Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསོལ་འདེབས་ལེའུ་བདུན་མའི་དམིགས་རིམ་ངག་ཁྲིད་ཤིན་ཏུ་གསལ་བ་ཞིག
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས་ལེའུ་བདུན་མའི་དམིགས་རིམ་ངག་ཁྲིད་ཤིན་ཏུ་གསལ་བ་ཞིགnext

གསོལ་འདེབས་ལེའུ་བདུན་མའི་དམིགས་རིམ་ངག་ཁྲིད་ཤིན་ཏུ་གསལ་བ་ཞིག


CMR048_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལེའུ་བདུན་མའི་དམིགས་རིམ་ངག་ཁྲིད་ཤིན་ཏུ་གསལ་བ་ཞིག་བཞུགས་སོ། །


CMR048_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སིདྡྷི་ཧཱུྃ༔ ཨོ་རྒྱན་རྗེ་ལ་ཕྱག་འཚལ་ལོ༔ དེ་ཡི་སྒྲུབ་ཐབས་མཐའ་ཡས་ཀྱང་༔ ཕྱི་ལྟར་སྒྲུབ་ཐབས་གསོལ་འདེབས་སྐོར༔ ལེའུ་བདུན་མའི་གསོལ་འདེབས་བརྗོད༔ བཀའ་སྲུང་ལྷ་མོ་བཞི་པོ་ཡིས༔ བཀའ་ཡི་གནང་བ་བསྩལ་དུ་གསོལ༔ ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ རྒྱ་གར་སྟོན་པ་ཤཱཀ་ཐུབ་ལ༔ བོད་ཀྱི་སྟོན་པ་ཨོ་རྒྱན་ཉིད༔ ཨོ་རྒྱན་པདྨ་ཞེས་བྱ་བ༔ ཀུན་ཏུ་བཟང་པོའི་ངོ་བོ་ཉིད༔ རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ༔ རིགས་ལྔའི་སངས་རྒྱས་འདུས་པའི་དཔལ༔ རིགས་གསུམ་མགོན་པོའི་རང་བཞིན་ཏེ༔ སྣང་བ་མཐའ་ཡས་སྤྲུལ་པའི་


CMR048_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ༔ ཐུགས་རྗེ་ཆེན་པོ་མངོན་སུམ་ཉིད༔ བདག་ཅག་ཐུབ་པ་དྲུག་གི་སྐུ༔ གཅིག་ཏུ་སྤྲུལ་པའི་སྲས་གཅིག་པོ༔ མ་འོངས་སེམས་ཅན་མགོན་གཅིག་ཡིན༔ སངས་རྒྱས་སྟོང་གི་གདུང་གཅིག་པོ༔ དུས་གསུམ་སངས་རྒྱས་སྤྱི་འདུས་དཔལ༔ བདེ་གཤེགས་ཐམས་ཅད་སྐུ་ལ་རྫོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཏེ༔ དེ་སྐད་ཐུབ་པ་ཆེན་པོས་གསུངས༔ གུ་རུ་ཉིད་ཀྱི་ཞལ་ནས་ཀྱང་༔ སྐྱིད་སྡུག་བཟའ་བཏུང་འགྲོ་འཆག་ཀྱང་༔ སེམས་ཀྱིས་སྐད་ཅིག་ངང་དྲན་པས༔ དེ་ཚེ་ང་ཡི་བྱིན་རླབས་དེས༔ ང་ལ་མོས་འདུན་སྐྱེས་ནས་སུ༔ བསྐལ་པ་མང་པོའི་སྔོན་རོལ་


CMR048_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ ང་དང་འབྲེལ་བར་ཤེས་པར་གྱིས༔ མཐར་ནི་ང་ཡི་ཞིང་དུ་སྐྱེ༔ པད་འབྱུང་རྫུན་ཚིག་མི་སྨྲ་ཡིས༔ དགའ་བར་སོམས་ཤིག་མོས་བྱེད་རྣམས༔ གང་ཟག་མོས་པའི་བློ་ཡོད་ལྷན༔ ང་ཡི་ཐུགས་རྗེ་རྒྱུན་ཆད་མེད༔ དོན་ལ་ང་ལ་འགྲོ་འོང་མེད༔ རང་གི་ལས་དང་སྒྲིབ་པ་ཉིད༔ དེ་ཉིད་དག་ན་ང་དང་མཇལ༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོར༔ སྲིན་ཡུལ་བཞུགས་པར་བདེན་མོད་ཀྱི༔ ཐུགས་རྗེ་བྱིན་རླབས་རྒྱུན་ཆད་མེད༔ སུས་མོས་རྩ་ན་ང་ཉིད་འདུག༔ དེ་བས་མང་དུ་ཅི་བཤད་ཀྱང་༔ ཚིག་གི་སྦྱིན་རོ་ཡིན་མོད་ཀྱི༔ དོན་ལ་གློ་སྙིང་ང་ལ་ཁོལ༔ ཆེ་རིག་ཆེ་ལ་ཆུང་རིག་ཆུང་༔ རང་གི་མོས་གུས་དང་བསྟུན་པའི༔ བྱིན་རླབས་འཇུག་པར་ཐེ་ཚོམ་མེད༔ གསུངས་ཕྱིར་གསོལ་འདེབས་འདི་ལ་བརྩོན་དབང་མ་ཐོབ་ཀྱང་འདོན་རུང་སྟེ༔ རང་ཉིད་ཐ་མལ་ལུས་སུ་བྱ༔ གུ་རུ་ཞི་བའི་དབང་ཐོབ་ནས༔ རང་ཉིད་རྟ་ཕག་ཡབ་ཡུམ་སྐུ༔ དམར་པོ་གྲི་གུག་ཐོད་ཁྲག་འཛིན༔ སྤྱི་གཙུག་རྟ་དབུ་ཕག་ཞལ་ཅན༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ༔ ཞབས་གཉིས་པད་ཉིར་བདུད་བཞི་མནན༔ མེ་དཔུང་ཀློང་ན་འགྱིངས་བར་བསྒོམ༔ དེ་ནི་ལེའུ་བདུན་མ་ཀུན་ལ་


CMR048_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེས༔ ལེའུ་བདུན་མའི་གསོལ་འདེབས་ནི༔ དྲུག་ནི་མང་ཡུལ་བྲག་ལ་སྦས༔ བདུན་ནི་ལག་རྐྱང་གཙུག་ལག་སྦས༔ གཏེར་སྲུང་ལྷ་མོ་དྲེལ་ཞོན་མ༔ བསེ་ཡི་ལྷ་མོ་མཆེད་བཞིས་སྲུངས༔ རི་ཁྲོད་བཟང་པོ་དཔལ་ཞེས་པས༔ གཏེར་ནས་བཏོན་ཀྱང་ཕབ་མ་ཐུབ༔ ཤོག་སེར་རྒོད་ལྡེམ་ཅན་ལ་ཕུལ༔ དེ་ཡིས་ཕབ་ནས་འགྲོ་དོན་རྒྱས༔ ལེའུ་བདུན་མའི་སྒྲུབ་ཐབས་སྐོར༔ གཏེར་ཁ་གཞན་ནས་བྱུང་གྱུར་ཀྱང་༔ མང་དུ་མ་འཕེལ་མཐོང་ཐོས་དཀོན༔ འདི་ནི་རང་གཞུང་ཚིག་རིས་དང་༔ མཐུན་པའི་དམིགས་རིམ་ཞལ་གདམས་ཏེ༔ འདི་ལྟར་བསྒོམ་ཞིང་ཉམས་སུ་ལོངས༔ ཨྠྀི༔ རང་གི་སྤྱི་བོར་པདྨ་དཀར་དམར་མཐིང་༔ དཀར་པོའི་སྟེང་དུ་སྤྲུལ་སྐུ་པདྨ་འབྱུང་༔ པད་ཞྭ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེའི་རབ་རྒྱས་སྤྲུལ་སྐུའི་ཆ་ལུགས་རྫོགས༔ དེ་སྟེང་པདྨ་དམར་པོའི་སྟེང་དུ་ནི༔ བླ་མ་ལོངས་སྤྱོད་རྫོགས་སྐུ་ཚེ་དཔག་མེད༔ དམར་པོ་མཉམ་བཞག་ཚེ་བུམ་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རྒྱན་ལྡན་ལོངས་སྐུའི་ཆས༔ དེ་ཡི་དབུ་གཙུག་པདྨ་སྔོན་པོའི་སྟེང་༔ བླ་མ་ཆོས་སྐུ་གསང་འདུས་རྡོ་རྗེ་འཆང་༔ མཐིང་ནག་སྤྱན་གསུམ་རྡོ་རྗེ་


CMR048_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འཛིན༔ རིགས་ལྔས་དབུ་བརྒྱན་རུས་པའི་རྒྱན་དྲུག་གསོལ༔ མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན་པས་འཁྱུད༔ སྤྲུལ་སྐུའི་ཕྱི་རིམ་པདྨ་འདབ་དྲུག་སྟེང་༔ ནམ་མཁའི་སྙིང་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ མཚོ་རྒྱལ་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ མུ་ཁྲི་བཙན་པོ་རིག་འཛིན་རྒོད་ལྡེམ་ཅན༔ དྲུག་པོ་རྒྱན་དང་ཆ་ལུགས་འཚམས་པར་བསྐྱེད༔ གཙོ་འཁོར་གསུམ་གྱི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་འོག་མིན་བདེ་ཆེན་སྲིན་ཡུལ་ནས༔ བླ་མ་སྐུ་གསུམ་འཁོར་བཅས་སྤྱན་དྲངས་བསྟིམ༔ ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞེས་སོགས་ནས༔ པདྨ་སིདྡྷི་ཧཱུྃ་ཞེས་གསོལ་བ་བཏབ༔ སྐུ་གསུམ་བླ་མའི་དཔྲལ་བའི་ཨོཾ་དཀར་ལས༔ འོད་ཟེར་ཐིག་ལེ་དཀར་པོའི་ཨོཾ་མཚན་པ༔ འཕྲོས་ནས་རང་ཉིད་དཔྲལ་བར་ཐིམ་པ་ཡིས༔ ལུས་སྒྲིབ་དག་ནས་སྐུ་ཡི་བྱིན་རླབས་ཞུགས༔ བླ་མ་སྐུ་གསུམ་མགྲིན་པའི་ཨཱཿདམར་ལས༔ འོད་ཟེར་དམར་པོ་ཐིག་ལེ་ཨཱཿདམར་མཚན༔་འཕྲོས་ནས་རང་གི་མགྲིན་པར་ཐིམ་པ་ཡིས༔ ངག་སྒྲིབ་དག་ནས་གསུང་གི་བྱིན་རླབས་ཞུགས༔ བླ་མ་སྐུ་གསུམ་ཐུགས་ཀའི་ཧཱུྃ་མཐིང་ལས༔ ཐིག་ལེ་སྔོན་པོ་ཧཱུྃ་གིས་མཚན་པ་འཕྲོས༔ རང་གི་


CMR048_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་ཐིམ་པས་ཡིད་སྒྲིབ་དག༔ ཐུགས་ཀྱི་བྱིན་རླབས་ཞུགས་བསྒོམ་སྙིང་པོ་བསྒྲང་༔ དེ་ནས་བླ་མ་སྐུ་གསུམ་འཁོར་དང་བཅས༔ འོད་དུ་ཞུ་ནས་རང་དང་དབྱེར་མེད་ཐིམ༔ རང་དང་བླ་མ་དབྱེར་མེད་ངེས་ཤེས་བསྐྱེད༔ དེ་ནས་མ་བཅོས་སེམས་ཀྱི་རང་ཞལ་ལྟ༔ ངོ་བོ་སྟོང་པ་བླ་མ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་བླ་མ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འགགས་མེད་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རང་ལ་རྙེད་པས་བླ་མ་འགྲུབ༔ ལེའུ་དང་པོའི་དམིགས་རིམ་སྤྱི་རྒྱ༔ ༈ དེ་ནས་རང་གི་སྤྱི་གཙུག་ནམ་མཁའ་ལ༔ ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་གཞུང་ལྟར་ལས༔ སྐུ་ཚད་བསམ་ལས་འདས་པ་བསྒོམ་པ་ཡི༔ ཐུགས་དབུས་ཀུན་བཟང་རིགས་ལྔ་ཞི་བའི་ལྷ༔ མགྲིན་པར་པདྨ་གར་དབང་རིག་འཛིན་ཚོགས༔ ཀླད་པར་ཆེ་མཆོག་ཁྲག་འཐུང་ལྔ་བཅུ་བརྒྱད༔ སྤྱི་གཙུག་ཚངས་བུག་ཚེ་དཔག་ཚེ་ཡི་ལྷ༔ དཔྲལ་བར་གཤིན་རྗེའི་གཤེད་པོ་སྐུ་ཡི་ལྷ༔ མགྲིན་པའི་སྟེང་༧ དུ་རྟ་མཆོག་གསུང་གི་ལྷ༔ ཐུགས་ཀའི་ཆ་སྨད་ཡང་དག་ཐུགས་ཀྱི་ལྷ༔ ལྟེ་བར་རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ༔ གསང་བར་བླ་མེད་མ་མོ་རྦོད་གཏོང་ལྷ༔ པུས་མོ་གཡས་སུ་འཇིག་


CMR048_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཆོད་བསྟོད་ལྷ༔ པུས་མོ་གཡོན་དུ་དམོད་པ་དྲག་སྔགས་ལྷ༔ སྲོག་རྩར་ཤཱཀ་ཐུབ་ཉན་ཐོས་འཁོར་དང་བཅས༔ དེ་སོགས་རྩ་གནས་དྲུག་ལ་ཐུབ་པ་དྲུག༔ ལྟེ་འོག་སོར་བཞིར་ཕག་མོའི་དཀྱིལ་འཁོར་ལྷ༔ སྐུ་ཡི་རྩ་གནས་ཉི་ཤུ་རྩ་བཞི་ན༔ ཡུལ་ཆེན་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ སྐུ་ཡི་བ་སྤུ་བྱེ་བ་ས་ཡ་ལ༔ དཔའ་བོ་མཁའ་འགྲོ་བྱེ་བ་ས་ཡ་སྟེ༔ ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་བཞིན༔ རྒྱས་པར་སོ་སོའི་མངོན་རྟོགས་ཤེས་དགོས་ཏེ༔ མི་ཤེས་མོས་པ་ཙམ་དུ་བསྒོམས་པས་འཐུས༔ མདོར་ན་སངས་རྒྱས་ཞིང་ཀུན་སྐུ་ཡིས་ཁྱབ༔ སྐུ་ལ་སངས་རྒྱས་ཞིང་ཀུན་བཀོད་པ་རྫོགས༔ དེ་ཕྱིར་སྤྱན་འདྲེན་ལ་སོགས་མི་དགོས་སོ༔ གང་ཞིག་སངས་རྒྱས་ཡིད་བྱེད་དེ་ཡི་མདུན༔ ཐུབ་པ་བཞུགས་པར་གསུངས་དང་དོན་མཐུན་ནོ༔ དེ་ལྟར་བསྒོམས་ནས་མོས་གུས་རྩེ་གཅིག་པས༔ ཨེ་མ་ཧོ༔ སངས་རྒྱས་བསྟན་པ་རྨད་བྱུང་ཞེས་སོགས་ནས༔ ལེའུ་གཉིས་པ་ཚང་བར་གསོལ་འདེབས་བྱ༔ ལྷ་ཚོགས་ཀུན་གྱི་སྐུ་ལས་བདུད་རྩི་བབས༔ གུ་རུའི་སྐུ་གང་ལུས་ལས་བདུད་རྩིའི་རྒྱུན༔ ཚངས་བུག་ནས་ཞུགས་རང་གི་སྤྱི་བོ་གང་༔ ལུས་ཀྱི་སྒྲིབ་དག་སྐུ་ཡི་དབང་བསྐུར་ཐོབ༔ མགྲིན་


CMR048_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གང་ངག་སྒྲིབ་དག་ནས་གསུང་དབང་ཐོབ༔ སྙིང་ཁ་གང་ནས་ཡིད་ཀྱི་སྒྲིབ་པ་དག༔ ཤེར་ཡེའི་དབང་ཐོབ་ལུས་ཀུན་ལྟེམས་སེ་གང་༔ ཆ་མཉམ་སྒྲིབ་དག་དབང་བཞི་རྫོགས་པར་བསྒོམ༔ དེ་ནས་སྤྱི་བོའི་གུ་རུ་འོད་དུ་ཞུ༔ རང་ལ་ཐིམ་ནས་ཤེས་བྱའི་སྒྲིབ་པ་དག༔ རིག་པའི་རྩལ་དབང་ཐོབ་བསྒོམ་མཉམ་པར་བཞག༔ ལེའུ་གཉིས་པའི་དམིགས་རིམ་རྒྱ༔ ༈ རང་ཉིད་ལྷོ་ནུབ་མཚམས་སུ་ཁ་གྱུས་ལ༔ བདག་བསྐྱེད་རྟ་མགྲིན་རི་རབ་ཙམ་ཞིག་བསྒོམ༔ རྔ་ཡབ་གླིང་ཕྲན་མདུན་བསྐྱེད་དཀྱིལ་འཁོར་བྱ༔ ཆུ་བུར་མིག་གིས་གསལ་བར་མ་མཐོང་ཡང་༔ ཡིད་ཀྱི་ཡུལ་དུ་ཟངས་མདོག་དཔལ་གྱི་རི༔ པདྨ་འོད་ཀྱི་གཞལ་ཡས་གསལ་བཏབ་སྟེ༔ དབུས་སུ་རིན་ཆེན་ཟུར་བརྒྱད་པད་ཟླའི་སྟེང་༔ དཔལ་ཆེན་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སྤྲུལ་སྐུའི་ཆ་ལུགས་རི་རྒྱལ་ལྷུན་པོ་བཞིན༔ ཕྱོགས་མཚམས་པདྨ་འདབ་མ་བརྒྱད་པོའི་སྟེང་༔ བཀའ་བརྒྱད་གཙོ་འཁོར་བརྒྱད་པོ་འཁོར་དང་བཅས༔ དེ་རྒྱབ་པད་འདབ་བཞི་བཞི་བཅུ་དྲུག་སྟེང་༔ གིང་བཞི་མཁའ་འགྲོ་བཅུ་དྲུག་ཡབ་དང་ཡུམ༔ དེ་དག་རྒྱས་པ་སོ་སོའི་མངོན་རྟོགས་བཞིན༔ བསྡུ་ན་མོས་པ་ཙམ་གྱིས་


CMR048_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་ཆོག༔ ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་ཅེས་སོགས་ནས༔ ལེའུ་གསུམ་པའི་གསོལ་འདེབས་རྫོགས་པར་བྱ༔ གསོལ་བ་བཏབ་པས་ལྷ་ཚོགས་དེ་དག་གི༔ དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་ནས༔ འོད་ཟེར་དཀར་དམར་མཐིང་དང་ལྗང་གུའི་ཚོགས༔ སྐར་མདའ་ཆད་བཞིན་རང་གི་གནས་བཞིར་ཐིམ༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམ༔ ལེའུ་གསུམ་པའི་དམིགས་རིམ༔ རྒྱ༔ ༈ རང་གི་སྤྱི་བོར་པདྨ་སུམ་བརྩེགས་སྟེང་༔ ལྟེ་བར་པད་འབྱུང་ཡབ་ཡུམ་མཐིང་ཀ་སྟེ༔ དེ་མཐར་རིགས་ལྔ་རྡོ་རྗེ་འཆང་ལ་སོགས༔ རྒྱལ་བ་དགོངས་བརྒྱུད་སངས་རྒྱས་ཀུན་གྱིས་བསྐོར༔ དེ་འོག་སྟོན་པ་རྡོ་རྗེ་སེམས་དཔའ་ལ༔ དགའ་རབ་ཤྲཱི་སེང་རྒྱ་གར་རིག་འཛིན་བརྒྱད༔ རིག་འཛིན་བརྡའ་བརྒྱུད་བླ་མ་ཀུན་གྱིས་བསྐོར༔ དེ་འོག་སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད༔ གང་ཟག་སྙན་བརྒྱུད་བླ་མ་ཀུན་གྱིས་བསྐོར༔ ཀུན་ཀྱང་འཇའ་འོད་ཐིག་ལེ་ཐིག་ཕྲན་འཁྲུགས༔ ནམ་མཁའི་ཁམས་ཀུན་གང་བར་བསྒོམས་བྱས་ལ༔ ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་རྒྱལ་བ་ནས་བཟུང་སྟེ༔ ལེའུ་བཞི་པའི་གསོལ་


CMR048_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཚང་བར་བྱ༔ ལྷ་ཚོགས་ཐམས་ཅད་ཨོ་རྒྱན་ཉིད་ལ་ཐིམ༔ ཨོ་རྒྱན་འོད་ཞུ་རང་ལ་ཐིམ་པ་ཡིས༔ རང་གི་སེམས་ཉིད་ཆོས་སྐུ་རྗེན་པར་གྱུར༔ རྫོགས་ཆེན་ཁྲེགས་ཆོད་རྟོགས་པ་སྐྱེས་པར་བསྒོམ༔ མ་བཅོས་རང་བྱུང་ངོ་བོ་སྐྱོང་བའི་ཚེ༔ བལྟ་བྱ་ལྟ་བྱེད་དབྱེར་མེད་གཅིག་ཏུ་འདྲེས༔ མིག་གི་ཡུལ་དུ་མཐོང་བའི་གཟུགས་རྣམས་ཀྱང་༔ སྣ་ཚོགས་མཐོང་ཡང་འདི་ཡིན་འཛིན་པ་མེད༔ དཔེར་ན་བྱིས་པས་ལྷ་ཁང་མཐོང་བ་བཞིན༔ རྣ་བའི་ཡུལ་དུ་གྲག་པའི་སྒྲ་རྣམས་ཀྱང་༔ སྙན་དང་མི་སྙན་ཆགས་སྡང་འཛིན་པ་མེད་བྲག་རའི་ཁྲོད་ནས་བྱུང་བའི་སྒྲ་སྐད་བཞིར༔ སེམས་ལ་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔ གང་ཤར་རང་ངོ་བལྟས་པས་རང་སར་གྲོལ༔ དཔེར་ན་ཆུ་རླབས་ཆུ་ལ་ཐིམ་པ་བཞིན༔ ཕྱི་རོལ་སྣོད་བཅུད་སྣང་སྟོང་ཆུ་ཟླ་བཞིན༔ གང་དུ་སེམས་ཉིད་སྟོང་གསལ་ནམ་མཁའ་བཞིན༔ ཕྱི་ནང་དབྱེར་མེད་མ་བཅོས་ཅོག་གེར་བཞག༔ དེ་ལ་བརྟན་པ་ཐོབ་ན་རང་རྒྱུད་གྲོལ་ལེའུ་བཞི་པའི་དམིགས་རིམ་ཨྠ྄ྀི་རྒྱ༔ ༈ རང་གི་སྤྱི་བོར་པདྨའི་སྡོང་པོ་ནི༔ དབུས་དང་འདབ་བརྒྱད་སྟེང་དུ་པད་ཟླའི་སྟེང་༔ དབུས་སུ་ཨོ་རྒྱན་སྤྲུལ་སྐུ་གཞུང་ལྟར་


CMR048_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ འདབ་བརྒྱད་སྟེང་དུ་མཚན་བརྒྱད་སྤྱི་ལྟར་བསྒོམ༔ རྔ་ཡབ་གླིང་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཞེས་སོགས་ནས༔ བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བཏབ་པས༔ དེ་ནས་མཚན་བརྒྱད་འོད་ཞུ་གཙོ་བོར་ཐིམ༔ གཙོ་བོ་འོད་ཞུ་རང་ལ་ཐིམ་པར་བསྒོམ༔ འདི་ལ་ལྷ་དགུ་སྤྱི་བོར་བསྒོམས་མོད་ཀྱང་༔ མཐར་ནི་རང་གི་འདོད་པ་དང་བསྟུན་ནས༔ ཐམས་ཅད་གང་ཡིན་དེ་ལ་ཐིམ་བྱས་ཏེ༔ དེ་ཉིད་རང་ལ་ཐིམ་བསྒོམ་ལས་ཚོགས་གྲུབ༔ སྒྲིབ་པ་དག་པར་འདོད་ན་པདྨ་འབྱུང་༔ ཤེས་རབ་ཆེ་འདོད་བློ་ལྡན་མཆོག་སྲེད་དེ༔ འགྲོ་དོན་སྒོ་འབྱེད་ཉི་མ་འོད་ཟེར་ཡིན༔ ཕ་རོལ་གནོད་པ་ཟློག་ན་སེངྒེ་སྒྲ༔ ཡོན་ཏན་རིག་གནས་སློབ་ན་པདྨ་སཾ་བྷ་ཝ༔ སྣང་སྲིད་དབང་དུ་སྡུད་ན་པདྨའི་རྒྱལ༔ བསྟན་པ་འཕེལ་འདོད་བསྒྲུབ་པ་ཤཱཀྱ་སེང་༔ ལྷ་འདྲེ་གདུག་པ་འདུལ་ན་གྲོ་ལོད་བསྒོམ༔ རང་ལ་ཐིམ་དམིགས་འགྲོ་དོན་སོ་སོར་འབྱུང་༔ ལེའུ་ལྔ་པའི་དམིགས་རིམ་ཨྠ྄ྀི་རྒྱ༔ ༈ སིནྡྷ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ པད་ཟླའི་གདན་ལ་རང་ཉིད་ཡིད་དམ་གསལ༔ སྐུ་རྒྱབ་གཏད་པའི་པད་སྡོང་ཆེན་པོའི་རྩེར༔ ཨོ་རྒྱན་


CMR048_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཁྲོ་འཛུམ་སྤྱན་གཉིས་ནམ་མཁར་གཟིགས་པར་བསྒོམ༔ རྔ་ཡབ་གླིང་ནས་ཡིད་ཀྱིས་སྤྱན་དྲངས་བསྟིམ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་སོགས་གསོལ་འདེབས་བྱ༔ ཨོ་རྒྱན་སྐུ་ལུས་ཆུང་ངུ་གཅིག་ཏུ་གྱུར༔ རང་གི་ཚངས་བུག་ནས་ཞུགས་སྙིང་གར་བྱོན༔ རང་སྙིང་པདྨ་དམར་པོ་འདབ་བརྒྱད་པ༔ ཅུང་ཟད་ཁ་བྱེའི་ནང་དུ་བཞུགས་པར་བསྒོམ༔ དེ་ནས་དམིགས་རིམ་ཉམས་ལེན་ཐུན་གཅིག་སྐྱོངས༔ ལེའུ་དྲུག་པའི་བསྒོམ་བྱ་ཨྠ྄ྀི་རྒྱ༔ ༈ མདུན་གྱི་ནམ་མཁར་ཨོ་རྒྱན་སྤྲུལ་པའི་སྐུ༔ ཕྱག་གཡོན་མཉམ་བཞག་བྷནྡྷ་ཚེ་བུམ་འཛིན༔ ཕྱག་གཡས་རྡོ་རྗེ་དང་བཅས་སྐྱབས་སྦྱིན་མཛད༔ སྐྱབས་སྦྱིན་འོག་ཏུ་བདག་དང་བསྲུང་བྱ་ཚུད༔ འཇིགས་དང་གནོད་པ་ཀུན་ལས་སྐྱོབ་པར་བསྒོམ༔ བསམ་པ་ལྷུན་གྲུབ་མ་ཡི་གསོལ་འདེབས་བྱ༔ དེ་ནི་སྤྱི་ཁྱབ་འཇིགས་པ་ཀུན་སེལ་ཡིན༔ ཁྱད་པར་ནད་ཀྱི་འཇིགས་པས་ཉན་པ་ན༔ རང་ངམ་ནད་པའི་སྤྱི་བོར་ཨོ་རྒྱན་ཉིད༔ ཆ་ལུགས་སངས་རྒྱས་སྨན་བླའི་སྐུ་རུ་བསྒོམ༔ ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་ནས༔ ཚ་བའི་ནད་ལ་ག་པུར་བསིལ་བའི་ཆུ༔ ཚངས་བུག་ནས་ཞུགས་


CMR048_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀུན་དག་པར་བསྒོམ༔ གྲང་བའི་ནད་ལ་ཁྲོ་ཆུ་ཁོལ་མའི་རྒྱུན༔ བབས་ནས་ནད་ཀུན་བྱ་སྒྲོ་མེར་བསྲེགས་བཞིན༔ རླུང་གི་ནད་ལ་འབྲི་མར་ཞུན་མའི་རྒྱུན༔ ལུས་ཀུན་ཀོ་ཀམ་སྣུམ་གྱིས་བརླན་པ་བཞིན༔ འདུས་པའི་ནད་ལ་བདུད་རྩི་ཁ་དོག་ལྔ༔ བབས་པས་ལུས་གང་འབྱུང་བ་ཁོད་སྙོམ་བསྒོམ༔ འཆི་བར་ཉེ་ཚེ་སྤྱི་གཙུག་པད་ཟླའི་སྟེང་༔ ཨོ་རྒྱན་ཆོས་སྐུ་སྣང་བ་མཐའ་ཡས་བསྒོམ༔ རང་ལུས་དབུས་སུ་ཨ་ཝ་དྷུ་ཏིའི་རྩ༔ མར་སྣེ་ལྟེ་འོག་ཕུག་རྡུགས་སྨྱུག་ཚིགས་བཞིན༔ ཡར་སྣེ་ཚངས་བུག་ཧད་པོར་སྐར་ཁུང་བཞིན༔ སྙིང་ཁར་རང་གི་རླུང་སེམས་རྣམ་ཤེས་ནི༔ ཐིག་ལེ་དཀར་དམར་མདངས་ལྡན་འཕར་ལ་ཁད༔ སྐར་མདའ་ཆད་བཞིན་ཚངས་པའི་བུ་ག་ནས༔ ཨོ་རྒྱན་སྣང་མཐའི་ཐུགས་ཀར་ཡང་ཡང་བསྟིམ༔ དབུགས་ཆད་བར་དུ་དེ་ཉིད་སྒོམ་པས་འཐུས༔ ཆུ་དང་གཡང་ས་དགྲ་རྐུན་གཅན་གཟན་སོགས༔ འཇིགས་པ་ཡོད་སར་འགྲོ་ཚེ་ནམ་མཁའ་ལ༔ ཨོ་རྒྱན་སྐྱབས་སྦྱིན་མཛད་པ་སྒོམ་བཞིན་དུ༔ བསམ་པ་ལྷུན་གྲུབ་མ་ཉིད་འདོན་པས་འཐུས༔ ལེའུ་བདུན་པའི་དམིགས་རིམ་སྤྱི་རྒྱ༔ ༈ དེ་ནས་ཐེ་ཚོམ་གཅོད་པའི་ཞལ་གདམས་ནི༔ སྔོན་ཚེ་རུ་ཏྲ་


CMR048_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་ཕུང་པོ་གཏོར༔ དེ་ཡི་ལུས་ལ་གནས་ཆེན་རྣམས་བྱུང་སྟེ༔ སྙིང་ནི་རྡོ་རྗེ་གདན་དུ་ཕེབས་པར་འདོད༔ ཙིཏྟ་ཨོ་རྒྱན་ཡུལ་ཟེར་མ་དག་སྟེ༔ ཙིཏྟ་ཨོ་རྒྱན་ཡུལ་དུ་བབ་པ་དང་༔ ཙིཏྟ་ཞེས་པ་གསང་རྡོར་མིང་ཅན་ནོ༔ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔ མ་དག་ཙིཏྟའི་དབྱིབས་ཞེས་བྱ་བ་སྟེ༔ རི་དེ་གསང་རྡོ་གྱེན་དུ་འགྲེང་འདྲར་ཡོད༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ སིན་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔ ཨོ་རྒྱན་འཁྲུངས་པར་བཤད་པ་ཅི་ཞེ་ན༔ མཐའ་ཡི་རྒྱ་མཚོས་བར་ནི་ཆོད་པ་ཡི༔ ཕ་རི་ལྷོ་ནུབ་སྲིན་པོའི་ཡུལ་ཡིན་ལ༔ ཚུ་རི་ནུབ་ཕྱོགས་ཨོ་རྒྱན་ཡུལ་ཡིན་པས༔ མཐའ་ཡི་རྒྱ་མཚོའི་གཙང་ལག་གཙོ་ཆེན་དེ༔ དེ་རུ་ཨོ་རྒྱན་པདྨ་འཁྲུངས་པའི་དོན༔ དབང་གི་ལྷ་མོ་ནཱ་ག་རྫུ་ནའི་དོན༔ དབང་གི་ལྷ་མོ་སྒྲོལ་མ་དམར་མོ་སྟེ༔ ལྷ་མོ་ཀུ་རུ་ཀུལླེ་བྱ་བ་ཡིན༔ ནཱ་ག་རྫུ་ན་ཀླུ་སྒྲུབ་མཚན་ཡིན་ནོ༔ བསམ་པ་ལྷུན་གྲུབ་མ་ཡི་དཔེ་ཆ་ལ༔ བདག་འདྲ་ཞེས་ཚེ་དང་ང་ཉིད་ཅེས་པ་རྣམས༔ ཨོ་རྒྱན་གསུངས་དུས་དེ་ལྟར་གསུངས་འདུག་སྟེ༔ འདོན་དུས་ཨོ་རྒྱན་ཞེས་བྱར་བསྒྱུར་དགོས་སོ༔ དེ་ལྟར་ལེའུ་བདུན་མའི་ཞལ་གདམས་འདི༔ བཙུན་


CMR048_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨ་གྲོ་སྦྱིན་པས་བསྐུལ་བའི་ངོར༔ རྟ་ལོ་ཐ་སྐར་ཟླ་བའི་ཉི་ཤུ་ཉིན༔ ༧ རཱ་ག་ཨ་སྱས་འཕྲལ་དུ་སྨྲས་པ་རྣམས༔ འབྲོང་པ་ཐབས་མཁས་ཞེས་བྱས་ཡི་གེར་བཀོད༔ འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་ན༔ ཨོ་རྒྱན་མཁའ་འགྲོའི་ཚོགས་དང་བཅས་ལ་བཤགས༔ དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་རྣམས༔ ཚེ་འདིར་བསམ་པ་ཡིད་བཞིན་འགྲུབ་པ་དང་༔ ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ༔ ཨོ་རྒྱན་ཆོས་སྐུའི་ཞབས་འབྲིང་བྱེད་པར་ཤོག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསོལ་འདེབས་ལེའུ་བདུན་མའི་དམིགས་རིམ་ངག་ཁྲིད་ཤིན་ཏུ་གསལ་བ་ཞིགnext