Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་འབྲེལ་ཡོད་པའི་དཔལ་ལྡན་བླ་མ་དམ་པ་འགའ་ཞིག་ལ་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་པ་གསོལ་འདེབས་འགའ་ཟུང་ཞིག
   
   
   
   
   
   
   
   
   
   
   


 
previousཆོས་འབྲེལ་ཡོད་པའི་དཔལ་ལྡན་བླ་མ་དམ་པ་འགའ་ཞིག་ལ་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་པ་གསོལ་འདེབས་འགའ་ཟུང་ཞིགnext

ཆོས་འབྲེལ་ཡོད་པའི་དཔལ་ལྡན་བླ་མ་དམ་པ་འགའ་ཞིག་ལ་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་པ་གསོལ་འདེབས་འགའ་ཟུང་ཞིག


CMR048_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྲེལ་ཡོད་པའི་དཔལ་ལྡན་བླ་མ་དམ་པ་འགའ་ཞིག་ལ་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་པ་གསོལ་འདེབས་འགའ་ཟུང་ཞིག་བཞུགས་ཡོད་དོ།།


CMR048_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོདྡྷི་སཏྭ་ཡེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་མཛོད་འཛིན་ཅིང་། །ཡེ་ཤེས་དབྱེར་མེད་རོ་གཅིག་པ། །རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །སྔོན་ཚེ་པདྨ་འབྱུང་གནས་ཀྱིས། །དབང་བསྐུར་བྱིན་གྱིས་རླབས་པའི་མཐུས། །རྫུ་འཕྲུལ་ཆུ་ལ་ཐོགས་པ་མེད། །དཔལ་གྱི་དབང་ཕྱུག་ཞབས་ལ་འདུད། །རྗེ་བཙུན་མི་ལ་རས་ཆེན་གྱིས། །བྱིན་རླབས་ཐུགས་ཀྱི་སྲས་སུ་གྱུར། །འཇའ་ལུས་མཁའ་སྤྱོད་གནས་སུ་གཤེགས། །ཞི་བ་འོད་ལ་གསོལ་བ་འདེབས། །གོ་ཤྲི་དཔལ་འབྱོར་དོན་གྲུབ་དང་། །


CMR048_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དཔལ་འབྱོར་གྲུབ་པའི་གཙོ། །རྗེ་བཙུན་གྲགས་པ་དོན་གྲུབ་སྟེ། །རྒྱལ་ཚབ་རྣམས་ལ་གསོལ་བ་འདེབས། །བླ་མ་ཡི་དམ་དབྱེར་མེད་ཅིང་། །མཁས་དང་གྲུབ་པའི་རྩེ་མོར་བྱོན། །གྲགས་པ་མཆོག་དབྱངས་ཞེས་བྱ་བའི། །དྲིན་ཆེན་རྗེ་ལ་གསོལ་བ་འདེབས། །སྙིགས་མ་ལྔ་བརྒྱའི་དུས་འདིར་ཡང་། །གཞན་སེམས་མཁྱེན་པའི་མངོན་ཤེས་ཀྱིས། །ཐེ་ཚོམ་དྲ་བ་གཅོད་མཛད་པ། །ངོ་མཚར་ཅན་ལ་གསོལ་བ་འདེབས། །རབ་མཁྲེགས་རྡོ་བའི་ངོས་དག་ལ། །ཁ་དོག་བསྒྱུར་བའི་ཞབས་རྗེས་ཀྱིས། །འགྲོ་བའི་སྒྲིབ་པ་སྦྱངས་བ་


CMR048_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྫུ་འཕྲུལ་སྟོན་ལ་གསོལ་བ་འདེབས། །གདོད་ནས་ཀུན་མཁྱེན་ཡིན་མོད་ཀྱང་། །བསྟན་པ་དར་ཞིང་རྒྱས་པའི་ཕྱིར། །དཀའ་སྤྱད་བརྩོན་འགྲུས་དུ་མ་ཡིས། །བསླབ་སྦྱང་མཛད་ཚུལ་སྟོན་ལ་འདུད། །མ་རུངས་སྙིགས་མའི་སེམས་ཅན་གྱི། །དུག་ཆེན་ཧ་ལ་དྲངས་པའི་ཚེ། །མཁྱེན་བཞིན་གསོལ་ནས་དུག་ནུས་བཅོམ། །རྡོ་རྗེའི་སྐུ་མངའ་དེ་ལ་འདུད། །ཛ་ལེན་དྷ་རའི་རི་ཕུག་ན། །རྫུ་འཕྲུལ་བྲག་ལས་གྲུབ་ཆུ་བཏོན། །སྣང་བ་དབང་དུ་འདུས་པའི་རྗེ། །གྲགས་པའི་མཚན་ཅན་དེ་ལ་འདུད། །དགུང་ལོ་བཅུ་དྲུག་ཙམ་གྱི་ཚེ། །བཤད་པའི་འདུས་སྡེ་བཙུགས་པར་མཛད། །ཐུབ་བསྟན་སླར་ཡང་རྒྱུས་མཛད་པ། །བཤེས་གཉེན་དེ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་དབྱེར་མེད་ལ། །ངེས་ཤེས་ཚད་མ་མངོན་མཐོང་ནས། །རྩེ་གཅིག་དད་པས་གསོལ་བཏབ་པས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་པ་འདི་སྔ་སོར་རྗེ་དཔལ་ལྡན་གྲགས་པ་མཆོག་དབྱངས་འགྲོ་བའི་ཁྱུ་མཆོག་ཀུན་ཏུ་བཟང་པོའི་རྣམ་པར་རོལ་པའི་ཞལ་སྔ་ནས་ཚོགས་བསྔོ་དང་བསྔོ་བའི་བཤད་པའི་ལེའུ་དུ་མར་ཆོས་འབྲེལ་ཅུང་ཟད་རེ་ཐོབ་པས། དུས་ཕལ་ཆེར་ཡབ་སྲས་གསུམ་ཚོགས་དབུ་མཛད་ནས་ཚོགས་གྲོལ་ཁ་གདོང་གྲལ་བར་ནས་


CMR048_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་སྲོལ་ཡོད་པ་ལས། ཉིན་གཅིག་བདག་གི་བསམ་པ་ལ་རྒྱལ་ཚབ་པ་འདི་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཟིན་ཟེར་བ་ཨེ་བདེན། ཡབ་སྲས་གཉིས་ལུང་བསྟན་ཨོ་རྒྱན་གྱིས་གསུངས་པ་མང་དུ་གདའ་བས་འཆུག་པ་མེད། རྒྱལ་ཚབ་པ་ལ་ནི་ཨོ་རྒྱན་གྱིས་གསུངས་གསལ་པོ་ཡང་མ་མཐོང་། ཁོང་ཕྱག་རྡོར་ཡིན་ན་བདག་གིས་སྔར་ནས་ཕྱག་རྡོར་གྱི་བསྙེན་པ་མང་པོ་སོང་ཞིང་ད་ལྟ་ཡང་ཡི་དམ་ཡིན་པས་ཁོང་གིས་དེ་མཁྱེན་འོས་སྙམ་ནས་ཕྱག་རྡོར་གྱི་བསྐྱེད་རིམ་གསལ་བར་བྱས་ནས་བསྙེན་པ་ཕྲེང་སྐོར་གཅིག་གཉིས་བྱས་ནས་ཐལ་མོ་གཞན་གྱིས་མ་མཐོང་བར་སྦྱར་མའི་ནང་དུ་སྦྱར་ནས། ཁྱེད་ཕྱག་རྡོར་ཡིན་ངེས་ན་ང་ཡི་ཡི་དམ་ཡིན་པས་ཕྱིར་གདོང་གྲལ་ནས་གཤེགས་པའི་ཚེ་ང་ལ་ཚུར་ལེགས་པར་གཟིགས་ཤིག །ཅེས་སུས་མ་གོ་བར་ལྐོག་ལབ་གཅིག་བྱས་པས། དུས་རྒྱུན་པར་གདོང་གྲལ་ནས་ཡབ་སྲས་གཉིས་དེའི་རྒྱབ་ནས་རྒྱལ་ཚབ་པ་ཕེབས་དུས་ཕན་ཚུན་དུ་གཟིགས་སྲོལ་མེད་པ་ལ། དེ་ཉིན་གདོང་གྲལ་དཀྱིལ་ཙམ་ནས་འབྱོན་དུས། ང་དེ་ཉིན་གཡོན་གྲལ་ཟུར་ཚུར་ཟད་འདིར་ཡོད་པ་ལ་ཞལ་སྐྱོགས་ནས་ལེགས་པར་གཟིགས་བཞད་མོ་གཅིག་མཛད་བྱོན་སོང་བས། ཕྱག་རྡོར་དངོས་སུ་ཐག་ཆོད་པས་ཕྱག་རྡོར་གྱི་ཆོས་འབྲེལ་ཞུ་འདོད་ཀྱང་ཕྱག་རྟེན་མེད་པས་ཞུ་མ་སྤོབས། འོན་ཀྱང་བླ་མའི་རྣལ་འབྱོར་ལ་ཏིང་ངེ་འཛིན་གྱི་དབང་བཞི་ལེགས་པར་བཤད་གདའ་བས། ནམ་ཚོགས་དབུས་སུ་ཕེབས་ཚེ་ཐམས་ཅད་ལ་ཕྱག་རྡོར་དངོས་སུ་གསལ་བཏབ་ཐག་བཅད་ནས་ཏིང་ངེ་འཛིན་གྱི་དབང་བཞི་དུ་མ་བླངས་


CMR048_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕྱིས་དེ་དག་དྲན་ནས་གསོལ་འདེབས་དང་བསྟོད་པ་འདི་ཡང་བྱས་སོ། ༈ །འཕགས་ཡུལ་གྲུབ་ཆེན་ཌོམྦི་ཧེ་རུ་ཀ། །སྟག་ཞོན་རིགས་ངན་བུ་མོ་མཆན་དུ་ཐོགས། །དུག་སྦྲུལ་ལག་ཏུ་ཐོགས་ནས་མུ་སྟེགས་བཏུལ། །རྫུ་འཕྲུལ་མཁའ་ལ་གཤེགས་དེར་གསོལ་བ་འདེབས། །བོད་ཡུལ་མུན་པ་སེལ་མཛད་ལྷོ་བྲག་པ། །དུད་འགྲོ་ཤི་བའི་ལུས་ལ་གྲོང་འཇུག་མཛད། །ཚོགས་འཁོར་མཛད་ཚེ་མཁའ་ལ་ཆར་རྒྱུན་བབས། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །བདེ་དྲོད་ནུས་པས་ལོ་སར་ཆབས་བྲོམ་ཞུ། །མགོན་པོ་ཞལ་ལྕོགཟིགས་བསྟན་དགྲ་བོན་པོ་བཏུལ། །ཏིང་འཛིན་དབང་ཐོབ་ཡི་དམ་དཔག་མེད་གཟིགས། །གྲུ་གུ་རས་ཆེན་ཞབས་ལ་གསོལ་བ་འདེབས། །མི་དབང་མཚན་གསོལ་སི་ཏུ་ཆོས་རྒྱལ་མཚན། །དེ་བཞིན་བཀྲ་ཤིས་གྲགས་པ་དཔལ་འབྱོར་ཞབས། །ཆོས་ཀྱི་གོ་ཆ་ནོར་བུ་བསམ་འཕེལ་དང་། །ཆོས་ཀྱི་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །བསམ་ཡས་མཐིལ་དུ་ཡུན་རིང་བཞུགས་པའི་ཚེ། །གནོད་སྦྱིན་རྩི་དམར་འབེབས་པར་མ་ནུས་པས། །འདི་ནི་ཡེ་ཤེས་མགོན་པོ་དངོས་ཉིད་ཅེས། །ཀུན་གྱིས་བསྟོད་པར་འགྱུར་ལ་


CMR048_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །གྲོང་ཁྱེར་ཆེན་པོར་མེ་ཆེན་མཆེད་པའི་ཚེ། །རྒྱངས་ནས་ཕྱག་ནས་མཛད་པའི་མོད་ལ་ཞི། །འབྱུང་བཞི་དབང་དུ་འདུས་པའི་སྐྱེས་བུ་ཞེས། །དབུས་གཙང་ཡོངས་ལ་གྲགས་དེར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སླར་ཡང་སྤྲུལ་སྐུ་ཡུན་རིང་ཞབས་བརྟན་ཅིང་། །ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་ཡིས། །བདག་ཅག་འཁོར་བཅས་ངོམས་པར་མཛད་དུ་གསོལ། །ཅེས་པ་འདི་༧ སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོའི་ཞལ་སྔ་ནས། ཁམས་སུ་བྱིས་སྒྲའི་དུས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་སོགས་ཤོ་ལོ་ཀ་གཉིས་ཀྱི་ཆོས་འབྲེལ་དང་། རང་ལོ་ཉེར་གཉིས་པར་གྲྭ་ཚང་གོངས་དཀར་ཕུབ་རོན་ལྕང་གསེབ་ཏུ་བཞུགས་དུས། རྗེ་སྤྲུལ་པའི་སྐུ་ཆུ་བར་དུ་ཞིང་བརྗེ་བར་ཉེ་བ་ན། ༧ རྒྱལ་བའི་དབང་པོས་ངེད་ཀྱི་སྐུ་ཚེ་བརྟན་པར་གསོལ་བ་བཏབ་ཀྱང་ཞལ་བཞེས་མ་བྱུང་བས། སི་ཏུ་པ་བརྟན་བཞུགས་འབུལ་དུ་འབྱོན་གསུངས་པའི་བཀའ་ཤོག་ཕེབས་དུས། དྲུང་ནས་རྒྱལ་བའི་དབང་པོའི་བཀའ་ཡིན་པས་ཁོ་བོ་འགྲོ་སྟེ། མཆོག་གི་སྤྲུལ་སྐུའི་ཞལ་རྩེབས་པ་མེད་གསུངས་ཤིང་བྱོན་དུས། ངེད་མཆེད་གྲོགས་བཞི་བཅུ་ཙམ་ཆུ་བོ་རིའི་ཕར་གྲིབ་དེར་མཇལ་བས་ཐུགས་དགྱེས་པའི་རྣམ་འགྱུར་དུ་མ་དང་། གངས་དཀར་རྫོང་དཔོན་གྱིས་དཀར་གྲོ་བཤམས་པ་ནས་བུ་རམ་དང་ཟས་སྣ་གྱ་


CMR048_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནོམ་པ་གནང་། ཕྱིས་མཚུར་ཕུར་རྗེ་ཆོས་དབྱིངས་རྡོ་རྗེའི་ཐུགས་རྩོམ་དགེ་འདུན་སྤྱི་ལ་ཞལ་གདམས་ཀྱི་ཤོག་དྲིལ་ཆེན་པོ་དཔེ་བྲིས་ནས་ཁ་གྲས་ཀྱི་ལྡེབ་བུ་བཅུ་ཙམ་པར་འོང་བ་བདག་ལ་སི་ཏུ་རིན་པོ་ཆེས་ལུང་གནང་སྟེ། གསུངས་ཤིན་ཏུ་ཆེ་བས་ཚངས་པའི་དབྱངས་ཡིན་ཞེས་གླེང་བ་བྱུང་ཡང་། ཚོགས་ཆེ་བྲག་པས་མ་ཐོས་དོགས་ནས་ཚོགས་ཀྱི་མཐའ་རྒྱས་སུ་ལན་གསུམ་ཀློག་པར་མཛད་པ་དང་། གོང་དུ་ཆུ་བོ་རིར་ངེད་བཅུ་ཙམ་གཅིག་ལ་ཕག་མོ་ཀུན་རིག་མགོན་པོ་གསུམ་གྱི་བཀའ་པོ་ཏི་གླེགས་བམ་གྱིས་དབང་མཛད་དེ། རྙིང་མའི་ལུགས་ལྟར་ན་འདི་དབང་གི་ཆུ་བོ་བཞི་ཡི་ནང་གཅིག་ཡིན་པར་སྣང་ངོ་། །དེ་དུས་ཁོང་འགའ་ཞིག་ན་རེ་རྗེ་མཆོག་གི་སྤྲུལ་སྐུས་དཔེ་དབང་མཛད་དུས་གླེགས་ཐག་བཀྲོལ། དཔེ་ཞལ་ཕྱེས་ཏེ་རྒྱ་ཤོག་སྟེང་དུ་ཡོད་པར་བྱས་དཔེ་སྣ་སློབ་མ་ལ་སྟོན་ནས་མགོར་བཞག་པ་མཛད་པ་ལས། དེ་ལྟར་མ་མཛད་ཟེར་ནས་མ་མགུ་བར་ལྟར་སྨྲ་བའང་བྱུང་ལ། ཕྱིས་བདག་གི་བསམས་པས་སོ་སོའི་སྐྱེ་བོ་རང་རེ་རྣམས་ཆོ་ག་ཕྱག་ལེན་མ་འཁྲུལ་བར་བྱ་དགོས་དེ་མིན་བྱིན་རླབས་མི་འབྱུང་། འཕགས་ཆེན་རྣམས་ལ་ངེས་པ་མེད་དེ། ཏེ་ལོས་རས་ཡུག་བསྲེགས་ཏེ་ནཱ་རོའི་རྒྱུད་ལ་དབང་དོན་གྱི་ཡེ་ཤེས་སྐྱེས་ཏེ། རྒྱུད་གང་ནས་ཀྱང་རས་ཡུག་བསྲེགས་པས་དབང་བསྐུར་དུ་འགྲོ་བར་མ་བཤད་པ་འདྲ། ཁོང་རྣམས་དབང་བསྐུར་བ་དང་བྱིན་གྱིས་རླབས་པའི་ཐུགས་འདུན་གཏད་པ་གཅིག་པུས་ཆོ་ག་ཕྱག་ལེན་ལ་མ་ལྟོས། འོན་ཀྱང་དེ་མ་དགོངས་བ་དེ་གང་ཡིན་མཚན་ཉིད་གྲ་སར་ཟ་ཆོག་ལ་ལྟ་དབང་མེད་ཅིང་དཔེ་མ་སྐུང་


CMR048_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤྱི་བས་བསྡུ་བའི་སྲོལ་ཡོད་ལ་ཉིན་གླིང་ཡང་མ་འོངས་པར་སྔགས་གྲ་རུ་འགྱུར་དོགས་ཡོད་པར་ལུང་བསྟན་ཡོད་པས་དེ་ལ་དགོངས་པ་འདྲ་བསམ་མོ། །དོན་ཆོས་འབྲེལ་ཐོབ་ཚུལ་དྲན་ནས་གསོལ་བ་བཏབ་པའོ། །ན་མོ་གུ་རུ། དབང་ཕྱུག་རྡོ་རྗེའི་གསུང་གི་སྤྲུལ་པར་གྲགས། །གཡེ་ཡི་ཕྱོགས་འཁྲུངས་ཡིག་རིས་མཁས་པར་མཁྱེན། །རྒྱལ་དབང་དགུ་པའི་དྲུང་ཡིག་མཛད་པའི་ཕྱིར། །དྲུང་ཡིག་པ་ཞེས་གྲགས་ལ་གསོལ་བ་འདེབས། །རྒྱལ་བའི་དབང་པོར་ཕྱག་ཆེན་ཁྲིད་ཞུས་པས། །ཇི་ལྟར་བསྒོམས་ཀྱང་རྟོགས་པ་མ་སྐྱེས་པས། །བཀའ་བཀྱོན་བཅས་པས་ཆབ་ལྷམ་རྒྱབ་མ་ཐག །འོད་གསལ་མངོན་སུམ་རྟོགས་ལ་གསོལ་བ་འདེབས། །ཇོ་བོའི་དྲུང་དེར་ལོ་གསུམ་བསྒོམ་པའི་ཚེ། །ཇ་འདྲེན་མང་པོའི་ཟངས་སྐྱེམས་ཚན་མོ་ཡིས། །དབུ་གཙུག་ཆལ་སྟེགས་རེས་མོས་བྱས་གྱུར་ཀྱང་། །ཏིང་འཛིན་གཡོ་བ་མེད་དེར་གསོལ་བ་འདེབས། །དགུན་སྒང་ལྷ་སར་རས་རྐྱང་མཛད་པའི་ཚེ། །སྣུམ་ཞིང་བག་དྲོ་དངུལ་ཆུ་དང་བཅས་པས། །དམ་ཆོས་དཀར་ལུགས་འདི་ག་ཟབ་བོ་ཞེས། །ལྷ་ས་སྡེ་བཞིའི་བསྟོད་དེར་གསོལ་བ་འདེབས། །གྲུབ་ཆེན་གཞན་དང་རླུང་ནུས་འགྲན་པའི་


CMR048_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །དགུ་འགྲིམ་སྒང་ལ་རས་རྐྱང་ཆུར་སྦང་མནབ། །ཆབ་བྲོམ་སྟེང་དུ་བཞུགས་ཚེ་མདའ་བརྒྱང་གིས། །ཆབ་བྲོམ་མར་ལྟར་བཞུ་མཛད་དེ་ལ་འདུད། །རྐང་བཞིའི་ནོར་དང་ཟས་ནོར་གསོག་འཇོག་སྤང་། །དབུ་སྔས་སྤང་ཞིང་ཉེ་སྐོར་འབུལ་ནོར་སྤང་། །ཤིན་ཏུ་བསྒྲེས་ཀྱང་ཁྲེས་པོ་ཁོང་རང་ཁུར། །བྱ་བཏང་མཐར་ཕྱིན་དེ་ལ་གསོལ་བ་འདེབས། །བྱ་བཏང་སློབ་མ་ནམ་མཁའི་སྐར་འཚོགས་ཙམ། །ཀཾ་ཚང་སྒྲུབ་བརྒྱུད་དར་ཞིང་རྒྱས་མཛད་པ། །གངས་ཆེན་ལྗོངས་འདིར་བྱ་བཏང་འགྲན་མེད་པ། །གཡེར་པ་དྲུང་ཡིག་པ་དེར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་ཀྱང་ཚེ་འདིའི་འདུན་མས་མི་བསླུ་ཞིང་། །ཟས་ནོར་བསྙེན་བཀུར་འདོད་པ་མི་སྐྱེ་བར། །རྗེ་བཙུན་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་པ་འདི་མཚུར་ཕུར་སེར་ཚོགས་དུས་སོར་མོ་འབུལ་བའི་རོག་དན་སོགས་ཐུགས་ལ་བཏགས་པོ་ཞེས་བྱས་ཤིང་། དེ་སྐོར་ཁྲིད་གཅིག་བཙུགས་གདའ་བ་འགྲོ་སུ་འདོད་རེད་ན་ཡང་༔ གྲྭ་རྒན་རྣམས་ན་རེ། མེས་མ་དྲོས་ན་ཐལ་བས་མི་དྲོ། ༧ ཞྭ་དམར་པའི་ཁྲིད་དཔེའི་མ་དྲོས་ན་དྲུང་ཡིག་པའི་ཁྲིད་ཀྱིས་གྲོལ་ལྟ་བུ། བྱ་ལག་མ་མང་ཟེར་ནས་གཞན་འགའ་ལ་སྐྱོན་དེ་བས་འགྲོ་མ་སྤོབས། ཉིན་གཅིག་ལེགས་


CMR048_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་གླིང་པའི་གྲྭ་པ་སུམ་ཅུ་ཙམ་དང་མཉམ་དུ་ཆོས་འབྲེལ་གཅིག་ཞུས་པས། བླ་མའི་རྣལ་འབྱོར་གཞན་སྤྱི་དང་འདྲ་བ་ལ་བདག་བསྐྱེད་ཕག་མོ། དེའི་སྤྱི་བོར་ཆོས་དབྱིངས་རྡོ་རྗེ་དེ་ཡི་སྤྱི་བོར་ཆོས་ཀྱི་དབང་ཕྱུག་ནས་རྡོ་རྗེ་འཆང་བར་ཐོ་བརྩེགས་དང་སྤྱི་བོའི་གཡས་ངོས་སུ་གྲགས་པ་དོན་གྲུབ། གཡོན་དུ་གྲགས་པ་མཆོག་དབྱངས། རྒྱབ་ཏུ་གཙུག་ལག་རྒྱ་མཚོ། མདུན་དུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་རྣམས་བསྐྱེད་ཅིང་དབང་ལེན་པ་སོགས་སྤྱི་ལྟར་དང་། མཐར་བཞག་ཐབས་ངོ་སྤྲོད་དང་བཅས་པ་གཅིག་ཐོབ་པས། ཁོང་སྙིགས་དུས་འདིར་སྒྲུབ་བརྒྱུད་ཀྱི་བཀའ་བབས་ཏེ། སློབ་མ་རྣམས་ལ་ཡང་ཚེ་བློས་ངེས་པར་ཐོངས་བ་དཔག་ཏུ་མེད་པ་བྱུང་བས། ཆོས་དེ་འབྲེལ་པ་ཐོབ་པའང་རྟེན་འབྲེལ་བཟང་སྙམ་ནས་འདི་བྲིས་སོ།། ན་མོ་གུ་རུ་ཝེ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཙནྡན་སྦྲུལ་སྙིང་ཕུར་པ་ལོ་བརྒྱད་ཚད། །གནང་ནས་སྲིན་མོ་འདུལ་བར་བཀའ་བསྒོས་པ། །དཔལ་གྱི་དབང་ཕྱུག་དེ་ལ་གསོལ་བ་འདེབས། །ཕུར་པ་བསྒྲུབས་ནས་སྲིན་མོ་བཏུལ་བའི་ཚེ། །རྔ་ཡབ་གླིང་ནས་སྤྲུལ་པའི་འོད་ཟེར་གྱིས། །ལུང་པ་དེ་ཉིད་བྲན་པ་ལྟར་གྱུར་པས། །འོ་བྲན་པ་ཞེས་གྲགས་ལ་གསོལ་བ་འདེབས། །ལྷ་མོ་ཞལ་གཟིགས་དངོས་གྲུབ་ཅི་འདོད་གསུངས། །ང་ཡིས་བརྒྱུད་པ་གཏོར་མ་བཤམ་ཙམ་


CMR048_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བསྒྲུབ་མི་དགོས་པར་ཕྲིན་ལས་སྒྲུབས་ཤིག་གསུངས། །རོ་ཟན་ཝ་ཡི་བརྒྱུད་པར་གྲགས་ལ་འདུད། །དེ་ནས་བཟུང་སྟེ་བླ་རབས་ཉི་ཤུ་ལྔ། །མཁས་བཙུན་ནུས་ལྡན་ཁོ་ན་འབྱོན་པ་ཡི། །ཆོས་ཀྱི་རྒྱལ་པོ་སྟག་ལུང་ཐང་པ་ཡིས། །ཁྲི་ཟུར་གཡས་པར་གྱུར་པ་རྣམས་ལ་འདུད། །ཁྱད་པར་ངག་དབང་གྲགས་པ་འཇིགས་མེད་ཉིད། །ཡུམ་གྱིས་ལྷུམས་སུ་ཞུགས་པར་གྱུར་པའི་ཚེ། །ཡུམ་གྱི་མཛེ་ནད་སངས་བར་གྱུར་ནས་ནས། །ཕྱག་རྡོར་འགྲུབ་པའི་སྐྱེས་བུར་གྲགས་ལ་འདུད། །ཉིད་ལ་མཛེ་ནད་བྱུང་བ་གསལ་བའི་ཕྱིར། །རྟ་མགྲིན་ནག་པོ་ཟླ་གཅིག་བསྙེན་པའི་ཚེ། །བུམ་པའི་ནང་ནས་དུ་བ་རབ་འཕྱུར་ཞིང་། །སྐུ་ལས་སྦལ་པ་དངོས་སུ་ཐོན་ལ་འདུད། །སྟག་ལུང་ཞབས་དྲུང་ཁུ་དབོན་སྤྱན་སྔ་རུ། །ཕུག་རོན་གཤོག་པ་ཆག་ལ་འཕོ་བ་བཏབ། །སྤྱི་བོར་སྤུ་དོན་གཤོག་པ་སླེབས་ཀྱིས་ཤི། ་།འཕོ་བའི་གྲུབ་ཐོབ་ཆེན་པོར་གྲགས་ལ་འདུད། །ཡུན་རིང་འདག་སྦྱར་ཆོས་དྲུག་སྒོམ་པའི་ཚེ། །ཅ་ནེ་ཨེ་ཐར་ཙམ་གྱི་བུག་སྒོ་ནས། །ཐོག་མེད་གཤེགས་བཞུགས་ཡང་ཡང་མཛད་པ་ཡི། །རྩོད་མེད་གྲུབ་ཆེན་ཆེན་པོར་གྲགས་ལ་འདུད། །སྟག་


CMR048_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གླིང་དུ་མགོན་པོ་བསྙེན་པའི་ཚེ། །དེ་རུ་མེད་པའི་རོལ་མོ་སྣ་ཚོགས་སྒྲ། །མངོན་དུ་བྱུང་བས་མགོན་པོའི་གྲུབ་ཐོབ་ཅེས། །ནུས་ལྡན་ཆེན་པོར་གྲགས་པ་དེ་ལ་འདུད། །ཧོར་གྱིས་ལུག་བསད་སྟོད་སྨད་ཟླུམ་བྱས་ནས། །སྔོན་དུ་གང་འདྲེན་ཁྱིམ་དུ་གླེང་པ་རྣམས། །གདན་འདྲེན་སོང་ཚེ་གསུངས་ནས་མ་བྱོན་པས། །མངོན་ཤེས་མངའ་བར་ཡོངས་ལ་གྲགས་དེར་འདུད། །ཁྱི་སྨྱོན་སྨུག་པའི་མཛོ་མོའི་གཟེར་མཐོང་ནས། །འཕོ་བ་མཛད་པས་དེ་མ་ཐག་ཏུ་འགྱེལ། །དེ་ཕྱིན་དགེ་འདུན་ཀུན་གྱིས་སྤྱི་བོར་བཀུར། །གྲུབ་པའི་སྐྱེས་མཆོག་དེ་ལ་གསོལ་བ་འདེབས། །ལྷ་འདྲེ་བབ་པའི་ལྷབ་ཁས་སྙན་ཚ་ནས། །དམིགས་པས་ལྕགས་བླུག་ལྷ་འདྲེའི་སྐད་ངན་ཤོར། །དེ་ཕྱིན་དགོངས་པ་མ་ཞུས་འབབ་མི་ཕོད། །སྣང་སྲིད་ཟིལ་གནོན་དེ་ལ་གསོལ་བ་འདེབས། །སྐུ་ལ་བསྡོ་བའི་དགྲ་བོ་བྱུང་བའི་ཚེ། །གཏོར་མ་མེ་དཔུང་འབར་ཞིང་ཉིན་ལམ་ཙམ། །འཕུར་ཞིང་སོང་བས་དགྲ་བོའི་ཡུལ་མཁར་རྣམས། །དངོས་སུ་བསྲེག་ཅིང་བརླགས་མཛད་དེ་ལ་འདུད། །ཆུ་ཐན་འཕྱུར་ནས་ཞིང་མང་ཕྱགས་པའི་ཚེ། །ཆུ་སྣར་སྐྱིལ་ཀྲུང་བཅས་ནས་


CMR048_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་མོད། །སྐད་ཅིག་ཉིད་ལ་ཆུ་བོ་ཕར་བཟློག་པས། །འཕེན་པོ་ཀུན་གྱིས་གུས་པར་བྱེད་ལ་འདུད། །སུས་ཀྱང་མ་ཕན་འཆི་བར་ཐག་ཆོད་པས། །ནད་པའི་དོན་དུ་གདན་འདྲེན་བྱུང་བའི་ཚེ། །གྲི་འདི་འབུལ་ན་གྲགས་པར་བྱེད་ཅེས་གསུངས། །དེ་བཞིན་ཕན་པར་མཛད་དོར་བདག་གིས་བསྟོད། །སྤྲོས་བཅས་དགེ་སྦྱོར་ཅི་ཡང་མི་མཛད་པར། །ཉིན་མཚན་མེད་པར་གཅེར་ཉལ་ངང་དུ་གཟིམ། །ང་ནི་བྷུ་སུ་ཀུ་པ་ཡིན་ནོ་གསུངས། །དོན་གྱི་རྣལ་འབྱོར་དེ་ལ་གསོལ་བ་འདེབས། །རེས་འགའ་ཟས་ནོར་སུས་ཁྱེར་བདག་པོ་མེད། །རེས་འགའ་ཅུང་ཟད་ཙམ་ལ་ཤིན་ཏུ་སྐྱོན། །གྲྭ་འཁོར་རྣམས་ལའང་མཐུ་ཡི་བསྡིག་ཤིང་དངངས། ་།ངེས་མེད་རྣལ་འབྱོར་དེ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རླུང་སེམས་དབང་ཐོབ་ལྷ་སྲིན་བྲན་དུ་ཁོལ། །ཡི་དམ་ལྷ་ཡིས་དངོས་སུ་རྗེས་བཟུང་ནས། །ནུས་མཐུའི་དབང་ཕྱུག་ཁྱེད་ལྟར་བྱིན་གྱིས་རློབས། །ཞེས་པ་འདི་རང་ལོ་བཅུ་དགུ་པར་ཟ་དམ་དུ་སླེབ་འགྲོགས་འདུ་གང་ཀ་དཔུང་གི་རྩ་བ་དེ་ན་བླ་མ་ཕྱག་ན་ཐོད་ཕྲེང་བསྒྲུང་བ་གཅིག་གིས་ལག་གཡུག་བྱས་བྱུང་ནས་དྲུང་དུ་སོང་བས་རྒྱུས་མེད་པར། ད་ང་ཡང་སྔགས་པ་གཅིག་གི་


CMR048_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་ཁྱོད་ཀྱང་སྔགས་པ་གཅིག་གི་བུ་རེད། ངེད་རང་གཉིས་གྲོགས་མཆེད་བྱེད་གསུངས་ནས་སྐད་ཆ་མང་དུ་དྲིས་ཏེ་ཕྱིན་ཆད་ནས་ལུགས་གཉིས་ཀྱི་ཐུགས་བཏགས་ཚད་མེད་པ་མཛད། དབང་ལུང་ཡང་ཅི་ཞུས་ཞུས་གནང་། ཉིན་གཅིག་ཁྲོ་ཡི་བུམ་པ་སོགས་ཕྱག་བརྟེན་ཅུང་ཟད་ཕུལ་ནས་ཀུན་རིག་གི་དབང་ཞུས་པས། ཀུན་རིག་ང་ཡི་བྲག་ནག་ལ་ཡིན་ཀར་ཆོག་ཐོབ་ཀྱང་བློ་ལ་མེད་པས་དཔེ་ཆོག་བྱེད་གསུངས་ནས་དབང་སྒྲུབ་ཚེ། བདག་གིས་ཕྱག་ལེན་དེ་ལ་ལྟ་བསམས་པས། ཁྱོད་རང་དབང་སྒྲུབ་ཚེ་འདིར་མ་སྡོད་གསུངས་ད་རུང་ཡང་བསྡད་པས་ལན་གསུམ་གསུངས། ད་རུང་ཡང་བསྡད་པས། སྐུ་ལུས་བསྲང་ལྟ་སྟངས་ཤིག་མཛད་ནས། གྲེ་གུང་ནས་སུམྦྷ་ནི་སུམྦྷ་ནི་བྱུང་བས་བླ་མ་འགྲིབ་ཁྲག་པས་ང་སྐྲག་ལེ་ཡང་མིན་པ་ལ་རང་དབང་མེད་པར་སྒོ་རྒྱབས་སུ་འགྲོ་དགོས་པ་གཅིག་བྱུང་སྟེ་ཤོག་མ་གསུངས་བར་འགྲོ་མ་ཕོད། དེ་ཕྱིན་ཆད་ནས་ཏིང་ངེ་འཛིན་ལ་རང་དབང་ཐོབ་པ་གཅིག་གདའ་བསམ་ནས་དད་པ་ཡང་སྐྱེས། །ཕྱིར་ཁམས་སུ་འོང་ཁ་རྟེན་འབྲེལ་བརྟགས་པས་ཀྱང་མགོ་ཐོན་པར་ལུང་བསྟན་བདག་ལ་ཐུགས་རྩིས་ཤིན་ཏུ་ཆེ་བར་མཛད་དེ། དམ་ཅན་མགར་ནག་ཀློང་གསལ་ལུགས་ཀྱི་སྒྲུབ་ཐབས་ཐམས་ཅད་དང་། ཀིང་ཀང་དམར་པོའི་ལུང་དགོས་གསུངས་ནས་ཡར་ཕུལ་ཏེ། ཇ་གྲལ་མང་པོ་བྱེད་དུས་ཆགས་མེད་ཡར་སྡོད་གསུངས། ཆགས་མེད་ངེད་གཉིས་ཕར་བླ་ཚུར་བླ་ཡིན་ལེ་ཨེ་ཤེས་ལན་མང་དུ་གསུངས་ཀྱང་། ཁོང་བླ་ཆེན་ཡིན་པས་ང་ལ་ལུང་ཞུས་བསམ་པའི་སྣང་བ་གྲྭ་ཚང་སུ་


CMR048_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡང་མི་སྣང་། དེ་ལྟར་བླ་མ་དེ་དང་འབྲེལ་ཆེ་ཞིང་ཆོས་དྲུག་སོགས་ཀྱི་དྲིན་དྲན་ནས་ཡོན་ཏན་དྲན་པའི་བསྟོད་པ་གསོལ་འདེབས་བྱས་སོ། །ན་མོ་གུ་རུ་བཛྲ་རཱ་ཛ་ཡེ། འདས་པའི་སངས་རྒྱས་འཁོར་བ་འཇིག་མ་འོངས་སངས་རྒྱས་སྨན་པའི་རྒྱལ། །ད་ལྟ་ཤཱཀ་ཐུབ་ཉིད་ཡིན་གསུངས། །དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ། །ཕག་གྲུ་པ་ལ་གསོལ་བ་འདེབས། །སྐད་ཅིག་མལ་གྱི་སྤྱིལ་པོ་རུ། །ལྔ་སྟོང་བརྒྱད་བརྒྱ་འཚོགས་གྱུར་ཀྱང་། །ཡང་དང་དོགས་པ་མི་མངའ་བའི། །རྫུ་འཕྲུལ་སྟོན་ལ་གསོལ་བ་འདེབས། །ཁྱེད་ཀྱི་སྐུ་ཚབ་རིན་པོ་ཆེས། །ལོ་གསུམ་བར་དུ་ཆོས་དྲུག་གསུངས། །མདུན་དུ་ལུས་གནད་བྱས་ཙམ་གྱིས། །རྟོགས་པ་བསྐྱེད་མཛད་དེ་ལ་འདུད། །ཁྱེད་ཀྱི་གདན་ས་སེང་གེའི་ཁྲི། །ཀུན་ཏུ་བཟང་པོའི་ནགས་ཁྲོད་ཅེས། །གངས་ཅན་ལྗོངས་ན་འགྲན་བྲལ་བའི། །ཆོས་འཁོར་ཆེན་པོ་དེར་ཕྱག་འཚལ། །སེང་གེའི་ཁྲི་ལ་ལེགས་བཞུགས་ཤིང་། །ཐུབ་པའི་བསྟན་པ་རིན་པོ་ཆེ། །འཛིན་སྐྱོངས་སྤེལ་བར་མཛད་པ་པོ། །མཁས་ཆེན་དེ་ལ་གུས་པས་འདུད། །བསླབ་པ་གསུམ་གྱི་བྱ་བ་ཡིས། །ཉིན་མཚན་ཆོས་ཀྱི་འདའ་གྱུར་པ། །པད་ཚལ་


CMR048_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལྟ་བུ་ཡི། །དགེ་འདུན་རྒྱ་མཚོ་དེ་ལ་འདུད། །བྱ་རོག་མ་དང་ཚེ་རིང་མ། །ཞིང་སྐྱོང་གླང་གི་གདོང་ཅན་སོགས། །བདེ་གཤེགས་བསྟན་པ་སྲུང་བ་པོ། །ཆོས་སྐྱོང་ཚོགས་ལ་བདག་གིས་བསྟོད། །དེ་ལྟར་བསྟོད་ཅིང་གསོལ་བཏབ་པས། །ཐོས་བསམ་སྒོམ་པ་མཐར་ཕྱིན་ནས། །བདེ་གཤེགས་ནོར་རྒྱལ་ཇི་བཞིན་དུ། །རང་གཞན་དོན་གཉིས་འགྲུབ་གྱུར་ཅིག །ཅེས་པ་འདི་རང་ལོ་ཉེར་གཉིས་པ་ལ་ངེད་མཆེད་གྲོགས་མང་པོ་དབུས་གནས་མཇལ་དུ་སོང་བས་སྐུ་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་གསོ་སྦྱོང་གཅིག་དང་དུས་འགྲིགས་པར་སྣང་བས་གསོ་སྦྱོང་བྱས་དུས། མཁན་པོ་དེའི་དྲུང་ནས་སོ་སོ་ཐར་བའི་མདོ་ལེགས་པར་ཐོབ་ཅིང་གནང་སྦྱིན་ཡང་ལེགས་པར་མཛད་དེ། ཞག་གཅིག་གནས་འབྲེལ་དང་རྟེན་རྣམས་ཞིབ་ཏུ་མཇལ། འདྲ་སྐུ་ཆོས་དྲུག་མའི་དྲུང་དུ་ལུས་གནད་བཅས་ནས་ངོ་བོ་ཡུད་ཙམ་བསྐྱང་བའི་རྟེན་འབྲེལ་བྱས་པ་སོགས་དྲན་ནས། ཆོས་འབྲེལ་ཡོད་པའི་མཁན་པོ་སོགས་ལ་བསྟོད་པའི་ཚིགས་བཅད་འདི་བྱས་སོ།། ༈ ན་མོ་གུ་རུ་མཉྫནཱ་ཐ་ཡེ། སྔོན་ཚེ་སློབ་དཔོན་པདྨས་ལུང་བསྟན་པ། །དབང་ཕྱུག་རྡོ་རྗེས་མདོ་སྔགས་བསྟན་པ་བཙུགས། །གསུང་ལྟར་དབང་ཕྱུག་རྡོ་རྗེས་བཙུགས་མཛད་པའི། །མདོ་སྔགས་ཉིན་མོར་བྱེད་པའི་གླིང་ལ་


CMR048_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འདུད། །མི་ལ་རྗེ་ཡི་རྫུ་འཕྲུལ་གྱིས་ཕེབས་ནས། །བྲག་འདིའི་ཐོག་ཏུ་ང་ཡི་སློབ་བརྒྱུད་ཀྱི། །བསྟན་པ་དར་བར་འགྱུར་ཞེས་ལུང་བསྟན་པ། །ཐུབ་བསྟན་ཉིན་གླིང་དེ་ལ་བདག་གིས་བསྟོད། །དུས་གསུམ་མཁྱེན་པས་ཀར་ལ་ནས་གཟིགས་ཏེ། །བྲག་འདི་སྟེང་དུ་ང་ཡི་སློབ་བརྒྱུད་ཀྱིས། །འདུལ་བའི་བསྟན་པ་རི་བཙུགས་ལྟ་བུ་ཞེས། །ལུང་བསྟན་ཉིན་གླིང་དེ་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མ་དངོས་སུ་ཞལ་གཟིགས་ཚེ། །རི་རབ་རྩ་རྩེ་སྦོམ་ཕྲ་མེད་པའི་སར། །མི་ཁྱོད་ཀྱིས་ནི་བསྟན་པ་དར་བར་འགྱུར། །ཞེས་གསུངས་འདུས་སྡེ་དེ་ལ་ཕྱག་འཚལ་བསྟོད། །དབང་ནི་དད་པ་མཐོང་བ་ལ་སོགས་པའི། །ས་ཐོབ་སློབ་མ་མང་བར་ལུང་བསྟན་ལྟར། །སྨྲ་བའི་སེང་གེ་རྣམ་རྒྱལ་མཆོད་སྤྲིན་སོགས། །རིན་པོ་ཆེ་པ་རྣམས་ལ་བདག་འདུད་དོ། །གདན་རབས་ལྔ་པ་དཀོན་མཆོག་དཔལ་འབྱོར་ཞེས། །གཞུང་ལུགས་རབ་འབྱམས་སྨྲ་བ་ཆེན་པོ་སྟེ། །མང་ཐོས་གནས་བརྟན་སྡེ་སྣོད་འཛིན་པ་སོགས། །རིན་པོ་ཆེ་ཡི་ཞབས་ལ་གུས་པས་འདུད། །སྐྱབས་མཆོག་བསླུ་མེད་ཆོས་ཀྱི་དབང་ཕྱུག་གིས། །འཚོགས་གདན་འདི་དག་སྟེང་


CMR048_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུག་ཙམ་གྱིས། །ངན་སོང་མི་གཏང་གསུངས་ནས་དབུ་ལ་བཞག །བག་རྡུལ་ལྗགས་ལ་བཞག་དེར་བསྟོད་པར་བགྱི། །རྫོགས་པའི་སངས་རྒྱས་རྒྱལ་བ་ཡབ་སྲས་ཀྱིས། །ཆོས་བསྐོར་ཚོགས་ཕྱག་བཀུར་སྟི་ཡང་མཛད་ནས། །འགྲོ་བའི་མཆོད་སྡོང་ཡིན་པར་སྨོས་ཅི་དགོས། །ཐུབ་བསྟན་ཉིན་མཛད་གླིང་དེར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཆད་རྩོད་རྩོམ་ལ་བློ་གྲོས་རབ་རྒྱས་ཏེ། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །ཐུབ་བསྟན་མཛེས་ཡ་པའི་རྒྱན་དུ་བདག་གྱུར་ཅིག །ཅེས་པ་འདི་ཐུབ་བསྟན་མདོ་སྔགས་ཉིན་མོར་བྱེད་པའི་གླིང་དུ་རིན་པོ་ཆེ་འཇམ་དབྱངས་དཀོན་མཆོག་དཔལ་འབྱོར་གྱི་དྲུང་ནས་གསོ་སྦྱོང་གི་ཚེ། ཆོས་གྲགས་ཇི་ཡོད་དང་སོ་སོར་ཐར་པའི་མདོ་ལན་དུ་མར་དང་། ཉིན་གླིང་གི་བཅའ་ཡིག་བསླབ་པ་ཀུན་ལས་བཏུས་པ་ཞེས། གོས་ཡུག་ངུར་སྨིག་ལ་བྲིས་པ་གཅིག་ཡོད་པ་དེ་ལན་དུ་མ་དང་། ཆོས་རའི་ཚེ་བཀའ་ཆོས་དུམ་རེ་འོང་བ་བསགས་པས་ཐར་རྒྱན་སྐྱེས་རབ་བརྒྱ་རྩ་རང་བྱུང་བས་མཛད་པ་དང་བཀའ་གདམས་གླེགས་བམ་ཕ་ཆོས་བུ་ཆོས་གཉིས་ལ་སོགས་ཀྱི་ཆོས་འབྲེལ་དང་། གཞན་ཡང་འདུས་སྡེ་དེར་བཞུགས་པའི་སློབ་ཆུང་བ་ཀརྨ་རྒྱས་པ་སོགས་མང་དག་ལ། མཚན་ཉིད་ཀྱི་ཆོས་འབྲེལ་སྤྱི་བྱེ་བྲག་ཏུ་འབྲས་ཡིན་


CMR048_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་མིན་ལོགས་རྗེས་འགྲོ་འདོག་ཁྱབ་སོགས་བསྡུས་རའི་རིགས་དང་། གཞུང་པོ་ཏི་སོ་སོའི་འབྲུ་སྦྱར་ལ་སོགས་དང་། ས་རིས་དང་སྒྲ་དང་བོད་སྒྲ། ཆོ་ག་ཕྱག་ལེན་དང་འཁྲུལ་འཁོར་ལ་སོགས། ཡོན་ཏན་གང་ལ་ཡང་བག་ཆགས་ཅུང་ཟད་བཞག་ནས་བསྐལ་པ་བཟང་བཟང་ཙམ་རེ་བྱས་པས། གྲྭ་པ་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་དང་ཡོན་ཏན་རྗེས་སུ་དྲན་ནས་བསྟོད་པ་དང་གསོལ་འདེབས་འདི་དག་ཕྱིས་བྱས་པའོ།། ༈ སྐྱབས་གསུམ་བསླུ་བ་མེད་པ་དང་། །ཐུབ་པ་གནས་བརྟན་བཅུ་དྲུག་པོ། །བདེན་ལྡན་ཅི་སྙེད་བདེན་པའི་མཐུས། །ཐུབ་བསྟན་ཉིན་གླིང་དར་གྱུར་ཅིག །མཁས་མང་འདུ་བའི་འདུན་ས་ཆེ། །ཐུབ་བསྟན་རྒྱས་པའི་པད་ཚལ་ཏེ། །རང་གཞན་དོན་གཉིས་འགྲུབ་པའི་ས། །ཉིན་གླིང་ཡུན་རིང་རྒྱས་གྱུར་ཅིག །སྡོམ་གསུམ་དྲི་འབྱུང་སྤོས་ཀྱི་རི། །བསླབ་གསུམ་ནོར་བུ་འབྱུང་བའི་མཚོ། །ཐོས་པའི་སྣང་བ་གསལ་བའི་ཉི། །ཉིན་གླིང་ཡུན་རིང་དར་གྱུར་ཅིག །དགོས་འདོད་འབྱུང་བའི་རིན་པོ་ཆེ། །འགྲོ་བའི་ནད་སེལ་སྨན་པའི་མཆོག །ཐུབ་བསྟན་གསལ་བའི་ཉི་མ་ཆེ། །ཉིན་གླིང་ཡུན་རིང་རྒྱས་གྱུར་ཅིག །མཁས་སློབ་དགེ་བའི་བཤེས་རྣམས་ཀྱང་། །ཡུན་རིང་བར་དུ་ཞབས་བརྟན་ནས། །འཆད་


CMR048_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་རྩོམ་པའི་བྱ་བ་ཡིས། །ཐུབ་བསྟན་རྒྱས་པར་བྱེད་གྱུར་ཅིག །དགེ་འདུན་རྣམས་ཀྱང་མི་ཕྱེད་ཅིང་། །ཐོས་བསམ་སྒོམ་པའི་བྱ་བ་ཡིས། །ཐུབ་པའི་བསྟན་པ་གསལ་བ་དང་། །རང་གཞན་དོན་ལྡན་བྱེད་གྱུར་ཅིག །དེ་དག་རྣམས་ཀྱི་ཐུགས་རྗེའི་མཐུས། །བདག་ཅག་འཁོར་དང་བཅས་པ་རྣམས། །ཚངས་སྤྱོད་མཐའ་རུ་ཕྱིན་ནས་ཀྱང་། །བདེ་བ་ཅན་དུ་སྐྱེ་གྱུར་ཅིག །ཅེས་པའང་འདོད་དོན་གསོལ་འདེབས་སྨོན་ལམ་དུ་བྲིས་པའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆོས་འབྲེལ་ཡོད་པའི་དཔལ་ལྡན་བླ་མ་དམ་པ་འགའ་ཞིག་ལ་ཡོན་ཏན་རྗེས་སུ་དྲན་པའི་བསྟོད་པ་གསོལ་འདེབས་འགའ་ཟུང་ཞིགnext