠྀི།། །།དེ་ནས་རྣམ་ཐར་གསོལ་འདེབས་འདི་ལ་མཚན་མང་དུ་ཡོད་ཀྱང་། མཆོག་གི་མཚན་བརྒྱད་གཙོ་ཆེ། འདི་ལ་ཉི་མ་འོད་ཟེར་མཚན་མེད་པ་ནི། གསང་སྔགས་ཐམས་ཅད་ལ་གབ་སྐུང་རེ་འོང་སྲོལ་ཡོད་པས་ཉི་མ་འོད་ཟེར་མཚན་སྦས་པ་ཡིན་ནོ། །རང་གི་རྒྱབ་ཕྱོགས་འདི་ནས་པདྨའི་སྡོང་པོ་ཆེན་པོ་གཅིག་སྐྱེས་པའི་སྡོང་པོ་ལ་རང་རྒྱབ་གཏད་པའི་སྟེང་གི་བར་སྣང་ལ། མེ་ཏོག་པད་མ་འདབ་མ་བརྒྱད་པ་རྒྱ་ཆེ་བའི་ལྟེ་བར་ཟེའུ་འབྲུའི་སྟེང་དུ། ཨོ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་པད་ཞྭ་ཅན་གཞུང་ལྟར་བསྒོམ་མོ། །འདབ་མ་བརྒྱད་ལ་མདུན་དེ་ཤར་ཡིན་པའི་འདབ་ཡམ་ལ། པདྨ་འབྱུང་གནས་མཐིང་ནག་སྐུ་གཅེར་བུ་ཕྱག་གཡས་རྡོ་རྗེ་རྩེ་ལྔ། གཡོན་པས་སྡིགས་མཛུབ་ཅན་ཡུམ་དཀར་མོ་ལ་འཁྱུད་པ། གཡས་ཀྱི་འདབ་མ་ལ་མཁས་པ་བློ་ལྡན་མཆོག་སྲེད་སྔགས་པའི་ཆ་ལུགས་ཌ་མ་རུ་དང་བྷན་བསྣམས་པ། རྒྱབ་ཀྱི་འདབ་མ་ལ་ཉི་མ་འོད་ཟེར་སེར་པོ་གྲུབ་ཐོབ་ཆ་ལུགས་ཕྱག་གཡས་ཁ་ཊཱ་གཡོན་ཉི་ཟེར། གཡོན་གྱི་འདབ་མར་


CMR048_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སེང་གེ་སྒྲ་སྒྲོག་མཐིང་ནག་ཁྲོ་བོའི་སྐུ། རྡོ་རྗེ་སྡིགས་མཛུབ་ཅན་སྐུ་སྟོད་ལ་སེང་གེའི་གཡང་གཞི་མནབས་པ། མདུན་གཡས་ཤར་ལྷོར་པདྨ་སཾ་བྷ་པཎྜི་ཏ་གཞོན་ནུ་ཕྱག་གཡས་པས་ལི་ཡི་བཟེད་ཞལ་པདྨའི་རི་མོ་ཅན། གཡོན་སྐྱབས་སྦྱིན། རྒྱབ་གཡས་ཟུར་འདབ་མ་ལ་པདྨ་རྒྱལ་པོ་ལ་ཐོད་དམར་པོ་ཅན། ཕྱག་གཡས་སེང་ལྡེང་གི་ཌཱ་མ་རུ་གཡོན་མེ་ལོང་རྒྱབ་གཡོན་ཟུར་དུ་ཤཱཀྱ་སེང་གེ་ཤཱཀྱ་ཐུབ་པ་འདྲ་བ་ལ་ས་གནོན་མཉམ་བཞག་རྡོ་རྗེ་འཛིན་པ། མདུན་གཡོན་རྡོ་རྗེ་གྲོ་ལོད་སྨུག་ནག་དབུ་སྐྲ་སྨུག་འབོལ་གྱེན་དུ་བརྗེ་ས་པ། སྐུ་ལ་ཕོད་ཁ་ལྗང་གུའི་སྟེང་དུ་ཆོས་གོས་ངུར་སྨྲིག་དང་མི་མགོའི་དོ་ཤལ་ཅན། རྡོ་རྗེ་ཕྱར་ཞིང་ཕུར་པ་འདྲིལ་བ། སྟག་མོའི་སྟེང་དུ་བརྐྱང་བསྐུམ་དུ་འགྱིང་བའོ། །གཙོ་འཁོར་དགུ་ཁའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་རྔ་ཡབ་གླིང་ནས་ཨོ་རྒྱན་རིན་པོ་ཆེ་གུ་རུ་མཚན་བརྒྱད་དང་བཅས་པ་སྤྱན་དྲངས་ནས་དབྱེར་མེད་དུ་ཐིམ་པར་བསྒོམ། ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ ཞེས་པ་ནས། ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་པའི་བར་དུ་གསོལ་བ་བཏབ་


CMR048_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཚན་བརྒྱད་ཀྱི་དངོས་གྲུབ་སོ་སོར་ཞུ་བ་ནི། སྡིག་སྒྲིབ་ཉེས་ལྟུང་གི་དྲི་མ་ཐམས་ཅད་དག་པར་འདོད་ན། གཙོ་འཁོར་ཐམས་ཅད་པདྨ་འབྱུང་གནས་ལ་ཐིམ། །པདྨ་འབྱུང་གནས་རང་ལ་ཐིམ་པས་རང་ཉིད་པདྨ་འབྱུང་གནས་ཀྱི་སྐུར་གྱུར་པར་བསྒོམ་མོ། །རིག་པའི་གནས་ལྔ་དང་སྡེ་སྣོད་གསུམ་ལ་མཁས་པར་འདོད་ན། གཙོ་འཁོར་ཐམས་ཅད་པདྨ་སཾ་བྷ་ལ་ཐིམ། པདྨ་སཾ་བྷ་རང་ལ་ཐིམ་པས་རང་ཉིད་པདྨ་སཾ་བྷའི་སྐུར་གྱུར་པར་བསྒོམ་པར་བྱའོ། །ལུས་རྩལ་ཆེ་བ་དང་མདའ་སྐྱེན་པ་དང་སྨྲ་མཁས་པ་ལ་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་ལ་མཁས་པར་འདོད་ན། གཙོ་འཁོར་ཐམས་ཅད་བློ་ལྡན་མཆོག་སྲེད་ལ་ཐིམ། བློ་ལྡན་མཆོག་སྲེད་རང་ལ་ཐིམ་པས་རང་བློ་ལྡན་མཆོག་སྲེད་དུ་གྱུར་པར་བསྒོམ། མི་ཆེན་པོ་ཡིན་ན་སྡེ་སྲིད་མངའ་ཐང་འཕེལ་བ་དང་། མི་ཕལ་པ་ཡིན་ན་མི་ཐམས་ཅད་བྱམས་ཤིང་བུད་མེད་ཐམས་ཅད་ཀྱི་ཡིད་འཕྲོག་པར་འདོད་ན། གཙོ་འཁོར་ཐམས་ཅད་པདྨ་རྒྱལ་པོ་ལ་ཐིམ། པདྨ་རྒྱལ་པོ་རང་ལ་ཐིམ་པས་རང་ཉིད་པདྨ་རྒྱལ་པོའི་སྐུར་གྱུར་པར་བསྒོམ། བླ་མ་ཡིན་ན་འགྲོ་དོན་ཆེ་བ་དང་ཡོན་ཏན་མཁས་པ་ཡིན་ན་ཕན་


CMR048_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ཆེ་བ་དང་ཕལ་པ་ཡིན་ན་ཉམས་རྟོགས་སྐྱེ་བར་འདོད་ན། གཙོ་འཁོར་ཐམས་ཅད་ཉི་མ་འོད་ཟེར་ལ་ཐིམ་ནས། ཉི་མ་འོད་ཟེར་རང་ལ་ཐིམ་པས་རང་ཉི་མ་འོད་ཟེར་གྱི་སྐུར་གྱུར་པར་བསྒོམ། སྒོམ་ཆེན་ཡིན་ན་ཚེ་འདིར་ལོངས་སྤྱོད་འདུ་ལོང་གི་སྒོམ་སྒྲུབ་ཀྱི་བར་ཆད་མི་འབྱུང་བ་དང་། རབ་བྱུང་ཡིན་ན་ཉོན་མོངས་པའི་དབང་དུ་མི་ཤོར་བས་ཚུལ་ཁྲིམས་ལ་བར་ཆད་མི་འབྱུང་བ་དང་། ཕལ་པ་ཡིན་ན་ཚེ་རབས་ཐམས་ཅད་དུ་ལུས་ལ་ན་ཚ་དང་དུས་མ་ཡིན་པའི་འཆི་བ་མི་འབྱུང་བ་དང་། དགེ་བཤེས་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་བྱ་བ་རྒྱ་ཆེན་པོ་བསྒྲུབ་པར་འདོད་ན། གཙོ་འཁོར་ཐམས་ཅད་ཤཱཀྱ་སེངྒེ་ལ་ཐིམ་ནས། ཤཱཀྱ་སེང་གེ་རང་ལ་ཐིམ་པས། རང་ཤཱཀྱ་སེང་གེར་གྱུར་པར་བསྒོམ་མོ། །དགེ་བཤེས་ཡིན་ན་བགྲོ་གླེང་རྩོད་པ་ལས་རྒྱལ་བ་དང་། ཕལ་པ་ཡིན་ནའང་བན་བྱད་བོན་བྱད་དང་མུ་སྟེགས་ཀྱི་བྱད་ཁ་དང་། གཟའ་ཀླུ་ཆོས་སྐྱོང་གི་གནོད་པ་མི་འབྱུང་ཞིང་། བཀའ་སྲུང་དཀོར་བདག་གི་འཁུ་ལྡོག་མི་འབྱུང་བ་དང་ཐམས་ཅད་བཟློག་པར་འདོད་ན། གཙོ་འཁོར་ཐམས་ཅད་སེང་གེ་སྒྲ་སྒྲོག་ལ་ཐིམ་ནས། སེང་གེ་སྒྲ་སྒྲོག་རང་ལ་ཐིམ་པས་རང་སེང་གེ་སྒྲ་སྒྲོག་གི་སྐུ་གྱུར་


CMR048_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་མོ། །བླ་མ་དང་སྔགས་པ་ཡིན་ན་ལྷ་སྲིན་སྡེ་བརྒྱད་ལ་བཀའ་གང་བསྒོས་ཉན་པ་དང་། ཕལ་པ་ཡིན་ནའང་སྡེ་བརྒྱད་ཡུལ་ལྷ་ཐམས་ཅད་ཀྱི་གནོད་པས་མི་ཚུགས་ཤིང་སྡོང་གྲོགས་བྱེད་པར་འདོད་ན། གཙོ་འཁོར་ཐམས་ཅད་རྡོ་རྗེ་གྲོ་ལོད་ལ་ཐིམ་ནས། རྡོ་རྗེ་གྲོ་ལོད་རང་ལ་ཐིམ་པས་རང་རྡོ་རྗེ་གྲོ་ལོད་དུ་གྱུར་པར་བསྒོམ་མོ། །མཆོག་ཐུན་མོང་གི་དངོས་གྲུབ་ཅི་ཡང་འགྲུབ་ཅིང་ཚེ་རིང་བར་འདོད་ན། གུ་རུ་མཚན་བརྒྱད་ཁ་དེ་གཙོ་བོའི་ཕྱག་གཡོན་བྷནྡྷའི་ནང་གི་ཚེ་བུམ་ལ་ཐིམ་ནས། འཆི་མེད་ཚེ་ཡི་བདུད་རྩི་དེ་ཕྱུར་ཞིང་། །མར་བབས་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། རྐང་མཐིལ་ཡན་ཆད་སྤྱི་གཙུག་མན་ཆད་ཚེའི་བདུད་རྩིའི་ངང་ལྟེམ་གྱིས་གང་ནས། ནད་གདོན་ཆེའི་བར་ཆད་ཐམས་ཅད་བ་སྤུའི་བུ་ག་དང་འོག་སྒོ་དང་རྐང་མཐིལ་གཉིས་ནས་རྣག་ཁྲག་དང་འབུ་སྲིན་གྱི་གཟུགས་སུ་ནག་ཉིལ་གྱིས་ཕྱིར་ཐོན། སྤྱི་བོའི་པད་སྡོང་པདྨ་དང་བཅས་པ་གཙོ་བོ་ལ་ཐིམ། གཙོ་བོ་ཨོ་རྒྱན་སྐུ་དེ་ཇེ་ཆུང་དུསོང་ནས་སོར་གང་ཙམ་གཟི་བརྗིད་དང་ལྡན་པར་གྱུར་ནས་རང་གི་ཚངས་བུག་ནས་མར་བྱོན་སྙིང་གར་ཕེབས་པ་དང་། རང་གི་སྙིང་དེ་པདྨ་དམར་པོ་འདབ་མ་བརྒྱད་པ་ཅུང་


CMR048_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཁ་བྱེ་བའི་དབུས་སུ་ཟེའུ་འབྲུའི་སྟེང་དུ་བཞུགས་པ་ཙམ་གྱིས་ཨོ་རྒྱན་སྤྲུལ་སྐུ་དེ་གནས་འགྱུར་ནས། གུ་རུ་ཚེ་དཔག་མེད་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་བྱི་རུའི་ལྟ་བུའི་ཞལ་གཅིག་སྤྱན་གསུམ་ཐོར་ཚུགས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་ཚེ་བུམ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་མནྡཱ་ར་བ་དམར་མོ་གཅེར་བུ་ཚེ་མདའ་དང་ཚེ་བུམ་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྐུ་སོར་གང་ཙམ་ཞིག་རྟག་ཏུ་བཞུགས་པར་བསྒོམ་མོ། །དེ་ནི་རྣམ་ཐར་དྲན་པའི་སྒོ་ནས་གསོལ་བ་བཏབ་སྟེ་དངོས་གྲུབ་སོ་སོར་ཞུ་བའི་གདམས་ངག་སྟེ། ལེའུ་ལྔ་པའི་དམིགས་རིམ་ཟབ། །ཨྠྀི།། །།དེ་ནས་རང་གི་སྤྱི་བོར་པདྨ་འདབ་མ་བཞི་པའི་དབུས་སུ། །སྐུ་མཆོག་བུདྨ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་པོ་འཁོར་ལོ་དྲིལ་བུ་འཛིན་ཅིང་རྡོ་རྗེ་ཕག་མོ་དམར་མོ་ལ་འཁྱུད་པ། མདུན་ངོས་དེར་ཐུགས་མཆོག་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ཀ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྡོ་རྗེ་མཁའ་འགྲོ་སྔོན་མོ་ལ་འཁྱུད་པ། གཡས་སུ་ཡོན་ཏན་རཏྣ་ཐོད་ཕྲེང་རྩལ་སེར་པོ་རིན་ཆེན་དྲིལ་བུ་འཛིན་ནས་རིན་ཆེན་མཁའ་འགྲོ་སེར་མོ་ལ་འཁྱུད་པ། རྒྱབ་ཏུ་


CMR048_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་མཆོག་པདྨ་ཐོད་ཕྲེང་རྩལ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་པདྨ་མཁའ་འགྲོ་དམར་མོ་ལ་འཁྱུད་པ། གཡོན་ཏུ་ཕྲིན་ལས་ཀརྨ་ཐོད་ཕྲེང་རྩལ་ལྗང་གུ་ཕྱག་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་དྲིལ་བུ་འཛིན་པ་ལས་ཀྱི་མཁའ་འགྲོ་ལྗང་མོ་ལ་འཁྱུད་པ། ལྔ་ཀའང་ཞལ་ཁྲོ་འཛུམ་འགྱིང་བག་གཟི་བརྗིད་འབར་བ། འཁོར་ལོས་སྒྱུར་བའི་ཆ་བྱད་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཆ་ཅན། ཟ་འོག་གི་སྨུག་བེར་ཤ་བའི་སྙན་ཞུ་རྒོད་སྒྲོ་དར་གྱི་ཅོད་པན་འཕུར་བ། གྲུ་མོ་ན་ཁ་ཊཾ་བརྟེན་ཅིང་ཞབས་ཕྱེད་སྐྱིལ་ཉི་ཟླའི་གདན་ལ་བཞུགས་པ། །ཡུམ་རྣམས་གཅེར་བུ་གྲི་གུག་ཐོད་ཁྲག་གིས་འཁྱུད་ཅིང་བཅུ་དྲུག་ལོན་པའི་ན་ཚོད་ཅན་རུས་པའི་རྒྱན་དྲུག་གིས་བརྒྱན་པའོ། །དབུས་མའི་ཡབ་ཀྱི་ཐུགས་ཀར་ཨོཾ། ཡུམ་གྱི་ཐུགས་ཀར་ཧཱུྃ༔ ཤར་གྱི་ཡབ་ཡུམ་ཐུགས་ཀར་ཧཱུྃ་དང་ཧཱ། གཡས་ཀྱི་ཡབ་ཡུམ་ཐུགས་ཀར་ཧཱུྃ་དང་རི། རྒྱབ་ཀྱི་ཡབ་ཡུམ་ཐུགས་ཀར་ཧཱུྃདང་ནི། གཡོན་གྱི་ཡབ་ཡུམ་ཐུགས་ཀར་ཨཱཿདང་ས། དེ་རྣམས་ལས་འོད་ཟེར་འཕྲོས་པས་རྔ་ཡབ་གླིང་ནས་གུ་རུ་སྐུ་ལྔ་ཡབ་ཡུམ་སྤྱན་དྲངས་དབྱེར་མེད་དུ་ཐིམ་པར་བསྒོམ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་


CMR048_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཚེ་དཔག་མེད་ཀྱི། ཞེས་སོགས་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔ ཞེས་པའི་བར་གྱིས་གསོལ་བཏབ་པས། ཡབ་ཡུམ་རྣམས་སྙོམས་པར་ཞུགས་པའི་སྒྲས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ལ། ཡབ་རྣམས་ཡབ་ལྔའི་ཞལ་དུ་ཞུགས། ཡུམ་རྣམས་ཡུམ་ལྔའི་ཞལ་དུ་ཞུགས་བདུད་རྩིར་ཞུ་སྟེ། ཡབ་ཡུམ་བཅུའི་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་དཀར་དམར་གྱི་རྒྱུན་བབ་སྟེ། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས། གཟུགས་ཀྱི་ཕུང་པོ་དང་སེམས་ནམ་མཁའི་ཁམས་བུདྡྷ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་ངོ་བོར་གནས་འགྱུར། བདུད་རྩི་མར་བབས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་གང་། གསུང་གི་དམ་ཚིག་ཉམས་ཆག་བསྐངས་ནས་འདུ་ཤེས་ཀྱི་ཕུང་པོ་དང་དྲོད་ཀྱི་ཁམས་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་ངོ་བོར་གྱུར། བདུད་རྩི་མར་བབས། སྙིང་ཁ་ཆོས་ཀྱི་འཁོར་ལོ་གང་ཐུགས་ཀྱི་དམ་ཚིགས་ཉམས་ཆག་བསྐངས་ནས་རྣམ་ཤེས་ཀྱི་ཕུང་པོ་ཁྲག་གི་ཁམས་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་ངོ་བོར་གྱུར།


CMR048_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་མར་བབས། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་། རྩ་བའི་དམ་ཚིག་ཉམས་ཆག་བསྐངས་ནས་ཚོར་བའི་ཕུང་པོ་དང་ཤའི་ཁམས་རཏྣ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་ངོ་བོར་གྱུར། བདུད་རྩི་མར་བབས་གསང་གནས་བདེ་སྐྱོང་གི་འཁོར་ལོ་གང་། ཡན་ལག་གི་དམ་ཚིག་ཉམས་ཆག་བསྐངས། འདུ་བྱེད་ཀྱི་ཕུང་པོ་དང་དབུགས་ཀྱི་ཁམས་ཀརྨ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་ངོ་བོར་གྱུར། བདུད་རྩི་རྐང་མཐིལ་ནས་སྤྱི་གཙུག་གི་བར་ལྟེམ་གྱིས་གང་ནས་གུ་རུ་སྐུ་ལྔ་ཡབ་ཡུམ་གདན་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་དབྱེར་མེད་དུ་ཐིམ་པས་དུག་ལྔ་རྣམ་པར་དག །ཡེ་ཤེས་ལྔ་མངོན་དུ་འཆར། སྐུ་ལྔ་ལྷུན་གྱིས་གྲུབ་པར་བསྒོམ། དེ་ནས་ངོ་བོ་སངས་རྒྱས་ཐམས་ཅད་འདུས་པའི་རིགས་ལྔར་དྲན་པའི་སྒོ་ནས་གསོལ་བ་འདེབས་ཤིང་། དམ་ཚིག་ཉམས་ཆག་སྦྱོང་བ་སྟེ། ལེའུ་དྲུག་པའི་དམིགས་རིམ་ཟབ། །ཨྠྀི།། །།དེ་ནས་ལེའུ་བདུན་པའི་ཞལ་ཤེས་ནི། ལས་ཀྱི་རྣམ་པར་སྨིན་པ་ནི་སྐྱོབ་མི་ནུས་ཏེ། སྔོན་གྲོང་ཁྱེར་སེར་སྐྱ་ན་མཐའ་འཁོབ་རྒྱལ་པོ་འཕགས་སྐྱེས་པོའི་དམག་གིས་ཤཱཀྱའི་རྒྱལ་རིགས་ལྔ་བརྒྱ་ལྷག་ཙམ་བསད་པའི་ཚེ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་


CMR048_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་བཞུགས་ཀྱང་སྐྱོབ་པར་མ་གྱུར་པ་དང་། རྫུ་འཕྲུལ་ཆེ་བའི་མཆོག་མོའུ་འགལ་གྱི་བུ་མུ་སྟེགས་རྣམས་ཀྱིས་སྐུ་འདམ་བུ་ལྟར་བརྡུང་བའི་ཚེ་རྫུ་འཕྲུལ་ཅུང་ཟད་ཀྱང་སྟོན་མ་ནུས་པ་ལྟ་བུའོ། །ཐེ་ཚོམ་དང་ཡིད་གཉིས་དང་དད་པ་ལྟེམ་རྐྱང་ཡོད་ན་མི་སྐྱོབ་སྟེ། ཐུགས་རྗེ་ཆེན་པོའི་གཟུངས་ཀྱི་ཕན་ཡོན་རྣམས་ལས། ཐེ་ཚོམ་གྱི་རྣམ་པ་ཅུང་ཟད་སྐྱེས་ན་དེ་ཐམས་ཅད་མི་འགྲུབ་བོ། །ཞེས་གསུངས་པ་ལྟ་བུའོ། །སྔོན་ནས་ཡུན་རིང་དུ་གསོལ་བ་བཏབ་ནས། བྱིན་རླབས་ཞུགས་པའི་རྟགས་ཅུང་ཟད་མཐོང་དགོས་ཀྱི། གྲུ་ཁའི་སྐྱབས་འགྲོ་ལྟ་བུས་སྐྱོབ་པར་དཀའོ། །དེ་ལྟ་བུ་རྣམས་མ་ཡིན་པར་དད་པ་བརྟན་པོས་སྔོན་ནས་ཡུན་རིང་གསོལ་བ་བཏབ་ནས། ཐུགས་རྗེ་བྱིན་རླབས་ཞུགས་པའི་རྟགས་དང་མཚན་མ་ཅུང་ཟད་ཐོན་པར་བྱས་ནས་འཕྲལ་དུ་འདོད་དོན་གང་དགོས་གསོལ་བ་བཏབ་ན་འགྲུབ་བོ། །དེ་འགྲུབ་ན་རང་ཉིད་ནུས་པ་ཆེ་བའི་ང་རྒྱལ་མི་རུང་བས། གུ་རུའི་ཐུགས་རྗེ་བྱིན་རླབས་ཡིན་པར་ཤེས་ནས་སླར་ཡང་དད་གུས་མེ་ལ་ཤིང་བསྣན་པ་ལྟར་བྱ་དགོས་སོ། གལ་ཏེ་ཕྲིན་ལས་དེ་མ་འགྲུབ་ན་དད་པ་ལོག་པར་མི་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཞེས་གསུངས་


CMR048_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རྣམ་སྨིན་ཡིན་པ་ཤེས་པར་བྱའོ། །དཔེ་ཆ་ལ་ང་ཉིད་ཅེས་པ་གུ་རུའི་གསུང་ཚིག་བྲིས་པ་ཡིན། འདོན་དུས་ཨོ་རྒྱན་ཞེས་བསྒྱུར་བར་བྱའོ། །ཚིག་མཚམས་ཐམས་ཅད་དུ་བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། ཞེས་དཔེ་འགའ་རེ་ལ་མེད་ཀྱང་བཙུད་པར་བྱའོ། །དང་པོ་ནི་རང་གི་སྤྱི་བོར་ཨོ་རྒྱན་རིན་པོ་ཆེ་བསྒོམས་ནས་གསོལ་བ་བཏབ་པས། གུ་རུའི་དཔྲལ་བ་ནས་འོད་ཟེར་དཀར་པོ་བྱུང་རང་གི་དཔྲལ་བར་ཐིམ་པས། གཏི་མུག་གི་སྒྲིབ་པ་དག་ནས་དུད་འགྲོའི་སྐྱེ་སྒོ་ཆོད། མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་རང་གི་མགྲིན་པར་ཐིམ་པས། འདོད་ཆགས་ཀྱི་སྒྲིབ་པ་དག་ནས་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད། ཐུགས་ཀ་ནས་འོད་ཟེར་མཐིང་ཀ་བྱུང་ནས་རང་གི་སྙིང་གར་ཐིམ་པས། ཞེ་སྡང་གི་སྒྲིབ་པ་དག་ནས་དམྱལ་བའི་སྐྱེ་སྒོ་ཆོད། ལྟེ་བ་ནས་འོད་ཟེར་སེར་པོ་བྱུང་ནས་རང་གི་ལྟེ་བར་ཐིམ་པས། ང་རྒྱལ་གྱི་སྒྲིབ་པ་དག་ནས་ལྷ་ཕམ་ལྟུང་དང་མི་བྲེལ་ཕོངས་ཀྱི་སྐྱེ་སྒོ་ཆོད། གསང་གནས་ནས་འོད་ཟེར་ལྗང་གུ་བྱུང་ནས་རང་གི་གསང་གནས་སུ་ཐིམ་པས། ཕྲག་དོག་གི་སྒྲིབ་པ་དག་ནས་ལྷ་མིན་གྱི་སྐྱེ་སྒོ་ཆོད། དེ་ནས་ཨོ་རྒྱན་རིན་པོ་ཆེ་རང་ལ་ཐིམ་པས་དུག་ལྔ་ཡེ་


CMR048_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔར་གནས་འགྱུར་བར་བསྒོམས་པས་དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ནས་འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་ཆོད། ལས་ཚོགས་དང་པོའོ།། །།ཡང་དུ་རུཥའི་དམག་ཚོགས་ཆེན་པོས་འཇིགས་པ་བྱུང་ན། རང་ཉིད་འཕགས་པ་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག་ནག་ཁྲོ་ཞལ་ཨམ་གཙིགས་བསྡམས་ཤིང་སྤྱན་གསུམ་བསྒྲད་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཕྱར་ཞིང་གཡོན་གནམ་ལྕགས་ཀྱི་ཕུར་པས་ཕ་རོལ་ལ་གཟིར་བའི་རྩེ་ནས་གནམ་ལྕགས་ཀྱི་ཐོག་རྒོད་གྲངས་མེད་པ་འཕྲོ་བ། ཕོད་ཁ་ལྗང་གུ་དང་ཆོས་གོས་མི་མགོའི་ཕྲེང་བ་ཅན། ཐུགས་ཀར་ཧཱུྃ་དམར་ནག་ལས་མེ་འབར་བ། ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་ངོ་བོ། ཞབས་གཉིས་བརྐྱང་བསྐུམ་བྱེད་ཀྱི་འདོར་ཐབས་ཀྱིས་རྒྱ་སྟག་དམར་པོ་རི་རབ་ཙམ་སྟག་སྐད་འབྲུག་ལྟར་ངུར་བའི་སྟེང་ན་བཞུགས་པ། རང་གི་སྤྱི་བོར་ཨོ་རྒྱན་ཀརྨ་ཐོད་ཕྲེང་རྩལ་སྐུ་མདོག་ལྗང་ནག་མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་བསྒྲད་པ་ཕྱག་གཡོན་དྲིལ་བུ་དང་བཅས་པའི་སྡིགས་མཛུབ་ཕ་རོལ་ལ་གཟིར་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཐོག་རྒོད་འཕྲོ་བ་ནམ་མཁའ་ལ་ཕྱུར་བ། བེར་དང་པད་ཞྭ་ལྗང་ནག་དང་བེར་ལྗང་ནག་གཉིས་ཀྱི་སྟེང་ན་


CMR048_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གོས་གསོལ་བ། ཞབས་དཔའ་བོ་གཡུལ་ལས་རྒྱལ་བའི་བཞུགས་སྟང་ཕྱེད་སྐྱིལ་ལ་གཡས་ཅུང་ཟད་བརྐྱངས་ནས་བཞུགས་པར་བསྒོམ། ཐུགས་ཀའི་ཧཱ་ཡིག་ལྗང་ནག་ལས་འོད་འཕྲོས་རྔ་ཡབ་ནས་དེ་བསྐྱེད་པ་ལྟ་བུ་སྤྱན་དྲངས་ལ་བསྟིམ་མོ། །གསོལ་འདེབས་བསམ་པ་ལྷུན་གྲུབ་མ་འདོན། དེ་ལྟར་གསོལ་བ་བཏབ་པས་གུ་རུའི་སྐུ་ལས་འོད་ཟེར་ལྗང་ནག་ཚྭ་ཞིང་རྩུབ་པའི་རེག་བྱ་ཅན་འཇིག་རྟེན་ཁྱབ་པར་འཕྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། སྡེ་དཔོན་སུམ་ཅུ། དཔལ་མགོན་བདུན་ཅུ། དྲེགས་ཆེན་བཅོ་བརྒྱད། མགུར་ལྷ་བཅུ་གསུམ། བརྟན་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག །ཐམས་ཅད་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས། གོ་གྱོན་མཚོན་ཐོགས་ཏེ་དམག་དཔུང་གི་གཟུགས་སུ་སྐད་ཅིག་ཉིད་ལ་སྤྲིན་ནག་ལྟར་འཐིབས་ནས་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རང་དབང་མེད་པར་བཟློག་པར་བསྒོམ་མོ། །ལས་ཚོགས་གཉིས་པའོ།། རང་ངམ་གཞན་ལ་ནད་ཀྱིས་ཐེབས་པའི་དུས་སུ་སྤྱི་བོར་ཨོ་རྒྱན་པད་ཞྭ་ཆོས་གོས་ཅན་གཞུང་ལྟར་བསྒོམ་པའི་ཕྱག་གཡོན་ཚེ་བུམ་ནང་དུ་སངས་རྒྱས་སྨན་གྱི་བླ་བསྒོམ་པའི་ཐུགས་ཀར་ཧཱུཾ་སྔོན་


CMR048_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལས་འོད་ཟེར་འཕྲོས་པས། རྔ་ཡབ་ནས་ཨོ་རྒྱན་དང་ཤར་ཕྱོགས་ཀྱི་ཞིང་ཁམས་བཻཌཱུརྱ་སྣང་བ་ནས་སྨན་བླ་སྤྱན་དྲངས་ལ་དབྱེར་མེད་དུ་བསྟིམ། གསོལ་འདེབས་ལ་བསམ་པ་ལྷུན་གྲུབ་མ་མང་དུ་བཏོན་ནས། ཕྱག་གཡོན་བུམ་པའི་ནང་སྨན་བླའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ། བུམ་པའི་ཁ་ནས་ལུད་ནད་པའི་ཚངས་བུག་ནས་ཞུགས་ཏེ་ལུས་གང་དེ་ཡང་ཚད་པའི་ནད་ལ་བདུད་རྩི་དཀར་པོ་ག་པུར་གྱི་ཆུ་ལྟར་གྲང་སིལ་སིལ་བ། གྲང་བ་ལ་བདུད་རྩི་དམར་པོ་ལྕགས་སྲེག་གི་ཁུ་བ་ལྟར་ཚ་ཞིང་བསྲེགས་པ། རླུང་གི་ནད་ལ་བདུད་རྩི་སེར་པོ་འབྲུ་མར་བཞུས་པ་ལྟ་བུ། འདུས་པའི་ནད་ལ་བདུད་རྩི་ཁ་དོག་ལྔ་ལྡན་བསིལ་དྲོད་སྙོམས་པར་བབས། ཚད་པའི་ནད་ཐམས་ཅད་བཀྲུས། གྲང་བའི་ནད་ཐམས་ཅད་བསྲེགས། རླུང་གི་ནད་ལ་ཀོ་སྐམ་སྣུམ་གྱིས་བརླན་པ་ལྟ་བུ། འདུས་པའི་ནད་ལ་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བསྒོམས་ལ། མཐར་ཨོ་རྒྱན་དང་སྨན་བླ་འོད་དུ་ཞུ་ནས་གང་ན་ས་དེར་ཐིམ་པར་བསྒོམ། །ཁོལ་བུར་གཟེར་ན་གང་ན་ས་དེར་ཨོ་རྒྱན་སྨན་བླ་གོང་ལྟར་སྐུ་ཆུང་ངུ་བསྒོམས་ལ་གསོལ་བ་བཏབ་ནས་ན་ས་དེར་ཐིམ་པར་བསྒོམ་པར་བྱའོ། །ལས་ཚོགས་གསུམ་པའོ།།


CMR048_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ཕོངས་དང་བཀྲེས་སྐོམ་དང་མུ་གེ་སེལ་བ་ནི། རང་གི་སྤྱི་བོར་པདྨ་འདབ་མ་སེར་པོ་འདབ་མ་སྟོང་ལྡན་གྱི་ལྟེ་བར་གུ་རུ་རཏྣ་ཐོད་ཕྲེང་རྩལ་སྐུ་མདོག་གསེར་བཙོ་མ་ལྟ་བུ། བེར་དང་པད་ཞྭ་ཆོས་གོས་ཐམས་ཅད་ཟ་འོག་སེར་པོ་རིན་ཆེན་ཆ་བདུན་རི་མོ་ཅན། སྐུ་ཤ་རྒྱས་ཤིང་གཟི་བརྗིད་དང་ལྡན་པའི་ཐུགས་ཀར་ཧཱུྃ་ཡིག་སེར་པོ་ལས་འོད་ཟེར་འཕྲོས་པས་རྔ་ཡབ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། བསམ་པ་ལྷུན་གྲུབ་མའི་གསོལ་བ་བཏབ་པའི་སྐུ་ལས་འོད་ཟེར་སེར་པོ་འཇིག་རྟེན་ཁྱབ་པར་འཕྲོས་ནས། རྣམ་སྲས་རིགས་ལྔ་ཛཾ་ལྷ་རིགས་ལྔ་ལ་སོགས། གནོད་སྦྱིན་བྱེ་བ་བདུན་འབུམ་ནོར་རྒྱུན་མ་མཆེད་ལྔ་ལ་སོགས་ནོར་ལྷ་མོ་རིགས། མཁའ་འགྲོ་བྱེ་བ་འབུམ་སྡེ། ཚོགས་བདག །ཨ་པ་ར་ཙི་ཛི་ཏ། ས་ཡི་ལྷ་མོ་སོགས་དངོས་གྲུབ་ལ་དབང་བ་རྣམས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་ན་བུན་འཐིབས་པ་ལྟར་སྐད་ཅིག་ལ་འདུས་ནས། ལ་ལས་རིན་པོ་ཆེའི་ཆར། ལ་ལས་འབྲུའི་ཆར། ལ་ལས་ཟས་དང་གོས་ཀྱི་ཆར་འབེབས་པར་བསམས་ལ། མཐར་ཨོ་རྒྱན་རང་ལ་ཐིམ་པར་བསྒོམས་པས་དབུལ་ཕོངས་འབྱུང་བའི་ལས་ཀྱི་སྒྲིབ་པ་དག་ནས་རང་ཉིད་རཏྣ་ཐོད་ཕྲེང་རྩལ་དུ་


CMR048_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པར་བསྒོམ། ལས་ཚོགས་བཞི་པའོ།། །།སྔོན་གཏེར་སྟོན་རཏྣ་གླིང་པས། ཁྱུང་ཚང་བྲག་ནས་གཏེར་དང་པོ་བཏོན་དུས་བྲག་བརྐོས་པས། སེར་བ་བྱ་སྒོང་ཙམ་དང་རྡོ་ཡི་ཆར་པ་ལུག་མགོ་ཙམ་འུར་སྒྲ་དང་བཅས་ནས་བབས་པས། རོགས་ཐམས་ཅད་སྐྲག་ནས་ངུ་འབོད་བྱས་པས། གཏེར་སྟོན་གྱིས་ཨོ་རྒྱན་ལ་གསོལ་བ་བཏབ་པས། ང་ཁྱེད་ཀྱི་ལུང་བསྟན་པའི་གཏེར་སྟོན་ཡིན་ན་ཆོ་འཕྲུལ་འདི་ཙམ་མ་བཏང་། མིན་ན་ཅི་འདོད་གྱིས་གསུངས་པས། སེར་བ་དང་རྡོའི་ཆར་བབ་པ་ཆད་ནས་གཏེར་རྣམས་ཐོན་པ་དང་། ལྷོ་བྲག་མཁར་ཆུ་ནས་ཁྲོམ་བསྡུས་ནས་གཏེར་འདོན་གསུངས་ནས་བྲག་བརྐོས་པས་གཏེར་མ་རྙེད་པ་ལ། ཁྲོམ་རྣམས་ཀྱིས་རྫུན་རེད་སྨྲ་དོགས་ནས། ཨོ་རྒྱན་ལ་གསོལ་བ་བཏབ་པས། གཏེར་བདག་དགེ་བསྙེན་མཁའ་རི་མི་དཀར་རྟ་དཀར་ཅན་དངོས་སུ་བྱུང་ནས། བྲག་ལ་ལྕག་ཚན་བཙུགས་ནས་གཏེར་འདི་ན་ཡོད། ངས་ཕ་ནོར་བུ་ལ་འཕྲོད་ནས་ཡོད་དོ་ཟེར་བ་ཁྲོམ་ཀུན་གྱིས་དངོས་སུ་མཐོང་ཞིང་གཏེར་ཐོན་ནས། རཏྣ་གླིང་པ་ལ་ཐམས་ཅད་ཡིད་ཆེས་པར་གྱུར་པ་ལྟ་བུ་ཡིན་ལ། སྔོན་སྤྲེའུ་བྱང་ཆུབ་སེམས་དཔའ་བྲག་སྲིན་མོའི་བུ་སྤྲེའུ་ཕྲུག་བོད་ཀྱི་མིའི་ས་བོན་


CMR048_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་དེ་རྣམས་མ་སོས་ནས། སྤྲེའུ་པོ་ཏ་ལར་སོང་ནས། ཐུགས་རྗེ་ཆེན་པོ་ལ་ཞུས་པས་འབྲུ་སྣ་ལྔའི་སྤར་གང་བོད་དུ་གཏོར་བ་ལས་འབྲུ་སྣ་ལྔ་འཁྲུངས། རིན་པོ་ཆེའི་ཕྱེ་མ་སྤར་གང་བོད་དུ་གཏོར་བ་ལས་གསེར་ཁ་དངུལ་ཁ་ལྕགས་ཁ་ཟངས་ཁ་སོགས་གཏེར་རྣམས་འབྱུང་བར་བཤད་པས། གསེར་དངུལ་ཟངས་ལྕགས་བརྐོ་བ་དང་བཞུ་བ་ཡང་དོན་ལ་གཏེར་ཡིན་པས། རང་གི་སྤྱི་བོར་ཨོ་རྒྱན་སེར་པོ་ཕྱག་གཡས་ནོར་བུ་དང་རིན་པོ་ཆེ་དང་གཡོན་བྷནྡྷའི་སྟེང་དུ་གཏེར་གྱི་བུམ་པ་འཛིན་པར་བསྒོམ། རྔ་ཡབ་གླིང་ནས་སྤྱན་དྲངས་ལ་བསྟིམས་ནས་བསམ་པ་ལྷུན་གྲུབ་མའི་གསོལ་བ་བཏབ་པས། སྐུ་ལས་འོད་ཟེར་འཕྲོས་ཡུལ་དེའི་གཏེར་བདག་ལྷ་འདྲེ་རྣམས་ལ་ཕོག་པས། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་སེར་སྣའི་མདུད་པ་ལས་གྲོལ་ནས། གཏེར་ཁ་ཐམས་ཅད་ཨོ་རྒྱན་ལ་འབུལ་བའི་ཚུལ་གྱིས། ས་འོག་གི་རིན་པོ་ཆེ་ཅི་ཡོད་པ་ཐམས་ཅད་རྫ་རི་ཉིལ་བ་ལྟར་བཏོན་ཅིང་བྱིན་པར་བསམ། མཐར་ཨོ་རྒྱན་རང་ལ་ཐིམ་པས་རང་རཏྣ་ཐོད་ཕྲེང་རྩལ་དུ་གྱུར་པར་བསྒོམ། ལས་ཚོགས་ལྔ་པའོ།། །།ཡང་འབྲས་མོ་ལྗོངས་དང་། པདྨ་བཀོད་དང་། བྱང་འབྲས་མོ་གཤོངས་


CMR048_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གྲོ་བོ་ལུང་དང་། ལི་ཡུལ་ཆུང་བ་དང་། སྦས་པའི་ཡུལ་ཆེ་ཆུང་རྣམས་སུ་འགྲོ་དུས་སམ། ཙཱ་རི་གངས་ཀྱི་ར་བ། ཡོལ་མོ་གངས་ཀྱི་ར་བ། གནོད་སྦྱིན་གངས་ཀྱི་ར་བ་སོགས། ཨོ་རྒྱན་རིན་པོ་ཆེའི་དབེན་གནས་གངས་ཆེན་ཉི་ཤུ་རྩ་གཅིག་ལ་སོགས་གནས་ཆེན་རྣམས་སུ་འགྲོ་བའི་དུས། རང་ཉིད་སྤྱི་བོར་ཨོ་རྒྱན་རིན་པོ་ཆེ་སྤྲུལ་སྐུའི་ཆ་ལུགས་ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་ཅན། རང་གི་མདུན་ཕ་ཀིར་ཨོ་རྒྱན་གཅེར་བུ་ཨ་ཙ་རའི་གཟུགས་ཌཱ་མ་རུ་འཁྲོལ་ཞིང་གར་བྱེད་པས་ལམ་སྣ་ཁྲིད་པར་བསྒོམས་ལ། རྔ་ཡབ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ་མོ། །བསམ་པ་ལྷུན་གྲུབ་མ་བཏོན་ལ་གསོལ་བ་བཏབ་པས་ཨོ་རྒྱན་གྱི་སྐུ་ལས་འོད་ཟེར་དམར་པོ་ཚ་ཞིང་སྲེག་པ་འཕྲོས། གནས་ཀྱི་གཞི་བདག་རྣམས་དང་སྒོ་སྲུང་རྣམས་ལ་ཕོག་པས། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་ཐམས་ཅད་ཀྱི་ལམ་སྣ་ཁྲིད་ཅིང་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི་དབང་པོའི་སྒོ་ལྔ་ནས་མེ་དཔུང་འུ་རུ་རུ་འབར་བས་ཁ་ཆར་བུ་ཡུག་བཅད་པར་བསྒོམ། གནས་དེ་རྣམས་སུ་ཆོས་ཁོ་ན་བསམས་ནས་འགྲོ་ན། རབ་ཨོ་རྒྱན་དངོས་འབྲིང་སྤྲུལ་པའི་བྱ་རིགས་རི་དྭགས་ཐ་མ་ཉམས་རྨི་ལམ་དུ་


CMR048_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟོན་པར་ཐེ་ཚོམ་མེད་གསུངས་སོ། །ལས་ཚོགས་དྲུག་པའོ།། །།ཡང་འབྲོག་ཅེས་པ་ས་སྟོང་དུ་གཅན་གཟན་དུག་སྦྲུལ་སོགས་ཀྱིས་སྐྲག་ན། སྤྱི་བོར་ཨོ་རྒྱན་ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་ཅན་བསྒོམས་ནས་བསམ་པ་ལྷུན་གྲུབ་མའི་གསོལ་བ་བཏབ་པས། ཨོ་རྒྱན་གྱི་སྐུ་ལས་འོད་ཟེར་འཇིག་རྟེན་ཁྱབ་པར་འཕྲོས་པས། རྒྱ་གར་གྱི་དུར་ཁྲོད་བརྒྱད་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དང་དགུ་ནས། གིང་ཕོ་དགུ་གིང་མོ་དགུ་ཐམས་ཅད་གཅེར་བུ་རུས་པའི་རྒྱན་དྲུག་ཅན། ལག་ན་རྗེའི་ཆུང་ཐོགས་པ་དང་། དུར་ཁྲོད་ཀྱི་སྲུང་མ་ཀེང་རུས་ཕོ་མོ་ལག་ན་དབྱུག་ཐོ་དང་སྦྲུལ་ཞགས་ཐོགས་པ། ལྷ་མོ་ལྕགས་སྒྲོག་མ་ལྗང་མོ་ལག་ན་ལྕགས་སྒྲོག་ཐོགས་པ་མང་པོ་བྱུང་ནས་རང་གི་མཐའ་བསྐོར་ནས་ཞལ་ཕྱིར་གྱུས་ཏེ་ཀུ་སྒྲ་དང་བསྔོ་སྒྲ་དང་བཤུད་གླུ་དང་ང་རོའི་སྒྲས་གཅན་གཟན་བསྐྲད་པར་བསྒོམ་མོ། །ལས་ཚོགས་བདུན་པའོ།། །།རི་ཉིལ་བ་དང་བྲག་ཞིག་པ་དང་ས་ལོག་ས་འགུལ་སོགས་འབྱུང་དོགས་ན། རང་ཨོ་རྒྱན་སེར་པོ་ཕྱག་གཉིས་ས་གནོན་མཛད་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ས་ཆ་དེ་ཁྱབ་པར་བསྒོམས་ནས་གསོལ་བ་བཏབ་པས། ཨོ་རྒྱན་


CMR048_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལས་འོད་ཟེར་སེར་པོ་འཕྲོས་པས། ས་བདག་ལྟོ་འཕྱེ་དང་ལྷ་མོ་བརྟན་མ་དང་། ས་འཛིན་ལག་པ། ས་བདག་དབང་ཆེན། བློན་པོ་ཤྲཱི་བྷ་དྲ་ཐམས་ཅད་རང་དབང་མེད་པར་འདུས་ནས་ས་གཞི་མི་གཡོ་ཞིང་བརྟན་པའི་ཕྲིན་ལས་སྒྲུབ་པར་བསྒོམས་ལ་མཐར་ཨོ་རྒྱན་ས་ཆ་དེ་ལ་ཐིམ་པར་བསྒོམ་མོ། །མཁར་ཁང་འགྱེལ་དོགས་ནའང་དེ་བཞིན་དུ་ཨོ་རྒྱན་མཁར་ཁང་ལ་བསྟིམ་མོ། །ལམ་ངན་དང་གཡང་ས་ལ་འགྲོ་དུས་མི་ཕྱུགས་རྦབ་དོགས་ན། གཡང་སའི་ཐད་ཀྱི་བར་སྣང་ལ་ཨོ་རྒྱན་སྐུ་ཤིན་ཏུ་ཆེ་བ་ཕྱག་གཡས་སྐྱབས་སྦྱིན་གྱིས་གཡང་ས་དེ་རྭ་བའི་ཚུལ་དུ་གཡོར་བར་བསྒོམ་མོ། །དེ་དག་ནི་སའི་འཇིགས་པ་སེལ་བའོ། །གྲུ་ལོག་དོགས་པའམ། རབ་མི་ཆོད་དོགས་སམ། ཟམ་པ་ལས་བྲུལ་དོགས་སམ། བྲེང་ངམ་ལྕགས་ཐག་ཆད་དོགས་ན། ཆུའི་ཐད་བར་སྣང་ལ་ཨོ་རྒྱན་གཞུང་ལྟར་ལ་ཕྱག་གཡས་སྐྱབས་སྦྱིན་མཛད་པ། ཕྱག་སྐྱབས་སྦྱིན་དེས་ཆུའི་ཕར་ཀ་ཚུར་ཀ་ཐམས་ཅད་ཁེབས་པར་བསྒོམ། ཨོ་རྒྱན་གྱི་སྐུ་ལས་འོད་ཟེར་འཕྲོས་པས་ཆུ་བདག་ཀླུ་བདུད་ཀླུ་བཙན་ཐམས་ཅད་ལ་ཕོག་པས་སྔོན་གྱི་ཁས་བླངས་དྲན་ནས་གནོད་པ་མི་བྱེད་པར་ཆུ་ལས་སྒྲོལ་བའི་སྡོང་གྲོགས་


CMR048_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་བསམ། ཆུ་ལས་སྒྲོལ་ཚར་ནས་ཨོ་རྒྱན་རང་ལ་བསྟིམ་མོ། །སེར་བ་བཅས་ནས་བྱུང་ན་སེར་སྤྲིན་གྱི་དཀྱིལ་དུ་རྡོ་རྗེ་གྲོ་ལོད་བསྒོམ། སྐུ་ལས་མེ་འབར་བས་སེར་སྤྲིན་དེ་མེའི་ཕུང་པོར་གྱུར་པར་བསྒོམས་ལ་གསོལ་བ་བཏབ་པས་སེར་བ་ཞུའོ། །སེར་བ་རྒྱབ་བྱུང་ན་སེར་བའི་གདོང་ལ་རྡོ་རྗེ་གྲོ་ལོད་ཞལ་ཕར་གཟིགས་ནས་སྐུ་ལས་མེ་ཕུང་ཉྩ་འཚུབ་མ་བསྐལ་པའི་འཐོར་རླུང་ལྟ་བུས་སེར་བ་ཕར་བཟློག་པར་བསྒོམ། སྡིགས་མཛུབ་ཀྱིས་ཞིང་མེད་ས་ལ་སེར་ལམ་བསྟན་པར་བྱའོ། །ཤུ་འུད་ཀྱིས་ཡུལ་དང་ཞིང་ཁྱེར་དོགས་ན། །ཤཱའི་འུད་ཀྱི་སྣར་ཐོ་ཆེན་པོ་བརྩེགས་པའི་ནང་དུ་གནས་ཆེན་ཐམས་ཅད་ཀྱི་ས་སྣ་དང་། ཨོ་རྒྱན་གྱི་སྐུའམ་བཛྲ་གུ་རུ་རྡོ་ལ་བྲིས་ནས་བཞག །ཐོ་དེ་སེང་གེ་སྒྲ་སྒྲོག་བྱ་ཁྱུང་གི་དབུ་བརྒྱན་ཡནས་ཞལ་ཕར་གཟིགས་པར་བསྒོམ། རྔ་ཡབ་ནས་ཡེ་ཤེས་པ་དེ་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ། བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་བརྒྱའམ་ཉེར་གཅིག་འདོན་ནས་ཐོ་ལ་རབ་གནས་བྱའོ། །གལ་ཆེ་ན་རབ་གནས་ལོ་དུས་སུ་བསྐྱར། ཁ་ཆར་ཆེ་ནས་གནོད་ན། རང་གི་སྤྱི་བོར་ཨོ་རྒྱན་སྐུ་ལས་མེ་དཔུང་འབར་བར་བསྒོམ། ནམ་མཁའ་ཐམས་ཅད་


CMR048_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་མེའི་བྱ་ཁྱུང་གིས་གང་བ། ས་གཞི་ཐམས་ཅད་ལྕགས་སྲེག་གི་རང་བཞིན། དབུས་ཀྱི་རི་བོ་མཆོག་རབ་ལ་མེ་མར་མེའི་སྡོང་བུ་ལྟར་འབར་བ། ཨོ་རྒྱན་གྱི་སྐུའི་འོད་ཟེར་ཕོག་པས་སྣང་སྲིད་སྡེ་བརྒྱད་ཀྱི་ཁ་སྣ་མིག་རྣ་བ་རྣམས་ནས་མེ་དཔུང་འུ་རུ་རུ་འབར་བ། ཀླུ་ཐམས་ཅད་རྒྱ་མཚོའི་གཏིང་དུ་བྲོས་པར་བསྒོམས་ལ་གསོལ་བ་བཏབ་བོ། །དེས་ནི་ཆུའི་འཇིགས་པ་སེལ་བའོ། །མཁར་ཁང་གྲོང་ཁྱེར་ནགས་ཚལ་སོགས་ལ་མེའི་མཆེད་དམ་མཆེད་དོགས་ན། དེའི་ནམ་མཁའ་ལ་ཨོ་རྒྱན་སྐུ་མདོག་སྔོན་པོ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་བུམ་པ་ཅན་གྱི་སྐུ་ལས་ཆུའི་རྒྱུན་ཆུ་བོ་གངྒཱ་ཙམ་བབས་པས་མེ་བསད་པར་བསྒོམ། མེ་མཆེད་དོགས་ཡིན་ན་ཆུའི་བཅུད་དེ་དག་མཁར་ཁང་གང་ཡིན་པ་དེ་ལ་ཐིམ་པར་བསྒོམ། ནགས་ཚལ་གྱི་མེ་བཤོལ་ན་ཨོ་རྒྱན་གྱི་སྐུའི་འོད་ཟེར་གྱིས་ཀླུ་དང་ཡུལ་ལྷ་ཐམས་ཅད་རང་དབང་མེད་པར་བསྐུལ་ནས་ཁ་ཆར་ཆེན་པོ་འབེབས་པར་བསྒོམ། ཐན་པ་ཆེན་པོས་ས་ཚིག་ན་ཨོ་རྒྱན་གྱི་སྐུའི་འོད་ཟེར་གྱིས་རྒྱ་མཚོ་ཆེན་པོའི་ཀླུ་རྣམས་རང་དབང་མེད་པ་བསྐུལ་ནས་ཀླུ་རེ་རེའི་ཀྱང་ཆུའི་རྐྱལ་པ་སྟོང་ཕྲག་མང་པོ་ཐོགས་ནས་བར་སྣང་ཁམས་སུ་སྤྲིན་གྱི་རྟ་ལ་ཞོན་ནས་ཆུ་བོའི་རྒྱུན་གྱིས་


CMR048_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་སྔོ་ལྟེམ་མེ་གང་བར་བསམ། ཨོ་རྒྱན་གྱི་བ་སྤུའི་བུ་ག་ནས་ཀྱང་ཆུ་བོའི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་བབས་པས་རྩྭ་སྔོ་ཐམས་ཅད་སྔོ་ལྷུབ་ལྷུབ་སྐྱེ་བར་བསམས་ལ་གསོལ་བ་བཏབ་བོ། །མེའི་འཇིགས་པ་སེལ་བའོ། །རླུང་ཐོག་གིས་མཁར་ཁང་འགྱེལ་དོགས་པ་དང་། སྤྲིན་རླུང་གིས་གཏོར་ནས་ཆར་མི་བབ་ན། ཨོ་རྒྱན་གསེར་གྱི་མདོག་ཅན་ཞལ་ནུབ་བྱང་དུ་གཟིགས་པ། སྐུ་རི་རབ་ཙམ་ཕྱག་གཉིས་མཉམ་བཞག་ཅན་གྱི་སྐུ་ལས་འོད་ཟེར་འཕྲོས་པས། ནུབ་བྱང་མཚམས་ནས་རླུང་ལྷ་སྔོན་པོ་ཤ་བ་ཞོན་པ་ལག་ཏུ་རླུང་གི་བ་དན་བསྒྲིལ་ནས་འཛིན་པ་ཞིག་རང་དབང་མེད་པར་བཀུག་ནས་ཨོ་རྒྱན་གྱི་གདན་ཞབས་སུ་ཚུད་པས་རླུང་ལྷའི་བ་དན་ཆག །ཤ་བའི་རྐང་པ་ཆག་ནས་གདན་ཞབས་སུ་འགུལ་འཆུག་མེད་པར་མནན་པར་བསྒོམས་ལ་གསོལ་བ་འདེབས། སད་འབྱུང་དོགས་ན་ཨོ་རྒྱན་གྱི་སྐུའི་འོད་ཟེར་གྱིས་ཀླུ་ཐམས་ཅད་རང་དབང་མེད་པར་བསྐུལ་ནས། ཀླུ་དང་ཡུལ་ལྷ་ཐམས་ཅད་ཀྱི་དབང་པོའི་སྒོ་ལྔ་ནས་སྤྲིན་དང་ན་བུན་སྨུག་ཞོད་ཕྱུ་རུ་རུ་བྱུང་། ནམ་མཁའ་ཐམས་ཅད་མཁའ་འགྲོ་མའི་ཚོགས་ལག་ན་སྤྲིན་གྱི་རྔ་ཡབ་འཛིན་པས་གང་བར་བསྒོམས་ལ་གསོལ་བ་


CMR048_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་བོ། །དེ་དག་ནི་རླུང་གི་འཇིགས་པ་སེལ་བའོ། །འབྱུང་བཞིའི་དམིགས་པ་སྣ་ཁ་མང་ཡང་གཅིག་ཏུ་བསྡུས་ནས། ལས་ཚོགས་བརྒྱད་པའོ།། །།ཆོམ་རྐུན་ཡོད་སར་འགྲོའམ་ཚུར་འོང་དོགས་ན། སྤྱི་བོར་ཨོ་རྒྱན་ཕྱག་གཡས་སྐྱབས་སྦྱིན་ཅན་བསྒོམ། སྐུ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་ཀྱི་གནས་ཐམས་ཅད་ནས་དུར་ཁྲོད་ཀྱི་བདག་པོ་དང་བདག་མོ་ཀེང་རུས་ཀྱི་གཟུགས་ཅན་ལག་ན་ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ་དཔག་ཏུ་མེད་པ་དང་། རི་རབ་ཀྱི་རྩེ་དང་རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་ནས། ལྷ་མོ་འོད་ཟེར་ཅན་མ་སེར་མོ་ཕག་ལ་ཆིབས་པ། ལག་ན་ཁབ་དང་སྐུད་པ་འཛིན་པ་དཔག་ཏུ་མེད་པ་བུ་ཡུག་འཚུབ་པ་བཞིན་བྱུང་ནས། ཇག་རྐུན་ཐམས་ཅད་ལྕགས་ཀྱུས་སྙིང་ནས་བཟུང་བ། འགུལ་དབང་མེད་པར་ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུའི་སྒྲ་ཡིས་ཡིད་མྱོས་ཏེ་དྲན་མེད་དུ་གྱུར། ཁབ་དང་སྐུད་པས་ཁ་དང་མིག་བཙེམས་པར་བསྒོམས་ལ་གསོལ་བ་བཏབ་བོ། །ལས་ཚོགས་དགུ་པའོ།། །།མཚོན་ཆའི་འཇིགས་པ་སྲུང་བ་ནི། རང་ཉིད་སེང་གེ་སྒྲ་སྒྲོག་མཐིང་ནག་ཁྲོ་བོའི་སྐུ། ཕྱག་གཡས་རྡོ་རྗེ་


CMR048_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གསོར་ཞིང་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་མེ་འབར་བ། ཐུགས་ཉི་ཟླའི་གའུ་ཁ་སྦྱོར་གྱི་བར་དུ་མི་རྟ་བསྲུང་བྱ་རྣམས་ཚུད་པར་བསྒོམ། རང་གི་སྤྱི་བོར་ཨོ་རྒྱན་ཆོས་གོས་པད་ཞྭ། ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་གྱིས་བདག་ལ་སྐྱོབ་པའི་ཚུལ་དུ་བསྒོམ། རྔ་ཡབ་ནས་དེ་འདྲ་བ་སྤྱན་དྲངས་ནས་རང་དང་སྤྱི་བོའི་ཨོ་རྒྱན་གཉིས་ཀ་ལ་བསྟིམས་ནས། བསམ་པ་ལྷུན་གྲུབ་མའི་གསོལ་བ་བཏབ་པས། ཕྱག་གཡས་རྡོ་རྗེ་ལས་རྡོ་རྗེ་ཕྲ་མོ་གྲངས་མེད་པ་མང་པོ་འཕྲོས་པས་བདག་གི་མགོ་ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱུར། ཕྱག་གཡས་རྡོ་རྗེ་ལས་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ཆེན་པོའི་ཚོགས་འཕྲོས་པས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོའི་སྟེང་རྡོ་རྗེའི་གུར། ས་དེ་ནི་རྡོ་རྗེའི་ལྟེ་བ་ལྟ་བུར་གྱུར་པའི་ཕྱོགས་བཞིར་རྡོ་རྗེའི་ར་ཁ་གདེངས་པའི་རྡོ་རྗེའི་རྩེ་མོ་བཞི་སྐྱེས་པའི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བའི་ནང་དུ་རང་ཉིད་ཚུད་ནས་རྡོ་རྗེའི་རྩེ་མོ་ལས་བསྐལ་པའི་མེ་ཕུང་དམྱལ་བའི་མེའི་ཚ་ངར་དང་ལྡན་པ་འུར་སྒྲ་དང་བཅས་མཆེད་ཅིང་འབར་བས་དགྲ་ཡི་མཚོན་ཐམས་ཅད་ཞ་ཉེ་མེས་བསྲེགས་པ་ལྟ་བུར་ནུས་མེད་དུ་སོང་བར་བསྒོམ་མོ། །འདི་ནི་གོང་ནས་ཡུན་རིང་


CMR048_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམ་ཞིང་གསོལ་བ་བཏབ། དགོས་དུས་དམིགས་པ་གསལ་བར་བསྒོམས་ནས་གསོལ་བ་འདེབས་ལོངས་མ་བྱུང་ན་ཡང་། ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་པ་ཁོ་ན་སྔགས་འདོན་པ་ལྟར་བྱའོ། །དེས་རབ་མཚོན་མི་འཁོར། འབྲིང་མི་ཟུག །ཐ་མ་ཡང་ཉེས་ཞབས་མི་འགྲོ་བར་ངེས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། ལས་ཚོགས་བཅུ་པའོ།། །།དེ་ནས་དུས་ནམ་ཞིག་རང་ཉིད་འཆི་ནད་ཕོག་པར་གྱུར་པ་ན། ལན་གསུམ་དུ་རིམ་གྲོ་དང་སྨན་སོགས་ཐབས་གང་དྲག་བྱ། དེ་མ་བྱས་ན་ལུས་ལྷ་བསད་པའི་ཉེས་པ་འབྱུང་བའི་ཕྱིར་འཕོ་བ་བསྒོམ་མི་རུང་། ཅིས་ཀྱང་མ་ཕན་འཆི་བའི་རྟགས་ཚང་ན། རང་གི་སྤྱི་བོར་ཁྲུ་གང་གི་སར་པདྨ་དང་ཟླ་བའི་གདན་ལ་ཨོ་རྒྱན་སྤྲུལ་སྐུ་པད་ཞྭ་ཆོས་གོས་ཅན་གཞུང་ལྟར་བསྒོམ། དེའི་ཐུགས་ཀར་ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དཀར་པོ་ཕྱག་བཞི་པ་གཞུང་ལྟར་བསྒོམ། དེའི་ཐུགས་ཀར་ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད་དམར་པོ་གཞུང་ལྟར་བསྒོམ། བདེ་བ་ཅན་དང་པོ་ཏ་ལ་དང་རྔ་ཡབ་གླིང་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། གཞན་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རང་གི་


CMR048_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལྟོས་ཡོད་ཚད་འབྲེལ་བ་ཐོབ་ཚད་ཐམས་ཅད་ཡིད་ཀྱིས་སྤྱན་དྲངས་ལ་བླ་མ་སྐུ་གསུམ་ལ་བསྟིམས་ནས། སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བསྒོམས་ལ་རང་གིས་ནུས་ན་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་འདོན། རང་གིས་མ་ནུས་ན་དམ་ཚིག་གཙང་ཞིང་སྐད་བདེ་བ་ཞིག་ལ་དབྱངས་དང་བཅས་པས་འདོན་བཅོལ། འདོན་རོགས་མེད་ན་རང་གི་ཡིད་ཀྱིས་གསོལ་བ་བཏབ་ནས། བདག་གི་ལུས་ཤ་ཁྲག་གི་ཕུང་པོ་འདི་ནམ་ཡང་འཇིག་པའི་ཆོས་ཅན་ཡིན། བདག་ཁོ་ན་མ་ཡིན། སངས་རྒྱས་བཅོམ་ལྡན་འདས་ནས་འཇག་མའི་སྲིན་བུ་ཡན་ཆད་འཆི་བའི་ཆོས་ཉིད་འདི་ལས་མ་འདས། ད་ནི་འཁོར་བ་འདིས་སུན། ལུས་འདི་བོར་མ་ཐག་ཏུ་ཨོ་རྒྱན་ཆོས་སྐུའི་ཞིང་ཁམས་བདེ་བ་ཅན་དུ་འགྲོ་ནས་ཨོ་རྒྱན་ཆོས་སྐུའི་ངོ་བོ་སངས་རྒྱས་སྣང་བ་མཐའ་ཡས་ལ་ཆོས་ཉན་ནས་སྟན་ཐོག་དེ་ལ་ས་བཅུ་ཐོབ་པ་ཞིག་བྱས་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱས་སེམས་ཅན་གྱི་དོན་བྱའོ་སྙམ་དུ་སེམས་བསྐྱེད། རང་གི་ལུས་དང་ལོངས་སྤྱོད་ཉེ་དུ་འཁོར་ཞིང་ཁང་དང་བཅས་པ་ཨོ་རྒྱན་རིན་པོ་ཆེ་བླ་མ་སྐུ་གསུམ་དེ་ལ་མཎྜལ་གཅིག་ཏུ་བསྡུས་ཏེ་ཡིད་ཀྱིས་ཕུལ་ནས་གང་ལའང་ཆགས་ཞེན་སྤུ་ཙམ་ཡང་མེད་


CMR048_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །འདི་ཐམས་ཅད་བདག་གིས་ཨོ་རྒྱན་ལ་ཕུལ་ཚར་བ་ཡིན་པས་ད་ནས་དོན་མེད། སུས་ཅི་བྱས་ཀྱང་རུང་སྙམ་དུ་བྱའོ། །དེ་ནས་ཨོ་རྒྱན་གྱི་སྐུ་ལས་ཧྲཱི༔ཡིག་མང་དུ་འཕྲོས་ཏེ། དམྱལ་བར་སྐྱེ་བའི་ལམ་སྒོ་འོག་སྒོ། ཡི་དྭགས་ཀྱི་ལམ་ཁ། དུད་འགྲོའི་ལམ་གསང་གནས། ལྷ་མ་ཡིན་དང་གྲུལ་བུམ་གྱི་སྐྱེ་བའི་སྒོ་རྣ་བ་གཉིས། གནོད་སྦྱིན་དུ་སྐྱེ་བའི་སྒོ་སྣ་བུག་གཡས། མིར་སྐྱེ་བའི་སྒོ་སྣ་བུག་གཡོན། འདོད་ཁམས་ཀྱི་ལྷར་སྐྱེ་བའི་སྒོ་ལྟ་བ། མིའི་རྒྱལ་པོར་སྐྱེ་བའི་སྒོ་མིག་གཡོན། གཟུགས་ཁམས་ལྷར་སྐྱེ་བའི་སྒོ་མིག་གཡས་དང་མཛོད་སྤུ། གཟུགས་མེད་ཁམས་སུ་སྐྱེ་བའི་ལམ་ཚངས་སྨེ་རྣམས་ཧི༔ཡིག་དམར་པོ་མེ་འབར་བ་རེ་རེས་བཀག་པར་བསྒོམ། རང་གི་ལུས་ཀྱི་དབུས་ན་རྩ་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་མར་སྣེ་ལྟེ་འོག་ན་ཕུག་རྡུགས་སུ་ཡོད་པ། ཡར་སྣེ་སྤྱི་བོ་ཚངས་པའི་བུ་ག་རག་དུང་གི་ཁ་ལྟར་ཧད་པོར་ཡོད་པ། ལྟེ་དབུས་སུ་དབུ་མའི་ནང་དུ་མ་ལས་ཐོབ་པའི་རཀྟའི་ངོ་བོ་པདྨ་དམར་པོ་འདབ་མ་བརྒྱད་པ་སེན་མོ་ཙམ་པ། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་རླུང་སེམས་ཐམས་ཅད་གཅིག་ཏུ་འདུས་པའི་དྭངས་མ། ཐིག་ལེ་དཀར་པོ་སྣུམ་ལ་འདྲིལ་བ་འོད་


CMR048_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་སྲན་མ་ཙམ་པ་ཞིག་བསྒོམ། ཧིཀ་བདུན་བརྗོད་པས་ཐིག་ལེ་དེ་སྙིང་གར་འཕར། ཡང་བདུན་བརྗོད་པས་མགྲིན་པར་འཕར། ཡང་བདུན་བརྗོད་པས་སྤྱི་བོར་འཕར། ཡང་བདུན་བརྗོད་པས་སྤྱི་བོ་ནས་ཨོ་རྒྱན་བླ་མ་སྐུ་གསུམ་ཐུགས་ཀར་སིབ་སིབ་ཐིམ་པར་བསྒོམ། དམིགས་པ་དེ་དབུགས་མ་སོང་བར་དུ་རང་གིས་བསྒོམ། འཆི་ཁར་ཡིད་མི་གསལ་ན་རོགས་གཅིག་གིས་ཡང་ཡང་གསལ་འདེབས་བྱའོ། །རྟགས་ནི་སྤྱི་བོ་སྐྲངས་པ་དང་། སྤྱི་བོ་ནས་རླངས་པ་འཐུལ་བ་དང་། ཁྲག་དང་ཆུ་སེར་ཐོན་པ་དང་། དྲོད་སྤྱི་བོར་འདུས་པ་དང་། སྤྱི་བོར་ཀག་སྒྲ་གྲག་པ་དང་། སྐྲ་ཁོལ་བུར་བྱི་བ་ནང་རྟགས་ཡིན། རུས་པ་ལ་སྐུ་དང་ཡིག་འབྲུ་བྱོན་པ་གསང་བའི་རྟགས་ཡིན། མཁའ་ལ་འཇའ་ཚོན་ཤར་བ་ཕྱི་རྟགས་ཏེ་རྟགས་གསུམ་ཚང་ན་ངེས་པར་ཐེབས་རྟགས་སོ། །འདི་ནི་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གདམས་ངག་སྟེ། འཕོ་བ་ཐེབས་ན་སྡིག་པོ་ཆེ་ཡིན་ཀྱང་སྡིག་པས་མི་གོས་པར་དག་པའི་ཞིང་དུ་སྐྱེ་བ་གསང་སྔགས་ཀྱི་ཉེ་ལམ་ཡིན་པར་གསུངས་སོ། །ཚེ་འདིར་སེམས་ངོ་ལེགས་པ་རང་ཡིད་ཆེས་པར་བསྲུང་རྒྱུ་ཡོད་ནས་ཐུགས་དམ་ལ་འདུག་འདོད་ན།


CMR048_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་སྤྲུལ་སྐུ་ཨོ་རྒྱན་གཞུང་ལྟར་བསྒོམ། དེའི་ཐུགས་ཀར་རང་གི་སྙིང་དེ་ལོངས་སྐུ་ཚེ་དཔག་མེད་ཡབ་ཡུམ་བསྒོམ། དེའི་ཐུགས་ཀར་རང་གི་སེམས་དེ་ཆོས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་བསྒོམ། རྡོ་རྗེ་འཆང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་འོད་ཟེར་དང་བཅས་པ་བསྒོམ། རྔ་ཡབ་དང་བདེ་བ་ཅན་དང་འོག་མིན་ནས་གུ་རུ་སྐུ་གསུམ་སྤྱན་དྲངས་རང་ལ་བསྟིམ། བསམ་པ་ལྷུན་གྲུབ་མ་རང་གིས་འདོན་ནམ་རོགས་ལ་འདོན་བཅུག །དེ་ནས་འཆི་ལ་ཁད་བྱུང་ཙ་ན། རང་ལུས་ཨོ་རྒྱན་དེ་འོད་དུ་ཞུ་ནས་ཐུགས་ཀའི་ལོངས་སྐུ་ལ་ཐིམ། ལོངས་སྐུ་འོད་དུ་ཞུ་ནས་ཆོས་སྐུ་རྡོ་རྗེ་འཆང་ལ་ཐིམ། དེའི་ཐུགས་ཀའི་ཧཱུཾ་ལ་ཐིམ་ཧཱུྃ་གྱེན་རྫོགས་སུ་ཡལ་ནས་སྟོང་པ་ཉིད་དུ་བསྒོམས་ལ། སེམས་ལ་འཁྲུལ་སྣང་དང་འཇིགས་སྐྲག་ཅི་བྱུང་ན་ཡང་། སེམས་ཁོ་རང་ཡིན་གྱི་ལོགས་ནས་ཅིའང་ཤར་རྒྱུ་མེད་པས། གང་ཤར་དེའི་ངོ་བོ་ལ་ཧྲིག་གེར་བལྟས་པས་སྟོང་ཉིད་འོད་གསལ་དུ་འཆར་རོ། །འབྱུང་བཞིའི་ཐིམ་རིམ་དཀར་ལམ་ཟླ་བ་ཤར་འདྲ། དམར་ལམ་ཉི་མ་ཤར་འདྲ། ནག་ལམ་མུན་པ་རུབ་འདྲ་ཅི་ཤར་ཡང་སོ་སོར་ངོས་བཟུང་མི་དགོས། གང་ཤར་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས་སྟོང་པ་ཉིད་དུ་འཆར་རོ། །


CMR048_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞིའི་འོད་གསལ་སྤྲིན་ཐག་ཆད་པའི་ནམ་མཁའ་ལྟ་བུ་འཆར་དུས་མི་ངོ་ཤེས་པ་འཕྲད་པ་ལྟར་ངོ་ཟིན་ནས་དེའི་ངང་དུ་གནས་པ་ལ་འོད་གསལ་ཟིན་ནས་ཐུགས་དམ་ཟིན་པ་ཟེར་རོ། །དེ་ཡང་ཕྱི་དབུགས་ཆད་མ་ཐག་ཏུ་གདུང་ཆས་ལེགས་པར་བྱས་ལ། བླ་མའམ་མཆེད་གྲོགས་ཞིག་གིས། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཞེས་པ་ནས། བར་དུ་འོད་གསལ་རང་ངོ་ཤེས་པ་དང་༔ ཞེས་སོགས། ངོ་སྤྲོད་ཚིག་འབྲུ་ཉེར་གཅིག་པ་དེ་དབྱངས་དང་བཅས་སྐད་སྙན་པོས་ལན་གསུམ་མམ་བདུན་བརྗོད་པས། ཤ་བཀྲག་བཟང་ཞིང་བཞིན་འཛུམ་པ་འདྲ་བ་བག་ཆགས་པ་འོང་། དྲུང་དེར་སེམས་ངོ་སྐྱོང་ཤེས་མཁན་བསྡད་ན་ཉམས་རྟོགས་བཟང་པོ་སྐྱེ་བ་ནང་རྟགས་སོ། །ཤི་དུས་དང་བསྲེགས་དུས་ནམ་མཁར་སྤྲིན་མེད་པར་དྭངས་ཤིང་རླུང་མེད་པ་དང་། སྟོན་ཀ་སྤྲིན་མེད་ཀྱང་རྨུགས་དྲོ་བས་སད་མི་འབྱུང་བ་ཕྱིའི་རྟགས། བསྲེགས་པ་ན་ཨ་ཡིག་ཧཱུྃ་ཡིག་རིང་བསྲེལ་ཐུགས་མ་ཚིག་པ་འབྱོན་པ་གསང་རྟགས་ཏེ། རྟགས་གསུམ་ཚང་ན་ངེས་པར་འོད་གསལ་ཟིན་པའོ། །ལས་ཚོགས་བཅུ་གཅིག་པའོ།། །།དེ་ལྟར་འཕོ་བ་ཐེབ་པ་དང་འོད་གསལ་ཞག་བདུན་ཕན་


CMR048_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ན་བར་དོ་མེད་པ་ཡར་གྱི་ཟང་ཐལ་ཡིན། མཚམས་མེད་པ་བྱས་པའི་སྡིག་པོ་ཆེ་འཕོ་བ་མ་ཐེབ་ན་བར་དོར་བགྲོད་ལོང་མེད་པ་མར་གྱི་ཟང་ཐལ་ཡིན། དེ་མིན་ཐམས་ཅད་བར་དོ་བགྲོད་དགོས་པས། ཞི་བའི་ལྷ་ཚོགས་སྐུ་གཟི་བརྗིད་ཉི་མ་སྟོང་དུས་གཅིག་ལ་ཤར་བ་ལྟར་བལྟ་བས་མི་བཟོད་པ་དང་། ཁྲོ་བོའི་སྐུ་འཇིགས་སུ་རུང་བས་སོད་སོད་རྒྱོབ་རྒྱོབ་ཟེར་བ་དང་། འབྱུང་བ་བཞིའི་རླུང་ལོག་པའི་སྒྲ་རི་བོ་སྟོང་ཉིལ་བ་ལྟ་བུ། རྒྱ་མཚོ་སྟོང་འཁྲུགས་པ་ལྟ་བུ། འཇིག་རྟེན་ཐམས་ཅད་ལ་མེ་མཆེད་པ་ལྟ་བུའི་འུར་སྒྲ། འབྲུག་སྟོང་དུས་གཅིག་ལ་གྲག་པ་ལྟ་བུའི་སྒྲ་རྣམས་ཀྱིས་ཀླད་ཁྲག་འགས་སྣང་བྱེད། རེས་འགའ་གྲོགས་མེད་པར་བྱིས་པ་ཐང་སྟོང་དུ་བསྒྱུར་བ་ལྟ་བུ་དང་། རེས་འགའ་དམག་དང་གཅན་གཟན་ཁ་ཆར་མུན་རུབ་པ་ལྟ་བུ་དང་། ལས་ཀྱི་གཤིན་རྗེས་དེད་པའི་སྣང་བ་སོགས་འཁྲུལ་སྣང་ལ་འདི་མི་འཆར་བྱ་བ་མེད་པའི་ཆེ། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཞེས་སོགས་ངོ་སྤྱོད་ཚིག་འབྲུ་ཉེར་གཅིག་པ་དེ་མ་བརྗེད་པར་ཐམས་ཅད་སྟོང་ཉིད་དུ་རོ་སྙོམ་དགོས། གལ་ཏེ་སྟོང་ཉིད་ལ་གོམས་འདྲིས་ཆུང་ན། གཟུགས་ཐམས་ཅད་ཨོ་རྒྱན་གྱི་སྐུ། སྒྲ་ཐམས་ཅད་བཛྲ་གུ་རུ།


CMR048_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་འཁྲུལ་རྟོགས་ཐམས་ཅད་སྟོང་ཉིད་ཆོས་སྐུའི་རང་རྩལ་ཡིན་སྙམ་ཞིང་། ཨོ་རྒྱན་ལ་གསོལ་བ་འདེབས། བསམ་པ་ལྷུན་གྲུབ་མ་འདོན་པས། འཁྲུལ་སྣང་ཐམས་ཅད་ཞི་ནས་ཨོ་རྒྱན་ཉིད་དངོས་སུ་བྱོན་ཏེ་དག་པའི་ཞིང་ཁམས་སུ་ཁྲིད་པར་ངེས་སོ། །དེ་ལྟར་ཐུགས་དམ་མ་ཟིན་འཕོ་བ་མ་ཐེབ་ན་ཡང་བར་དོ་ཆོད་ནས་གྲོལ་བའི་རྟགས་ལ། ཕུང་པོ་བསྲེག་པ་ན་ལྗགས་དང་སྤྱན་མ་ཚིག་པ། སྐུ་གཟུགས་ཡིག་འབྲུ་དུང་དཀར་ཕྱག་མཚན་སོགས་འབྱོན་ནོ། །རིང་བསྲེལ་ཁ་དོག་ལྔའམ་གང་རིགས་གཅིག །ནམ་མཁར་འཇའ་ཚོན་ཁ་དོག་སྣ་ཚོགས་དང་མེ་ཏོག་གི་ཆར་སོགས་འབྱུང་བར་གསུངས། གལ་ཏེ་བར་དོ་ཆོད་ནས་དག་པའི་ཞིང་དུ་མི་སྐྱེ་བར་མིར་སྐྱེས་ནས་འགྲོ་དོན་བྱེད་པའི་རྟགས་ནི། སྤྲིན་འཇའ་དཀར་པོ་ཤིང་ལོ་འདྲ་བ་དང་། མེ་ཏོག་གི་ཆར་ཅུང་ཟད་འབབས་པ་དང་། དབུ་བུམ་ཧྲིལ་དང་རིང་བསྲེལ་ཞིབ་བུ་ཅུང་ཟད་འབྱུང་བར་བཤད་དོ། །ལས་ཚོགས་བཅུ་གཉིས་པའོ།། །།ཡང་ཚེ་སྔོན་གྱི་ལས་སྒྲིབ་དང་། འཕྲལ་སྣང་བ་འདི་འབྲིད་མཁས། རིག་པ་འདི་ཅོལ་ཆུང་། འཁྲུལ་པ་འདི་ཞིག་དཀའ་བས། ཚེ་འདིའི་སྣང་བ་འདི་ལ་བདེན་


CMR048_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཨ་འཐས་ཆེ་ན། སྤྱི་བོར་ཨོ་རྒྱན་གཞུང་ལྟར་བསྒོམ་ལ་གསོལ་བ་བཏབ། སྐུ་ལས་འོད་ཟེར་འཕྲོས་ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ལ་ཕོག་པས་ནམ་མཁའི་འཇའ་དང་ཆུ་ནང་གི་ཟླ་བ་དང་། མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་གྱུར་ཏེ་ཐམས་ཅད་བདེན་པར་མ་གྲུབ་པ་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་སྙམ་དུ་ཡང་ཡང་བསྒོམ་པར་བྱའོ། །སྡུག་བསྔལ་བྱུང་བའམ། རླུང་ཤས་ཆེ་བའམ། གདོན་གྱིས་གནོད་པའི་བློ་མི་བདེ་བ་དང་། རིག་པ་མི་ནོན་པ་ལ། རང་གི་སྙིང་འདི་འོད་ཁ་དོག་སྣ་ལྔ་སྣལ་མ་ལྟ་བུས་དཀྲིས་ནི་ཡོད་པར་བསྒོམ། རང་གི་སྙིང་གི་ནང་དུ་ཨོ་རྒྱན་སྤྲུལ་སྐུ་གཞུང་ལྟར་ལ། ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཀ་པཱ་ལ་བསྣམས་ནས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་བསྒོམ། །ཡེ་ཤེས་པ་བསྟིམས་ནས་གསོལ་བ་བཏབ་པས། ཕྱག་གཡོན་བྷནྡྷའི་ནང་ཡི་གེ་བོ་ཡིག་དཀར་པོ་ལས་བདུད་རྩི་བབས་ནས། རང་གི་སྙིང་གའི་ནང་ཐམས་ཅད་ངང་ལྟེམ་གྱིས་གང་བར་བསྒོམས་པས་བློ་བདེའོ། །ཉལ་དུས་གཞོགས་གཡས་ས་ལ་ཕབ་ནས་རང་གི་སྙིང་གི་དཀྱིལ་དུ་ཨོ་རྒྱན་རིན་པོ་ཆེའི་སྐུ་མཐེ་བོང་ཙམ་མེ་ཤེལ་གྱི་མདོག་འོད་ཙེ་རེ་བ་ལ་སེམས་གཏད་ནས་


CMR048_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་བས་འོད་གསལ་ཟིན་ནོ། །འོད་གསལ་ནི་གཉིད་མ་སོང་རྨི་ལམ་མ་རྨིས་ཀྱི་སྐབས་དེར་སེམས་ངོ་ཟིན་ན་དེའི་ངང་ལ་གནས་པ་དེ་འོད་གསལ་ཡིན་ནོ། །ཡང་མགྲིན་པར་པདྨ་འདབ་བཞིའི་དབུས་སུ་ཨོ་རྒྱན་སྐུ་ཚོན་གང་མེ་ཤེལ་མདོག་འོད་འབར་བ་ལ་སེམས་བཟུང་ནས་ཉལ་བས་རྨི་ལམ་ཟིན་ནོ། །རྨི་ལམ་ཟིན་པ་ནི་རྨི་ལམ་ཡིན་པར་ངོ་ཤེས་ནས་བསྐྱེད་རིམ་དང་རྫོགས་རིམ་སོགས་བསྒོམས་པས་ཉིན་ལྟར་གསལ་བར་འགྱུར། ཡང་འཕུར་ནས་ཞིང་ཁམས་དང་གནས་བཟང་པོ་རྣམས་ལ་བལྟ་བར་བྱའོ། །ཡང་ཟས་ཟ་འཐུང་དུས་སྣོད་ཡེ་ཤེས་ཀྱི་ཀ་པཱ་ལ། ཟས་དེ་ཡེ་ཤེས་ཀྱི་བདུད་རྩིར་བསྒོམས་ལ་ཨོཾ་ཨཱཿ༔ཧཱུྃ་གིས་བྱིན་གྱིས་བརླབས་ཏེ། རང་ཉིད་ཨོ་རྒྱན་བསྒོམ་པའི་དཔྲལ་བར་ཨོ་རྒྱན་དཀར་པོ། མགྲིན་པར་ཨོ་རྒྱན་དམར་པོ། སྙིང་གར་ཨོ་རྒྱན་སྔོན་པོ། ལྟེ་བར་ཨོ་རྒྱན་སེར་པོ། གསང་གནས་སུ་ཨོ་རྒྱན་ལྗང་གུ་སྟེ་ཨོ་རྒྱན་རིགས་ལྔ་ལ་མཆོད་པར་བསྒོམས་ལ། ཟ་འཐུང་བྱས་པས་དཀོར་སྒྲིབ་མི་འབྱུང་ཞིང་ཚོགས་རྫོགས་པར་འགྱུར་རོ། །འགྲོ་བའི་ཚེ་གཡས་ཕྱོགས་སུ་པདྨའི་སྡོང་པོའི་རྩེར། ཨོ་རྒྱན་རིན་པོ་ཆེ་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བར་བསྒོམས་


CMR048_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་བསྐོར་བ་བྱེད་པའི་མོས་པས་འགྲོ་བར་བྱ་སྟེ། འགྲོ་འདུག་བསྐོར་བའི་གདམས་པའོ། །དེ་ལྟར་འཁྲུལ་པ་གཅོད་པའི་དམིགས་པ་དེ་ཐམས་ཅད་གཅིག་ཏུ་བརྩིས་ནས། ལས་ཚོགས་བཅུ་གསུམ་པའོ།། །།དེ་རྣམས་ཕལ་ཆེར་རང་དོན་ཡིན་པས། གཞན་དོན་མ་བྱས་ན་ཐེག་པ་ཆེན་པོའི་ལམ་དུ་མི་འགྱུར་བས། སྤྱི་བོར་ཨོ་རྒྱན་སྤྲུལ་སྐུ་གཞུང་ལྟར་བསྒོམས་ལ། གསོལ་འདེབས་བསམ་པ་ལྷུན་གྲུབ་མ་བཏོན་པས། ཨོ་རྒྱན་གྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། དུད་འགྲོའི་འཇིག་རྟེན་འཐུག་པོ་བཀོད་པའི་ཞིང་ཁམས་སུ་བསྒྱུར་དུད་འགྲོ་ཐམས་ཅད་བུདྡྷ་ཐོད་ཕྲེང་རྩལ་ཨོ་རྒྱན་དཀར་པོའི་སྐུར་གྱུར། ཨོ་རྒྱན་གྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཡི་དྭགས་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས་སུ་བསྒྱུར། ཡི་དྭགས་ཐམས་ཅད་པདྨ་ཐོད་ཕྲེང་རྩལ་ཨོ་རྒྱན་དམར་པོའི་སྐུར་གྱུར། ཨོརྒྱན་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ཀ་འཕྲོས། དམྱལ་བའི་འཇིག་རྟེན་མངོན་པར་དགའ་བའི་ཞིང་ཁམས་སུ་བསྒྱུར། དམྱལ་བའི་སེམས་ཅན་ཐམས་ཅད་བཛྲ་ཐོད་ཕྲེང་རྩལ་ཨོ་རྒྱན་མཐིང་ཀའི་སྐུ་ཤ་སྟག་ཏུ་གྱུར། ཨོ་རྒྱན་གྱི་ལྟེ་བ་ནས་འོད་ཟེར་སེར་པོ་འཕྲོས། ལྷ་


CMR048_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་མིའི་འཇིག་རྟེན་དཔལ་དང་ལྡན་པའི་ཞིང་ཁམས་སུ་བསྒྱུར། ལྷ་དང་མི་ཐམས་ཅད་རཏྣ་ཐོད་ཕྲེང་རྩལ་ཨོ་རྒྱན་སེར་པོའི་སྐུར་གྱུར། ཨོ་རྒྱན་གྱི་གསང་གནས་ནས་འོད་ཟེར་ལྗང་གུ་འཕྲོས། ལྷ་མ་ཡིན་གྱི་འཇིག་རྟེན་ལས་རབ་རྫོགས་པའི་ཞིང་ཁམས་སུ་བསྒྱུར། ལྷ་མ་ཡིན་ཐམས་ཅད་ཀརྨ་ཐོད་ཕྲེང་རྩལ་ཨོ་རྒྱན་ལྗང་གུ་སྐུ་ཤ་སྟག་ཏུ་གྱུར་ནས། འགྲོ་བ་རིགས་དྲུག་གི་གནས་སྟོངས་ནས་བཛྲ་གུ་རུ་འུར་དི་རི་རི་འདོན་པར་བསྒོམས་ནས་གསོལ་བ་བཏབ་བོ། རིགས་དྲུག་གི་གནས་སྦྱོང་བའི་དམིགས་པ་དང་ལས་ཚོགས་བཅུ་བཞི་པའོ།། །།དེ་ཡན་ཆད་ནི་ལེའུ་བདུན་པའི་དམིགས་རིམ་ཤིན་ཏུ་རྒྱས་པ་གབ་བསྐུང་མེད་པར་བཀོད་པ་ཡིན་ནོ། གལ་ཏེ་གང་ཟག་བློ་རྨོངས་པས་དམིགས་པ་དེ་རྣམས་སོ་སོར་མ་ཟིན་ནའང་། སྤྱི་བོར་ཨོ་རྒྱན་སྤྲུལ་སྐུ་གཞུང་ལྟར་བསྒོམས་ནས་ལེའུ་བདུན་པ་འདོན། མཐར་ཨོ་རྒྱན་རང་ལ་བསྟིམས་ནས་རང་གི་སེམས་ལ་སེམས་ཀྱིས་རྒྱུན་དུ་བྱ་ར་བྱས་ན་ཡང་དེས་འཐུས་སོ། །འདོན་ལུགས་གསོལ་འདེབས་རེ་རེས་དམིགས་པ་དང་བཅས་ཞག་བདུན་རེ་བྱས་ནས། ཞག་ཞེ་དགུར་གསོལ་འདེབས་བདུན་རྫོགས་པར་བྱས་ན་ཟབ། ཡང་ཉིན་ཞག་


CMR048_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་ནམ་ལངས་སྔ་དྲོ་དགོང་ཆེན་ཉི་ཐལ་སྲོད་ནམ་ཕྱེད་ཐོ་རངས་བདུན་ལ་ཐུན་བཟུང་བའི་ཚུལ་དུ་ལེའུ་རེ་རེ་དམིགས་པ་དང་བཅས་པས་བཏོན་ནས་ཞག་གཅིག་ལ་ལེའུ་བདུན་ཀ་རྫོགས་པར་བྱས་ནའང་རུང་། ཡང་གདན་ཐོག་གཅིག་ཏུ་ལེའུ་བདུན་ཀ་འདོན་བསྒོམ་ཡང་རུང་། རབ་ལེའུ་བདུན་ཀ་ཞག་རེ་ལ་མ་ཆག་པ། འབྲིང་གསུམ་རེ་ཙམ་འདོན་རེས་བྱ། ཐ་མ་ཡང་ལེའུ་རེ་རེ་ཙམ་མ་ཆག་པར་གལ་ཆེའོ། །དེ་ལྟར་རྒྱུན་དུ་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས་ནི། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་གསུངས་ལས། དྲོད་ཚད་རྟགས་ཀྱི་མཚན་མ་འདི་ལྟར་འབྱུང་། །རབ་ནི་ཞལ་མཐོང་དབང་བསྐུར་བྱིན་གྱིས་བརླབ། །ཐོད་རྔ་རྐང་གླིང་སྒྲ་སྒྲོག་ལུང་བསྟན་འབྱུང་། །ཞིང་སྐྱོང་མཁའ་འགྲོས་དངོས་སུ་གཏོར་མ་ལེན། །བཀའ་སྲུང་ཆོས་སྐྱོང་ཐམས་ཅད་སྤྲིན་ལྟར་འདུ། །སྣང་སྲིད་ལྷ་འདྲེ་ཀུན་གྱིས་སྲོག་སྙིང་ཕུལ། །གང་བརྩམས་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར། །འབྲིང་ནི་ཉམས་དགའ་བག་དྲོ་བྱིན་ཆེན་འཐིབ། །སྨན་རཀ་གཏོར་མ་ཁོལ་དང་རླངས་པ་འཕྱུར། །རང་ལུས་སྦྲིད་ཅིང་འཕར་འདར་རང་དབང་མེད། །དབེན་ཁང་སྤོས་དྲིས་གང་ཞིང་འཁོར་ལ་མཁའ་འགྲོ་འབེབས། །


CMR048_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་སྨྲ་ཞིང་སྒྲ་སྐད་སྣ་ཚོགས་འབྱིན། །ཐ་མ་རྨི་ལམ་མཚན་མ་འདི་ལྟར་འབྱུང་། །ལུས་ལས་མི་གཙང་རྣག་ཁྲག་འབབས་པ་དང་། །ཁྲུས་བྱེད་ཆས་གོས་དཀར་པོ་གྱོན་པ་དང་། །ཉི་ཟླ་ཤར་དང་མེ་ཏོག་སྣ་ཚོགས་འཐུ། །རི་བོའི་རྩེར་འདུག་གླིང་གཞན་མཐོང་བ་སོགས། །ལས་ངན་སྒྲིབ་པ་དག་པའི་མཚན་མ་ཡིན། །མེ་ཏོག་ཆར་འབབས་བདུད་རྩིའི་རྫོངས་ལ་འཐུང་། །དར་ཕྱར་དུང་འབུད་ཆོས་འཆད་ཁྲི་ལ་འདུག །བུད་མེད་ཚོགས་ཀྱིས་ཕྱག་བྱེད་ཟས་ནོར་སྟེར། །དངོས་གྲུབ་བྱིན་རླབས་ཞུགས་པའི་མཚན་མ་ཡིན། །གོ་གྱོན་མཚོན་ཐོགས་དམག་ཆེན་ཁ་ལོ་སྒྱུར། །རི་ཀླུང་མེར་སྲེག་སེམས་ཅན་སྣ་ཚོགས་བསྒྲལ། །བཙན་པོའི་རྫོང་ཞུགས་ང་རྒྱལ་ཆ་སྒྲ་འདེབས། །བར་ཆད་བགེགས་ལས་རྒྱལ་བའི་མཚན་མ་ཡིན། །རྨི་ལམ་དག་ཏུ་བླ་མ་མཁའ་འགྲོའི་ཚོགས། །ཞལ་མཐོང་ཆོས་འཆད་ལུང་སྟོན་བྱེད་པ་དང་། །རང་ཉིད་རུས་རྒྱན་ཐོགས་ནས་ནམ་མཁར་འཕུར། །ལྷ་ཡི་གནས་སམ་ཨོ་རྒྱན་ཡུལ་དུ་ཕྱིན། །ཞིང་ཁམས་བཀོད་པ་ཁྱད་འཕགས་མཐོང་བ་ནི། །ཨོ་རྒྱན་པདྨ་འགྲུབ་པའི་མཚན་མ་ཡིན། །ཅེས་པ་དང་། བཟང་པོ་དགེ་བའི་མཚན་མ་ཅི་བྱུང་


CMR048_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དགའ་བྲོད་རློམ་སེམས་འཁྲི་བ་རྩད་ནས་བཅད། །ངན་པའི་མཚན་མ་ལྟས་ངན་ཅི་བྱུང་ཡང་། །བག་ཆགས་འཁྲུལ་སྣང་ཡིན་པས་ལམ་དུ་ཁྱེར། །ཐམས་ཅད་སེམས་ལས་བྱུང་བས་སྤྲོས་པ་ཆོད། །སེམས་ཉིད་སྤྲོས་བྲལ་ཆོས་སྐུར་ལ་བཟླའོ། །ཞེས་གསུངས་ཤིང་། ཁྱད་པར་ལས་སྒྲིབ་ཆེ་ཆུང་གིས། །ཨོ་རྒྱན་པདྨ་ང་རང་དང་། །དངོས་ཉམས་རྨི་ལམ་དུ་ཡང་མཇལ། །ལུང་བསྟན་ཆོས་བཤད་བྱེད་པ་འོང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས། །བར་ཆད་ཐམས་ཅད་སེལ་བར་བྱེད། །ཅེས་པ་དང་། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དུས་སྙིགས་ཁྲིམས་ཞིག་བསྟན་པ་ཉམས། །ལྷ་སྲིན་སྡེ་བརྒྱད་ཁ་རྒྱལ་བས། །དྲེགས་ཅན་དམ་ལ་བཏགས་ཕྱིར་དུ། །ཕྱི་རབས་སྐྱེ་བོ་ཐ་མལ་དང་། །བོད་ཀྱི་བནྡེ་ནུས་ཆུང་དོན། །པདྨ་བདག་གི་སྒྲུབ་ཐབས་བསྟན། །ཞེས་དང་། རིག་འཛིན་སྔགས་འཆང་པདྨ་བདག་འདྲ་ཡི། །སྐུ་ལྔ་མཚན་བརྒྱད་རྣམ་ཐར་དཔག་མེད་ལ། །མ་འོངས་དུས་སུ་སྒྲུབ་ལུགས་དཔག་མེད་བརྩམས། །ཀུན་ཀྱང་ཡང་ཟབ་མཐར་ཐུག་གཞི་བརྩམས་ཏེ། །ཞེས་པ་དང་། ཨེ་མ་ཧོ། བདག་འདྲ་པདྨ་


CMR048_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ངས། །རང་གི་སྒྲུབ་པ་རང་གིས་བརྩམས། །སུ་འཕྲད་བདེ་ཆེན་ཞིང་དུ་སྦྱོར། །ཅེས་དང་། ཚུལ་བཞིན་སྤྱོད་པས་རང་བཞིན་བདེ་ལ་འགོད། །མི་ལུས་དོན་ལྡན་ཡིན་ནོ་རིགས་ཀྱི་བུ། །འདི་ནི་རྗེས་འཇུག་སུ་དང་སུས་བསྒྲུབ་ཀྱང་། །རྔ་ཡབ་གནས་ནས་ཨོ་རྒྱན་པདྨ་ཡིས། །རྒྱུན་ཆད་མེད་པར་ཐུགས་རྗེས་མི་འཛིན་རེ། །ཐེ་%ཚོམ་མེད་པའི་དམ་ཚིག་གཙང་བར་གཅེས། །གསོལ་བ་ཐོབ་ཅིག་རྗེས་འཇུག་རིགས་ལྡན་རྣམས། །བུ་ལ་གདུང་བའི་མ་ལྟར་བདག་གིས་སྐྱོབ། །ཉམས་དང་རྨི་ལམ་དངོས་ཀྱི་ཚུལ་དུ་ཡང་། །ཚུལ་བཞིན་སྒྲུབ་པའི་བུ་དང་ཞལ་མཇལ་ནས། །ངོ་སྤྲོད་དབང་བསྐུར་ཆོས་འཆད་ལུང་ཡང་སྟོན། །བསླུས་ན་པད་འབྱུང་ཞན་ནོ་རྗེས་འཇུག་རྣམས། །ཞེས་དང་། དུས་བཟང་ཡར་ངོའི་ཚེས་པ་བཅུ་ཡི་དུས། །མཆོད་པ་བཤམས་ཤིང་མོས་གུས་གདུང་ཤུགས་ཀྱིས། །སྙིང་ཁོང་རུས་པའི་གཏིང་ནས་ང་ཉིད་ལ། །གསོལ་བ་བཏབ་ན་པདྨ་ང་ཉིད་ཀྱིས། །ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ་ནས། །ཁྱེའུ་ངུ་ལ་ཕ་མས་མི་བཟོད་ལྟར། །བརྩེ་སེམས་ལྡན་པས་དད་ལྡན་ཚོགས་ཁང་དུ། །སྤྲུལ་པ་སྣ་ཚོགས་དུ་མའི་ཆ་ལུགས་སུ། །སྤྲུལ་


CMR048_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོང་བས་དེ་དོན་གོ་བར་གྱིས། །དེ་དུས་སྨོན་ལམ་གང་བཏབ་འགྲུབ་པ་དང་། །བྱིན་རླབས་ཞུགས་པའི་རྟགས་ནི་སྣ་ཚོགས་འབྱུང་། །ཁྱད་པར་བག་དྲོ་ཉམས་དགའ་ཤེས་པ་གསལ། །གླུ་གར་ཉམས་དང་བྲོ་ཡང་འཁྲབ་སྙིང་འདོད། །དད་ལྡན་འགའ་རེས་མངོན་སུམ་མཐོང་ཡང་སྲིད། །དེ་དུས་རྟོག་པ་མི་སྐྱིལ་ཅི་བདེར་མཛོད། །གཞན་ཡང་འཇའ་དང་འོད་དང་འོད་ཀོར་དང་། །སྒྲ་དང་འཇའ་རིས་རྣམ་པ་སྣ་ཚོགས་འབྱུང་། །དེ་དུས་པདྨ་ང་རུ་ཤེས་པར་གྱིས་ལ་སྨོན་ལམ་ཐོབ། །ང་དང་རིག་འཛིན་མཁའ་འགྲོའི་ཚོགས། །ཁྱད་པར་སྤྲེའུ་ཟླའི་ཚེས་བཅུ་ལ། །བོད་ཀྱི་རྒྱལ་ཁམས་ཡོངས་ལ་འོངས། །དམ་ཚིག་ལྡན་ཞིང་བསྒྲུབ་བརྩོན་ལ། །དངོས་གྲུབ་སྦྱིན་ཅིང་བར་ཆད་སེལ། །ཉམས་པ་ཅན་རྣམས་ལྟུང་བར་འགྱུར། །ཞེས་གསུངས་སོ། །རྩ་བའི་རྒྱུད་ཆེན་པོ་པད་སྡོང་བརྩེགས་པ་ལས། དབང་པོ་གསུམ་གྱི་ཁྱད་པར་ལས། །འདི་ཉིད་དང་ནི་བར་དོ་དང་། །གཅིག་གིས་བརྒྱུད་དེ་ས་ཆོད་ནས། །ཡང་དག་བསྟན་པ་མི་གཡོ་འགྱུར། །གདོས་བཅས་ཉིད་དང་བྲལ་བའི་ཚེ། །རྡུལ་བྲལ་མཁའ་ལ་འོད་ཟེར་འཇའ། །ཡིག་འབྲུ་སྐུ་གཟུགས་རིང་བསྲེལ་སོགས། །སྐུ་


CMR048_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐོབ་རྟགས་འབྱུང་བར་འགྱུར། །འབད་པ་དོན་ཡོད་གཅིག་ཆོག་ཉིད། །ཅེས་དང་། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། གཞི་སྣང་དག་པ་ཆོས་ཀྱི་དབྱིངས། ལྷག་མེད་ཉིད་དུ་མྱ་ངན་འདའ། །སྒྲ་དང་འོད་དང་བཅས་ནས་སུ། །སྐུ་གསུམ་ཞིང་དུ་མངོན་འབྱུང་བ། །གདུལ་བྱ་རྣམས་ལ་ལྷག་མར་བཅས། །སྐུ་གདུང་རིང་བསྲེལ་བཞག་ནས་ཀྱང་། །གཞན་ཕན་ཐབས་ཀྱིས་འགྲོ་བ་རྣམས། །རིམ་གྱིས་འདྲེན་པར་དེས་བྱེད་དོ། །ཡང་མཐའ་བར་དོ་ཉིད་དུ་ཡང་། །རང་སྣང་ཡེ་ཤེས་ལྷ་དང་འཕྲད། །རང་ངོ་ཤེས་ནས་རྣམ་པར་གྲོལ། །དེ་ཡང་རྒྱུ་འབྲས་དེ་ཡིས་ཡིན། །སྤྲུལ་པ་ལས་ཀྱང་སྤྲུལ་དང་སྐུ། །སྐུ་དང་མཚན་དཔེས་རབ་སྤྱས་ཤིང་། །ལས་དག་ཞིང་ལ་རབ་སྣང་བས། །བྱང་ཆུབ་མངོན་དུ་དེ་འགྱུར་ཞིང་། །དེ་སོགས་པ་དང་ཡང་དག་ལྡན། །སྤྱི་ཕུད་ཉིད་དུ་གསལ་བར་བྱེད། །ཅེས་གསུངས་སོ། །དེ་རྣམས་ནི་ཨོ་རྒྱན་རིན་པོ་ཆེ་ལ་རྩེ་གཅིག་གསོལ་བ་བཏབ་པས་འདི་དང་ཕྱི་མར་རྟགས་འབྱུང་ཚུལ་ཡིན་ལ། ཕན་ཡོན་ལ་སྤྱི་བོར་བླ་མ་སངས་རྒྱས་ཀུན་འདུས་སུ་བསྒོམས་ནས་གསོལ་བ་བཏབ་པའི་ཕན་ཡོན་ནི། ཡེ་ཤེས་གསལ་བ་སྒྲོན་མེའི་རྒྱུད་ལས། །


CMR048_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་ལས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམས་པ་ཡིས། །བླ་མ་དྲན་པའི་འབུམ་ཆར་ཡིན། །ཅེས་དང་། ཡེ་ཤེས་རྒྱ་མཚོ་དམ་ཚིག་མཆོག་གི་རྒྱུད་ལས། སྤྱི་དང་སོ་སོར་དུས་རྟག་ཏུ། །བླ་མ་སྤྱི་བོར་སྒོམ་པའི་མི། །བསྐལ་པ་འབུམ་ཕྲག་སྟོང་ཉིད་དུ། །ཡི་དམ་བསྒོམ་པའི་བསོད་ནམས་ཀྱིས། །སྟོང་ཕྲག་གྲངས་མེད་ཆར་མི་ཕོད། །དེས་ན་བསྐལ་སྟོང་སངས་རྒྱས་པས། །བླ་མ་གཉན་པ་ཤེས་པར་བྱ། །ཞེས་དང་། ཨ་ཏི་བཀོད་པའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཅེས་དང་། དཔལ་གསང་བ་འདུས་པའི་རྒྱུད་ལས། སློབ་དཔོན་སྙིང་གར་སུས་བསྒོམས་པས། །བྱང་ཆུབ་འདི་ཡིས་ཐོབ་འགྱུར་ཞིང་། །ངོ་མཚར་ཆེན་པོའི་དངོས་གྲུབ་ཡིན། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །ཅེས་དང་། དམ་ཚིག་བཀོད་


CMR048_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་མཚོའི་རྒྱུད་ལས་། རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ནི། །འདུ་འཛི་རྣམ་གཡེང་སྤངས་ནས་བསྒོམས་པ་བས། །བླ་མ་རང་གི་སེམས་དཀྱིལ་དུ། དར་གཅིག་ཤར་བ་ཙམ་གྱིས་ནི། །འབུམ་ཕྲག་ཉི་ཤུའི་ཆར་མི་ཕོད། །ཅེས་དང་། ཌཱཀི་གསང་མཛོད་ཀྱི་རྒྱུད་ལས་། ངེས་པར་སངས་རྒྱས་ཁོ་ན་ཡི། །འདུ་ཤེས་བླ་མ་ལ་བསྐྱེད་ནས། །མཆོག་གི་གོ་འཕང་འདིར་ཐོབ་ཀྱི། །ཐབས་གཞན་དམན་པའི་ལམ་ཡིན་ནོ། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ལྷག་པའི་བསམ་པ་དག་པས་ནི། །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །ཅེས་དང་། འབྲས་བུ་བླ་ན་མེད་པའི་རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། བླ་མ་སངས་རྒྱས་གང་བསྒྲུབ་པ། །དེ་ཉིད་མོས་གུས་སྟོབས་ལས་བྱུང་། །བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ། །བདག་ཉིད་ཆེན་པོ་ལྷ་ཚོགས་ཡིན། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཐམས་ཅད་བླ་མ་མཆོག་ལས་འབྱུང་། །དགོས་འདོད་འབྱུང་བའི་རིན་པོ་ཆེ། །གང་གིས་འབྲེལ་པ་དོན་དང་ལྡན། །ཅེས་དང་། རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། བླ་མ་དག་ལ་མོས་གུས་མེད་གྱུར་ན། །བསྒྲུབས་ཀྱང་འགྲུབ་


CMR048_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་བས། །དེ་བས་གུས་པ་ཐམས་ཅད་ཀྱིས། །བླ་མའི་སྐུ་གསུང་ཐུགས་མཉེས་བྱ། །མོས་གུས་གང་ཡོད་རྒྱལ་བའི་སྲས། །གཉུག་མ་ལྷན་སྐྱེས་ཡེ་ཤེས་འཆར། །ཅེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། རང་གི་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་གསུམ་བསྟིམས་བྱས་པས། །བརྒྱ་སྟོང་དུ་ཡང་ཆར་མི་ཕོད། །དེ་བས་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་དང་། ཌཱ་ཀི་གསང་མཛོད་རྒྱུད་ལས། ལྷ་ལ་བརྟན་པ་ཐོབ་པ་བས། །བླ་མ་ཡུད་ཙམ་དྲན་པ་མཆོག །གསལ་ལ་མི་རྟོག་བདེ་བ་དང་། །དབྱེར་མི་ཕྱེད་པ་དེ་ཉིད་ནི། །བླ་མ་བསྒོམ་པ་ཁོ་ན་ལས། །སྐྱེས་འགྱུར་གཞན་གྱིས་འགྲུབ་པར་དཀའ། །ནོར་བུ་རིན་ཆེན་འབར་བ་བཞིན། །མི་བརྗེད་མཆོག་གི་དངོས་གྲུབ་སྟེར། །ཅེས་དང་། དྲི་མེད་གསང་བའི་རྒྱུད་ལས། དཔལ་གྱི་གཙོ་བོའི་བླ་མ་ལས། །རིགས་ལྔ་ལྷ་དང་ལྷ་མོའི་ཚོགས། །ཞི་ཁྲོ་མ་ངེས་ཟག་པ་མེད། །བདེ་བའི་ལྷ་སྐུ་བླ་མེད་


CMR048_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །ཆོས་དབྱིངས་ངང་ལས་གསལ་བར་སྟོན། །ཅེས་དང་། སངས་རྒྱས་འདུས་པའི་རྒྱུད་ལས། གང་འདུལ་གདུལ་བྱའི་ཞིང་བཞིན་དུ། །བླ་མ་སྒྲུབ་པའི་ཐབས་བརྩམས་ཏེ། །དེ་ཉིད་དོན་དུ་སུས་གཉེར་བ། །ཐེག་ཆེན་བླ་མའི་ས་བོན་ཏེ། །ཀུན་གྱི་བདག་ཉིད་ཆེན་པོར་འགྱུར། །ཅེས་དང་། གསང་བ་འདུས་པའི་རྒྱུད་ལས། །བླ་མ་ལ་གུས་སློབ་མ་ཡིས། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཅེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བསྙེན་དང་སྒྲུབ་པ་བྱེད་པ་བས། །བླ་མའི་གསོལ་འདེབས་ལན་གཅིག་བརྗོད། །ནུས་པ་འབུམ་ཕྲག་ཆར་མི་ཕོད། །ཅེས་དང་། དགྲ་ནག་གི་རྒྱུད་ལས། ཆོས་སྐུའི་བླ་མའི་གཟུགས་སུ་བྱོན། །དེ་ལ་ཐེ་ཚོམ་མེད་པ་ཡི། །མཁས་པས་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་སྤྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་


CMR048_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐམས་ཅད་དེ་ཡིས་བགྲོད། །ཅེས་དང་། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་རྒྱུད་ལས། ཐོག་མའི་སངས་རྒྱས་བླ་མ་ལ། །རང་སེམས་སྐུ་གསུམ་སྨིན་པ་ཡི། །འདི་ལས་བྱིན་རླབས་རྗེས་གནང་ཞུ། །རབ་ཟབ་བླ་མའི་དབང་ཐོབ་ནས། །མྱུར་བ་ཉིད་དུ་མངོན་སངས་རྒྱས། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །ཞེས་དང་། ཡེ་ཤེས་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལ་བཟླས་བློབགྲོད། །བླ་མའི་སྣང་བ་མི་འབྲལ་ན། །སངས་རྒྱས་རྣམས་དང་འབྲལ་བ་མེད། །ཅེས་དང་། ཆོས་སྐུ་ཡེ་ཤེས་མཁའ་འགྲོའི་གསུང་ལས། གསང་སྔགས་བསྙེན་སྒྲུབ་བྱིན་རླབས་ཀྱི་ལམ་ཡིན། བྱིན་རླབས་མོས་གུས་ཀྱི་ལམ་ཡིན། མོས་གུས་གསོལ་འདེབས་ལ་རགས་ལས་པ་ཡིན་པས། གསོལ་བ་འབར་ཐབས་སུ་ཐོབ་དང་། བྱིན་རླབས་སྙིང་གི་དཀྱིལ་དུ་འབབ་པ་ཞིག་འོང་བ་ཡིན། ཞེས་གསུངས། དེ་རྣམས་ནི་སྤྱིར་བླ་མ་མཚན་ཉིད་དང་ལྡན་པ་སུ་ལ་གསོལ་བ་བཏབ་ཀྱང་ཕན་ཡོན་དེ་རྣམས་འབྱུང་མོད། འོན་ཀྱང་ཕན་ཡོན་དེ་ཐམས་


CMR048_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འབྱུང་ཞིང་བྱིན་རླབས་དངོས་གྲུབ་མྱུར་དུ་ཐོབ་འདོད་ན། གུ་རུ་པདྨ་འབྱུང་གནས་བསྒོམ་ཞིང་གསོལ་བ་བཏབ་པར་བྱ་སྟེ། གུ་རུ་ཉིད་ཀྱི་ཞལ་ནས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ། །དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས། །རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་། །དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་ལྟར། །དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོགས། །ང་ཉིད་དྲན་དང་བསྒོམ་པ་ཙམ་གྱིས་ཀྱང་། །རྒྱལ་བ་སྲས་བཅས་ཐུགས་རྗེས་བདག་ལ་གཟིགས། །གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད། །མ་མོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་འདུ། །བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན། །སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་སྒྲུབ། །ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་། དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་འཐོབ། ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ། །ཅེས་གསུངས་ཏེ། གུ་རུ་ཉིད་ཀྱི་སྒྲུབ་ཐབས་


CMR048_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས་གནང་། སྒྲུབ་ཐབས་ལའང་ཆོས་ཚན་བཞིར་ཕྱེས་ནས། ཕྱི་གསོལ་འདེབས་ཀྱི་སྐོར། ནང་བྱིན་རླབས་ཀྱི་སྐོར། གསང་བ་དངོས་གྲུབ་ཀྱི་སྐོར། དྲག་པོ་ཕྲིན་ལས་ཀྱི་སྐོར་དང་བཞི་རུ་མཛད། ཅེས་འབྱུང་བའི་ནང་ནས་ལེའུ་བདུན་པ་འདི་ནི་ཕྱི་གསོལ་འདེབས་ཀྱི་སྐོར་ཡིན་ནོ། །སྤྱིར་དེང་སང་དུས་སྙིགས་མ་ལས་ཀྱང་ཆེར་སྙིགས་མར་གྱུར་པས། གསོལ་བ་བཏབ་པས་ཀྱང་རྟགས་དང་ཕན་ཡོན་བཤད་པ་ལྟར་དངོས་སུ་འབྱུང་དཀའ་དུས་ཡིན་ནའང་། དུས་ཇི་ཙམ་སྙིགས་བཞིན་དུ་ཨོ་རྒྱན་རིན་པོ་ཆེའི་བྱིན་རླབས་ཇེ་ཆེ་ཐུགས་རྗེ་ཇེ་མྱུར་དུ་འགྲོ་བར་གསུངས་པས། སྙིང་ཐག་པ་ནས་གསོལ་བ་འདེབས་མཁན་ཡོད་ན། བྱིན་རླབས་འབྱུང་ངེས་པར་གདའ་སྟེ། དུས་སྙིགས་མའི་དུས་དེང་སང་ཡང་། ཚོང་དཔོན་ཞིག་གིས་པདྨ་བཀའ་ཐང་བཞེངས་ནས་དྲེའུར་བཀལ་ཡོད་པ། ཇག་པས་རོགས་གཞན་གྱི་དྲེལ་དང་ཚོང་དཔོན་དེའི་དྲེལ་ཐམས་ཅད་དེད་ཤོར་བས། བཀའ་ཐང་བཀལ་བའི་དྲེལ་དེ་ཚུར་ལ་རྒྱུག་བྱུང་བས་དེ་མ་ཤོར་ཟེར་བ་དང་། ཡང་རྒན་མོ་གཉིས་ལ་བ་གཉིས་ཡོད་པས། རྒན་མོ་གཅིག་དེས་ལེའུ་བདུན་མ་དང་བཛྲ་གུ་རུ་ལ་ཐུགས་དམ་རྩེ་གཅིག་བྱེད་པ་ཡིན་པས། རྐུན་


CMR048_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མས་མཚན་ལ་བ་གཉིས་ཁྲིད་ནས་སོང་བ། རྒན་མོ་གཅིག་གིས་གྲོང་པ་ལ་ངག་བྱས་ནས་ཐམས་ཅད་རྒྱུགས་པས་མ་ལོན། རྒན་མོ་གཅིག་དེས་ཨོ་རྒྱན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཉལ་བསྡད་པས། ཕྱིར་ནངས་གསོལ་བ་འདེབས་མཁན་མའི་བ་དེས་བྲེང་ཞགས་གཅིག་ཁྱེར་ནས་ཁྱིམ་དུ་སླེབ་བྱུང་ཟེར་བ་དང་། ཇོ་མོ་རྒན་མོ་གཅིག་གི་ལེའུ་བདུན་མ་དང་བཛྲ་གུ་རུ་ལ་ཐུགས་དམ་རྩེ་གཅིག་ཏུ་བྱེད་ཅིང་། གྲོང་པ་དང་ཐག་རིང་བའི་རི་ཁྲོད་བཟུང་བ་ལ་དགོང་ཀ་ཆུ་ཁུར་ནས་ཚུར་འོང་བ་དང་ལམ་དུ་དྲེད་མོང་གཅིག་དང་ཏུག་གིས་ཐུག་པས། མིག་བཙུམས་ནས་ཨོ་རྒྱན་ལ་གསོལ་བ་བཏབ་ནས་ཁ་རོག་བསྡད་ཛ། དྲེད་མོང་དེས་མོའི་ཞྭ་ཡུ་ལ་ཁ་སྣ་གཏུགས་ནས་སྣོམ་སྟེ་གནོད་པ་མ་བྱས་པར་སོང་ཟེར་བ་དང་། བླ་མ་ཆེན་པོ་ཞིག་གིས་ལེའུ་བདུན་མ་ལ་ཐུགས་དམ་གཙོ་བོར་མཛད་པས། ནམ་མཁའི་འཇའ་གུར་ནང་ནས་དངོས་སུ་ཨོ་རྒྱན་ཞལ་གཟིགས་པ་དང་། ཀུན་གྱིས་མཐོང་བར་མེ་ཏོག་གི་ཆར་ལོ། ཆེན་བབས་ཟེར་བ་དང་། ཡང་བླ་དཔོན་ཆེན་པོ་གཅིག་གིས་གཡུལ་གཏུག་ཁར་ཕམ་དོགས་ནས་ཨོ་རྒྱན་ལ་གསོལ་བ་བཏབ་པས། མདུན་དུ་འཇའ་ཟུག་པའི་སྣ་ལ་ཨོ་རྒྱན་གཙོ་འཁོར་


CMR048_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཞལ་གཟིགས་ནས་གཡུལ་ལས་རྒྱལ་ཟེར་བ་དང་། ལེའུ་བདུན་མ་དང་བཛྲ་གུ་རུ་ལ་ཐུགས་དམ་མཛད་པས་ཚེ་རིང་བ་དང་། གཟའ་ཀླུ་རྒྱལ་པོའི་ནད་ཡོད་པ་ལ་ཕན་པ་དང་། རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་མཇལ་ནས་དབང་དང་བྱིན་རླབས་གདམས་ངག་བདུད་རྩི་དངོས་གྲུབ་གནང་ཟེར་མཁན་མང་དུ་མཐོང་ཞིང་ཐོས་སོ། །དེ་ན་ཡིད་ཆེས་པར་བྱའོ། །ཨེ་མ་ཧོ། ལེའུ་བདུན་པའི་དམིགས་རིམ་རྒྱས་པ་འདི། །སྔོན་ཆད་ཡི་གེར་བཀོད་པ་མ་མཆིས་ཀྱང་། །འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱ་བདག་གིས་ཡི་གེར་བཀོད། །སྙན་བརྒྱུད་ཟབ་མོ་ཡི་གེར་བཀོད་པ་ལ། །ཆོས་བདག་ཊཱཀིས་ཀོ་ལོང་མི་མཛད་གསོལ། །འདི་ལ་འགལ་འཁྲུལ་ཉེས་པ་མཆིས་སྲིད་ན། །པད་འབྱུང་རྩ་བ་གསུམ་གྱི་ལྷ་ལ་བཤགས། །འདི་བྲིས་དགེ་བས་བདག་དང་སེམས་ཅན་ཀུན། །སྐུ་གསུམ་བླ་མའི་གོ་འཕང་ཐོབ་པར་ཤོག །སྡེ་བརྒྱད་བརྟན་མ་མགུར་ལྷ་དགེ་བསྙེན་ཚོགས། །ཨོ་རྒྱན་ཆེན་པོའི་དམ་ལས་མ་འདའ་བར། །ཆོས་འདི་འཕེལ་ཞིང་ཕྱོགས་བཅུར་རྒྱས་པ་དང་། །འདི་ཉིད་ཉམས་སུ་ལེན་པའི་སྲུང་མ་མཛོད། །བཀྲ་ཤིས་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །པདྨ་


CMR048_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་བཀྲ་ཤིས་དེང་འདིར་ཤོག །སྦྱིན་བདག་ལུས་ངག་ཡིད་གསུམ་སྒྲིབ་པ་དག །ཕྱི་མ་ཨོ་རྒྱན་མཁའ་འགྲོའི་གནས་ཐོབ་ཤོག །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བཀྲ་ཤིས་དཔལ་འབར་བསྟན་པ་དར་རྒྱས་ཤོག །སརྦ་མངྒ་ལཾ། དགེའོ།། བཀྲ་ཤིས། ཞལ་དྲོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསོལ་འདེབས་ལེའུ་བདུན་པའི་དམིགས་རིམ་ལོ་རྒྱུས་ཕན་ཡོན་དང་བཅས་པ།next