Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་ཞྭ་དམར་ཅོད་པན་འཆང་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་ནས། རང་གི་དབང་ལུང་གི་བཀའ་དྲིན་ལེགས་པར་ཐོབ་པའི་བླ་མ་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ཀྱི་རིམ་པ་མང་དག་གཅིག
   
   
   
   
   
   
   
   
   


 
previousརྗེ་ཞྭ་དམར་ཅོད་པན་འཆང་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་ནས། རང་གི་དབང་ལུང་གི་བཀའ་དྲིན་ལེགས་པར་ཐོབ་པའི་བླ་མ་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ཀྱི་རིམ་པ་མང་དག་གཅིགnext

རྗེ་ཞྭ་དམར་ཅོད་པན་འཆང་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་ནས། རང་གི་དབང་ལུང་གི་བཀའ་དྲིན་ལེགས་པར་ཐོབ་པའི་བླ་མ་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ཀྱི་རིམ་པ་མང་དག་གཅིག


CMR048_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཞྭ་དམར་ཅོད་པན་འཆང་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་ནས། རང་གི་དབང་ལུང་གི་བཀའ་དྲིན་ལེགས་པར་ཐོབ་པའི་བླ་མ་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ཀྱི་རིམ་པ་མང་དག་གཅིག་བཞུགས་སོ། །


CMR048_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་བརྒྱུད་པའི་གསོལ་འདེབས་ནི། ༈ ན་མོ་ཤཱཀྱ་མུ་ན་ཡེ། ཐུབ་དབང་ཤཱ་རིའི་བུ་དང་སྒྲ་གཅན་འཛིན། །ས་ར་ཧ་དང་འཕགས་མཆོག་ཀླུ་སྒྲུབ་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་པ་མེད་པར་བྱིན་གྱིས་རློབས། །ཡོན་ཏན་བློ་གྲོས་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་པ་མེད་པར་བྱིན་གྱིས་རློབས། །ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །པཎ་ཆེན་ཤཱཀྱ་ཤྲཱི་དང་བྱང་


CMR048_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་དཔལ། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་པ་མེད་པར་བྱིན་གྱིས་རློབས། །དབང་ཕྱུག་གྲགས་པ་གཞོན་ནུ་བྱང་ཆུབ་དང་། །གནས་བརྟན་ཡོན་རྒྱལ་ཡོན་ཏན་བློ་གྲོས་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་པ་མེད་པར་བྱིན་གྱིས་རློབས། །སེང་གེ་དཔལ་དང་རབ་འབྱོར་སེང་གེ་དང་། །ཆོས་གྲུབ་སེང་གེ་མཚུངས་མེད་དབྱངས་ཅན་བཟང་། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་པ་མེད་པར་བྱིན་གྱིས་རློབས། །


CMR048_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང་། །དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །ཕམ་ལྷག་ལྟུང་བྱེད་སོར་བཤགས་ཉེས་བྱས་ཏེ། །ལྟུང་བ་སྡེ་ལྔས་གོས་པར་མི་འགྱུར་ཞིང་། །ཉེ་བ་འཁོར་ལྟར་ཚུལ་ཁྲིམས་མཐར་ཕྱིན་ནས། །ཐུབ་བསྟན་མཛེས་པའི་རྒྱན་དུ་བདག་གྱུར་ཅིག །ཅེས་པ་འདུལ་བ་ལུགས་ཀྱི་རང་ལོ་ཉི་ཤུ་པར། མཚུར་ཕུའི་གཙུག་ལག་ཁང་ཆེན་པོར། དོན་གྱིས་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་དགའ་བ་དོན་ཀུན་ཡོངས་སུ་གྲུབ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་དང་། སློབ་དཔོན་ཟུར་རིའི་དྲུང་པ་བདེ་མཆོག་ཅེས་བགྱི་བའི་ཞལ་སྔ་ནས་དང་། ལས་སློབ་སྨྲ་སེང་གསང་སྟོན་དགེ་སློང་ཉི་མ་ཞེས་བགྱི་བ་དང་། དུས་འཛིན་པ་དགེ་སློང་ཆོས་རྒྱལ་ཞེས་བགྱི་བ་དང་། ཟུར་རིའི་དགེ་སློང་གནས་བརྟན་དང་བཅས་པའི་དྲུང་དུ། མགོ་ཟླ་བའི་དཀར་པོའི་བཅོ་ལྔ་དགེ་ཚུལ་ཞུས་པའི་མིང་ཀརྨ་སློབ་ལམ་དང་། ཆིག་རྫོགས་སུ་བསྙེན་པ་རྫོགས་པའི་མིང་། ཀརྨ་ཆགས་མེད་ཅེས་བྱ་སྟེ། དེ་ལྟར་རང་བྱུང་དང་བསྙེན་རྫོགས་ཞུས་པའི་མཁན་རྒྱུད་ལ་གསོལ་འདེབས་འདི། རང་ལོ་སོ་བཞི་པར་གཟའ་སྐར་བཟང་བའི་ཡར་གྱི་བཅུ་བཞི་ལ་བྲིས་པའོ། །ཀརྨ་ཨ་རཱ་གས་སོ།། ༈ གསོ་


CMR048_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བརྒྱུད་པའི་གསོལ་འདེབས་ནི། ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །རྣམ་གྲོལ་སྡེ་དང་གྲོལ་སྡེ་མཆོག་གི་སྡེ། །འདུལ་སྡེ་རྣམ་སྣང་མཛད་དང་སེང་གེ་བཟང་། །ཀུ་ས་ལི་གཉིས་པཎ་ཆེན་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་རྒྱུད་ལ་གསོལ་བ་འདེབས། །ཤེར་ཕྱིན་དེ་ཉིད་རྟོགས་པར་བྱིན་གྱིས་རློབས། །སངས་རྒྱས་འཇམ་དབྱངས་ཀླུ་སྒྲུབ་འཕགས་པ་ལྷ། །ཟླ་གྲགས་རིགས་པའི་ཁུ་བྱུག་ཆེ་ཆུང་སོགས། །ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་འདེབས། །མཐའ་བྲལ་དབུ་མ་རྟོགས་པར་བྱིན་གྱིས་རློབས། །ཤིང་རྟ་གཉིས་ཀྱི་ཆུ་བོ་འབབ་པའི་མཚོ། །དྷི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞབས། །འབྲོམ་སྟོན་ཚུལ་ཁྲིམས་འབར་དང་བྱ་ཡུལ་བ། །ཡེ་ཤེས་འབར་དང་རྡོ་རྗེ་སེང་གེ་དང་། །ལྕགས་རི་བ་དང་སྣེ་ཟུར་བ་ལ་སོགས། །བཀའ་གདམས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རློབས། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་རྒྱ་མཚོ་ཆེ། །རྒྱལ་བས་ལུང་བསྟན་དགེ་སློང་འཚོ་མཛད་ཅེས། །གངས་རིའི་ཁྲོད་འདིར་མཚུངས་མེད་ཟླ་བྲལ་བ། །དྭགས་


CMR048_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཀའ་བརྒྱུད་གྲགས་ལ་གསོལ་བ་འདེབས། །ལྟ་སྤྱོད་ཟུང་དུ་འབྲེལ་བར་བྱིན་གྱིས་རློབས། །དུས་གསུམ་མཁྱེན་པ་རས་ཆེན་སྤོམ་བྲག་པ། །ཀརྨ་པ་དང་གཉེན་རས་རང་བྱུང་བ། །གཡུང་སྟོན་པ་དང་མགོན་པོ་རྒྱལ་མཚན་ཞབས། །རོལ་པའི་རྡོ་རྗེ་མཁའ་སྤྱོད་དྲི་མེད་དཔལ། །དེ་བཞིན་གཤེགས་པ་ཆོས་དཔལ་ཡེ་ཤེས་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་ཆོས་གྲགས་རྒྱ་མཚོ་དང་། །བཀྲ་ཤིས་དཔལ་འབྱོར་མི་བསྐྱོད་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་དྲིན་ཆེན་ཆོས་རྗེ་དབང་། །རྫོགས་པའི་སངས་རྒྱས་ཕྲེང་བ་རྨད་བྱུང་བ། །ཀརྨ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་བློ་སྦྱོང་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ནག་པོའི་ཆོས་བཞི་ནམ་ཡང་མི་སྤྱོད་ཅིང་། །དཀར་ནག་བླང་དོར་ཕྱེད་པར་བྱིན་གྱིས་རློབས། །མི་རྟག་འཆི་བས་བློ་སྣ་རབ་བསྐྱུངས་ནས། །ཚེ་འདིས་བྱ་བློ་མེད་པར་བྱིན་གྱིས་རློབས། །ཕྱི་རུ་དགྲ་འདྲེ་བརྡུང་བཏགས་མི་བྱེད་པར། །ནང་དུ་རང་རྒྱུད་འདུལ་


CMR048_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས། །ཚེ་འདིས་ཆེ་འབྱོར་བསྒྲུབ་ལ་མི་བརྩོན་པར། །བྱང་ཆུབ་བསྒྲུབ་ལ་བརྩོན་པར་བྱིན་གྱིས་རློབས། །ཐེག་དམན་ཞི་བདེའི་བསམ་པ་མི་སྐྱེ་བར། །ཚད་མེད་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །འགྲོ་བའི་དོན་དུ་རྫོགས་པའི་བྱང་ཆུབ་ནི། །གེགས་མེད་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདི་རང་ལོ་ཉི་ཤུ་པ་ཡི་དུས་ཤར་འོད་ཟེར་དམ་པའི་ཕོ་བྲང་གི་ཆོས་རའི་ཐོག་ཏུ། ༧ རྗེ་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་བློ་སྦྱོང་ཚིགས་བཅད་བརྒྱད་མའི་འགྲེལ་པ་རྗེ་ཉིད་ཀྱིས་མཛད་པ་རྩ་བར་བྱས་ནས་ཞག་རེ་རེ་ལ་ཚིགས་བཅད་རེ་རེའི་ཁྲིད་ལྔགས་བཤད་ཤིན་ཏུ་རྒྱས་པ་དང་བཅས་ནས་ཞག་བརྒྱད་ལ་གསུངས་ཏེ། རྗེ་གླང་རི་ཐང་པ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ཡིན་པར་བཤད་དེ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ལ་བསྙེན་རྫོགས་ཞུས་པས་མཁན་པོའི་ངེད་ཀྱིས་ཁྱོད་ཀྱི་མཁན་པོ་མི་ཡོངས་ཁྱོད་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་འདུག །ཁྱོད་ཀྱི་མཁན་པོ་བོད་དུ་སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་ཤིང་གླང་མའི་ཚལ་ན་རྡོ་རྗེ་སེང་གེ་བྱ་བ་བཞུགས་པས་དེ་ལ་གསུངས་ནས་ལུང་བསྟན་པ་ཡིན་ནོ། །དེས་ན་ཇོ་བོ་རྗེ་ཨ་ཏི་ཤ་དང་རྗེ་གླང་རི་ཐང་པོ་དང་། ༧ རྗེ་ཞྭ་དམར་ན་རིམ་རྣམས་ཐུགས་བརྒྱུད་གཅིག་ཅེས་གྲྭ་བསྒྲེས་མང་ཐོས་དཔྱོད་ལྡན་རྣམས་ཀྱིས་ཡང་ཡང་གསུངས་ཤིང་། ༧ རྗེ་ཉིད་ཀྱི་


CMR048_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་འདི་རྩལ་དུ་སྟོན་པར་མཛད་པ་དང་བྱིན་རླབས་ཀྱི་བཀའ་བབས་སུ་སྣང་ངོ་། །ཁྲིད་འདི་གསུངས་པའི་ཚེ་དབུ་ཞྭ་བཀའ་གདམས་ཞྭ་མོ་ཆེ་དང་སྐུ་སྟོད་ཇོ་གོས་དང་། ན་བཟའ་ཆོས་སྒོ་རྣམ་གསུམ་མཛད་པས་རྒྱུན་པར་དང་མི་འདྲ་བར་སྐུ་ཤིན་ཏུ་ཟིལ་ཆེ་ཞིང་བག་ཆགས་པ་ཅིག་བྱུང་ཞེས་དགེ་འདུན་པ་ཀུན་མཐུན་སྣང་གྲུབ་སྟེ། བཀའ་བབས་ཀྱི་རྟེན་འབྲེལ་ཡིན་ནམ་བདག་རང་སྙམ་མོ། །དེ་ལྟར་སྔ་སོར་བཀའ་དྲིན་དུ་རྩལ་བའི་བློ་སྦྱོང་བརྒྱུད་པའི་གསོལ་འདི་ཕྱིས་༧ ཀརྨ་རཱ་ག་ཨ་སྱས་རང་ལོ་སོ་བཞི་པར་དཔལ་རི་ཁྲོད་དུ་བྲིས་པའོ།། ༈ ཕྱག་ཆེན་བརྒྱུད་པའི་གསོལ་འདེབས་ནི། ན་མོ་མ་ཧཱ་མུ་དྲ་ཡེ། རྡོ་རྗེ་འཆང་ཆེན་བློ་གྲོས་རིན་ཆེན་དང་། །བྲམ་ཟེ་ཆེན་པོ་ཀླུ་སྒྲུབ་ཤ་བ་རི། །མེ་ཏྲི་མར་པ་མི་ལ་སྒམ་པོ་པ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །དུས་གསུམ་མཁྱེན་པ་རས་ཆེན་སྤོམ་བྲག་པ། །ཀརྨ་པ་དང་ཨུ་རྒྱན་རང་བྱུང་བ། །གཡུང་སྟོན་པ་དང་རོལ་པའི་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །མཁའ་སྤྱོད་དབང་པོ་ཐུབ་ཆེན་དེ་བཞིན་གཤེགས། །རིན་ཆེན་བཟང་པོ་མཐོང་བ་དོན་ལྡན་དང་། །འཇམ་དཔལ་བཟང་པོ་


CMR048_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འབྱོར་དོན་གྲུབ་ཞབས། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཆོས་གྲགས་རྒྱ་མཚོ་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེའི་ཞབས། །བཀའ་དྲིན་མཉམ་མེད་ཆོས་ཀྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །རབ་འབྱམས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ། །སྐལ་ལྡན་བྱིན་གྱིས་བརླབ་མཛད་རྣལ་འབྱོར་མ། །ཕྲིན་ལས་ཀུན་འགྲུབ་ནག་པོ་ལྕམ་དྲལ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །དེ་ལྟར་ཕྱག་ཆེན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཐ་སྙད་ཚིག་གི་བརྒྱུད་པར་མི་ཞུགས་པར། །ཀཾ་ཚང་དོན་བརྒྱུད་བསྙེག་པར་བྱིན་གྱིས་རློབས། །མ་གོ་གོ་བརྫུ་རང་ཉིད་མི་བསླུ་བར། །ངོ་སྤྲོད་རྡོ་རུས་གཏུགས་པར་བྱིན་གྱིས་རློབས། །ཚེ་འདིས་ཆེད་དུ་སྒོམ་སྒྲུབ་མི་བཤོལ་བར། །ཞེན་པ་ནང་ནས་ལོག་པར་བྱིན་གྱིས་རློབས། །


CMR048_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བོགས་འདོན་གཞན་ནས་མི་ཚོལ་བར། །གདུང་ཤུགས་གསོལ་བ་འདེབས་པར་བྱིན་གྱིས་རློབས། །བློ་བྱས་སྟོང་ཉིད་ཙམ་གྱིས་མི་ཚིམ་པར། །རང་སེམས་ངོ་བོར་ལྟ་བར་བྱིན་གྱིས་རློབས། །སྟོང་ལྟས་རྒྱུ་འབྲས་ཁྱད་དུ་མི་གསོད་པར། །སྡོམ་གསུམ་ཚུལ་བཞིན་བསྲུང་བར་བྱིན་གྱིས་རློབས། །བདེ་གསལ་མི་རྟོག་ཉམས་ཀྱིས་མི་འཆིང་བར། །གང་ཤར་སྤང་བླང་མེད་པར་བྱིན་གྱིས་རློབས། །བསྒོམ་ཡུལ་བཟང་ཡུལ་ང་རྒྱལ་མི་སྐྱེ་བར། །རང་སེམས་དམན་ས་འཛིན་པར་བྱིན་གྱིས་རློབས། །འབྲས་བུ་ཕྱི་དུས་ཡིད་སྨོན་མི་བྱེད་པར། །སྐུ་གསུམ་རང་ལ་རྙེད་པར་བྱིན་གྱིས་རློབས། །འཆི་ཚེ་བློས་བྱས་རྩབ་རྩུབ་མི་བསྒོམ་པར། །འོད་གསལ་ཆོས་སྐུར་འཕོ་བར་བྱིན་གྱིས་རློབས། །བར་དོ་འཇིགས་སྐྲག་སྣང་བ་ཤར་སྲིད་ན། །འཇིགས་མཁན་ངོ་བོ་རྟོགས་པར་བྱིན་གྱིས་རློབས། །ལོངས་སྐུའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་ཀྱང་། །སྤྲུལ་པས་གཞན་དོན་བྱེད་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་རང་ལོ་ཉི་ཤུ་པར་ཟ་དམ་པར་ཞེས། སྔོན་རྗེ་མི་ལ་རས་ཆེན་གྱིས་རླུང་བུམ་པ་ཅན་བཟུང་ནས་ལ་ཕྱི་ནས་སྔ་དྲོ་གཅིག་ལ། འཕན་ཡུལ་དུ་སླེབ་པར་མཛད་ནས་བྲག་ཕ་ཀིའི་སྟེང་དུ་ང་ཡི་བརྒྱུད་འཛིན་


CMR048_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་བསྟན་པ་དར་བར་འདུག །ཅེས་ལུང་བསྟན་པའི་གནས་སུ་ཡབ་སྲས་གསུམ་ཞལ་རྒྱས་དུས། ཐུབ་བསྟན་ཉིན་གླིང་གི་རབ་འབྱམས་པ་ཡང་མང་པོས་ཕྱག་ཆེན་གསུང་དགོས་ཞུས་པས། ཁྱེད་རྣམས་སོ་དཀར་ནས་མགོ་མ་དཀར་བར་དུ་ཕར་ཕྱིན་དབུ་མ་ལ་སློབ་གཉེར་བྱས་ནས་སླར་སེམས་ངོ་སྤྲད་དགོས་ཟེར་བ་བསྟན་པ་ལ་གནོད་པར་སྣང་། དབུ་ཕལ་ལས་ལྷག་པའི་ཕྱག་ཆེན་ང་ལ་མེད། འོན་ཀྱང་ཁྱེད་རྣམས་ཀྱིས་འཆད་མ་བྲ་བསམ་པར་འདུག་པས། འཆད་གསུངས་ནས་ཟླ་བ་ཧྲིལ་གཅིག་ཏུ་ཉི་མ་ཕྱེད་ཡོལ་ནས་ཉི་མ་མ་ནུབ་བར་དུ་ལྗགས་བཤད་རྒྱས་པ་དང་། གྲོལ་ཁ་དམིགས་པ་རེ་སྤྲད་པར་མཛད་དོ། །གྲྭ་རྒན་རྣམས་ཀྱིས་ལྷན་ཅིག་སྐྱེས་སྦྱོར་རྒྱས་པ་འདི་ལྟ་བུ་ནི་སློབ་དཔོན་གྱིས་སྔ་གང་དུ་ཡང་མ་འཆད་ཅེས་གླེང་ཕྱིས་ཞིང་བརྗེས་ནས་དེ་དུས་ཀྱི་ཁྲིད་ཟབ་པ་རྒྱས་པ་དེ། ཐུབ་པ་མྱ་ངན་ལས་འདས་ཁར་དཔལ་འབྲས་སྤུང་དུ་དཔལ་ལྡན་དུས་ཀྱི་འཁོར་ལོ་ཞལ་ཆེམ་གྱི་ཚུལ་དུ་གསུངས་པ་ལྟར། ཁྲིད་ཡང་རང་རེ་ལ་ཞལ་ཆེམ་གྱི་ཚུལ་དུ་གསུངས་པ་ལྟར་སྣང་ཞེས་གྲྭ་རྒན་རྣམས་གླེང་ངོ་། ༈ །ཕྱིས་རྗེ་ཉིད་ཀྱི་ཆིབས་ཆུང་བ་སྟག་ཚང་ཡང་དག་ཅེས་ལུས་ཧྲིལ་བུར་མར་མེར་དམིགས་ནས་ཤིང་བརྩིགས་ཆེན་པོར་མེ་སྦར་བའི་ནང་དུ་བསྲེགས་པས། མེས་ཅུང་ཟད་ཀྱང་མ་གནོད་ཅིང་ཕྱིས་ནས་ཆུ་བར་གྱིས་ཚོགས་ནས་ནམ་མཁར་འཕུར་ཏེ་མཁའ་སྤྱོད་དུ་གཤེགས་པ་དེ་དང་། ༧ ཉིན་གླིང་གི་རབ་འབྱམས་བ་སྐུ་སྐྱེ་ཞེས་པ་ཕྱིས་ཇོ་མོ་ཚེ་རིང་མའི་གངས་མགུར་ཕུག་པར་བསྒོམས་པས། གངས་ཀྱིས་


CMR048_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དེ་ཟླ་བ་དྲུག་ལ་འཚོ་བ་ཅུང་ཟད་ཀྱང་མེད་པས། རྣ་བ་གཅིག་བཞོས་ཤི་ང་གསོལ་ནས་སྐུ་ཉམས་དང་ལྡན་པར་བཞུགས་པས་གྲུབ་ཐོབ་ཆེན་པོར་གྲགས་པ་དེ་དང་། གྲྭ་ཚང་གི་གྲྭ་པ་རྟོགས་ལྡན་ཤཱཀྱ་ཞེས་པ་གཡེར་པའི་ཟླ་བ་ཕུག་ཏུ་ཕྱེ་བྲེ་གསུམ་ཙམ་ལས་མེད་པར་ཕུག་པའི་སྒོ་བརྩིགས་ཏེ་ཟླ་བ་དྲུག་ཏུ་རླུང་གི་བཅུད་ལེན་མཛད་པས་སྐུ་གཟི་བརྗིད་དང་ལྡན་པར་བཞུགས་པ་དང་། རྒྱུན་པར་དབྱར་དགུན་མེད་པར་རས་གོས་རུལ་པ་གཅིག་ཀྱང་མཛད་ནས་གྲུབ་ཐོབ་ཆེན་པོར་གྲགས་པ་དེ་དང་། ཆོས་མཛད་རྣམས་རུ་བ་ཞེས་གྲྭ་ཚང་དུ་སློབ་གཉེར་མ་ཆག་པའི་ངོས་ནས་དབྱར་དགུན་མེད་པར་སྐུ་གཟན་ཅིག་ཀྱང་མཛད་ཅིང་ནམ་དུའང་དབུ་སྔས་སྤངས་བར་མཛད་ཅིང་ཕྱིས་འདུལ་ལུང་བཟུང་ནས་འདུལ་འཛིན་གྲགས་པ་དེ་བློདང་། དགེ་སློང་རྒྱལ་བ་ཞེས་དབུ་སྔས་སྤངས་བ་དང་ཡེང་མེད་རྒྱུན་དུ་མཛད་པ་དེ་དང་། དགེ་སློང་སྣང་མཐའ་ཞེས་ཤིན་ཏུ་དམན་ས་བཟུང་ནས་ངག་སློབ་དཔོན་གྱི་མཚན་སྔགས་དང་དང་ལུས་གཙུག་ལག་ཁང་གི་ཕྱག་དར་གཙོ་བོར་མཛད་པ་དེ་དང་། རིན་ཆེན་དཀོན་མཆོག་དཔལ་འབྱོར་དང་། རབ་འབྱམས་པ་བདེ་ཆེན་དང་འདྲ་བའི་དྲུང་རམ་པ་བྱིན་རླབས་དང་། ཕྱིས་ཆུ་བར་དུ་སྒྲུབ་པ་མཛད་པའི་རབ་འབྱམས་པ་དགའ་བ་དང་། དགེ་སློང་ཏའུ་ཀརྨ་བཀྲ་ཤིས་ལ་སོགས་པ་རྣམས་ཀྱང་ཁྲིད་དེའི་ཁོང་དུ་ཐུགས་དམ་གསལ་དུ་འཁྲུངས་པ་དང་བོགས་བྱུང་བར་གྱུར་པ་མངོན་ཏེ། ཁོང་རྣམས་ཀྱི་རྩ་བའི་བླ་མ་སློབ་དཔོན་རིན་པོ་ཆེ་དང་། ཆོས་ཕྱག་རྒྱ་ཆེན་པོ་ཡིན་ཅིང་། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་རྒྱས་པ་ནི་དེ་དུས་


CMR048_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་གསུངས་སྐད་མི་འདུག་པས་སོ། །བདག་ལྟ་བུ་བསོད་ནམས་ཆུང་བའང་རྒྱལ་བ་ཐམས་ཅད་མཁྱེན་པའི་དྲུང་ནས་ཁྲིད་ཟབ་ལ་རྒྱས་པ་དེ་འདྲ་བ་ཐོབ་ཨང་སྙམ་ནས་དགའ་བ་ཡང་ཡང་སྐྱེས་ཏེ། ༧ རཱ་ག་ཨ་སྱས་རང་ལོ་སོ་བཞི་པར་གསོལ་བ་བཏབ་པའོ། ༈ བདེ་མཆོག་ལྷ་ལྔའི་བརྒྱུད་འདེབས་བཞུགས་སོ།། ན་མོ་ཤི་ཙཀྲ་སཾ་ཝ་ར་ཡེ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །དྲིལ་བུ་པ་དང་ཛ་ལེན་དྷ་ར་པ། །བརྟུལ་ཞུགས་སྤྱོད་པའི་ཞབས་དང་མ་ཏང་གི །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །རྣམ་པར་རྒྱལ་བའི་ཞབས་དང་ཏེ་ལོ་པ། །ནཱ་རོ་མར་པ་མི་ལ་སྒམ་པོ་པ། །དུས་མཁྱེན་རས་ཆེན་སྤོམ་བྲག་ཀརྨ་པ། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །གཉན་རས་རང་བྱུང་ཞབས་དང་གཡུང་སྟོན་པ། །རོལ་པའི་རྡོ་རྗེ་མཁའ་སྤྱོད་དེ་བཞིན་གཤེགས། །རཏྣ་བྷ་དྲ་དོན་ལྡན་འཇམ་དཔལ་བཟང་། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །དཔལ་འབྱོར་དོན་འགྲུབ་མ་ཕམ་མཉན་པ་རྗེ། །མི་བསྐྱོད་རྒྱལ་བ་གར་དབང་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་དྲིན་ཅན་ཆོས་ཀྱི་དབང་། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །ཧེ་


CMR048_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་དང་གཉིས་མེད་རྣལ་འབྱོར་མ། །ཕྱོགས་བཞིར་མཁའ་འགྲོ་མཚམས་བཞི་ཐོད་པས་མཚན། །གཞལ་ཡས་དུར་ཁྲོད་པད་རྡོར་མེ་རི་བཅས། །གསོལ་བ་འདེབས་སོ་བདེ་། ཆེན་དངོས་གྲུབ་སྩོལ། །རྒྱུད་ཀྱི་སྲུང་མ་ནག་པོ་བྱ་རོག་མཚན། །སྐུ་གསུང་ཐུགས་དང་དམ་ཚིག་ཡེ་ཤེས་ལྔའི། །དཀྱིལ་འཁོར་སྐྱོང་མཛད་དཔའ་བོ་མཁའ་འགྲོའི་ཚོགས། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །དེ་ལྟར་བདེ་མཆོག་བརྒྱུད་པའི་བླ་མ་དང་། །དཀྱིལ་འཁོར་སྲུང་མ་བཅས་ལ་གསོལ་བ་འདེབས། །ཕྱི་རུ་འཛམ་གླིང་གནས་མཆོག་ཉི་ཤུ་བཞི། །ནང་དུ་རྩ་རླུང་ཐིག་ལེ་ཡིག་འབྲུའི་གཟུགས། །གཞན་དུ་དཔའ་བོ་རྣལ་འབྱོར་དྲུག་ཅུ་གཉིས། །དབྱེར་མེད་གཅིག་ཏུ་ཤེས་པའི་བསྐྱེད་རིམ་གྱིས། །ཉེ་བའི་བའི་གནས་སོགས་བགྲོད་པར་བྱིན་གྱིས་རློབས། །རྩ་གསུམ་འཁོར་ལོ་ལྔ་པོ་གསལ་བའི་དབུས། །སྤྲུལ་པའི་གནས་སུ་འབར་བའི་རྣལ་འབྱོར་ལ། །བདེ་ཆེན་ཧེ་རུ་ཀ་དཔལ་རང་བཞུགས་ནས། །འཁོར་ལོ་ལྔ་ཡི་ལྷ་ཚོགས་མཉེས་བྱས་ཏེ། །མཆོག་ཏུ་མི་འགྱུར་འགྲུབ་པར་བྱིན་གྱིས་རློབས། །བསྐྱེད་རིམ་སྤྲུལ་སྐུ་འོད་གསལ་ཆོས་སྐུ་དང་། །ཟུང་


CMR048_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལོངས་སྤྱོད་རྫོགས་སུ་གོམས་པའི་མཐུས། །འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང་། །སྐྱེ་བ་སྤྲུལ་པའི་སྐུ་རུ་རྟོགས་བྱས་ཏེ། རྒྱུད་ཀྱི་དགོངས་དོན་འགྲུབ་པར་བྱིན་གྱིས་རློབས། །འཆི་བ་ཞེས་བྱའི་རྣམ་རྟོག་ཤར་བའི་ཚེ། །འཁོར་ལོ་ལྔ་ཡི་དཔའ་བོ་ཌཱཀི་ཡིས། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། །གླུ་དང་གར་དང་འཇའ་འོད་མེ་ཏོག་ཆར། །སྣ་ཚོགས་མཆོད་པས་བདག་གི་སྡུན་བསུས་ནས། །བདེ་ཆེན་གནས་སུ་ཁྲིད་པར་བྱིན་གྱིས་རློབས། །ཞེས་ཟ་དམ་ཞེས་རྒྱལ་བས་ལུང་བསྟན་པའི་གནས་ཨོ་དནྟ་པུ་རིའི་ཀྱི་གཙུག་ལག་ཁང་དུ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་བདེ་མཆོག་ལྷ་ལྔ་ཚིགས་བཅད་མ་རྗེ་དུས་མཁྱེན་གྱི་ཐུགས་དམ་ལྔ་ཚན་དུ་གྲགས་པའི་དབང་བཞི་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་དྲན་ནས་ཕྱིས་རང་ལོ་སོ་བཞི་པར་། ༧ ཀརྨ་ཨ་རཱ་གས་གསོལ་བ་བཏབ་པའོ།། ༈ །སྙན་བརྒྱུད་ལྷན་ཅིག་སྐྱེས་མ་ལྷ་ལྔ་བརྒྱུད་པའི་གསོལ་འདེབས་ནི། ན་མོ་གུ་རུ་བཛྲ་ཝཱ་ར་ཧི་ཡེ། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །ཏེ་ལོ་ནཱ་རོ་མར་པ་མི་ལ་རྗེ། །དྭགས་པོ་དུས་གསུམ་མཁྱེན་དང་རས་ཆེན་པ། །སྤོམ་བྲག་པ་དང་སྐྱེས་མཆོག་ཀརྨ་པ། །གཉེན་རས་རང་བྱུང་ཞབས་དང་གཡུང་སྟོན་


CMR048_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རོལ་པའི་རྡོ་རྗེ་ཡན་ཆད་གཅིག་བརྒྱུད་དུ། །སྙན་དུ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ད་ཕྱིན་རྒྱ་ཆེན་སྤེལ་ན་འགྲོ་དོན་ཆེ། །ཞེས་པའི་གནང་བ་ཕག་མོས་རབ་གནང་ནས། །འགྲོ་དོན་རླབས་ཆེན་མཛད་པའི་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རཏྣ་བྷ་དྲ་དང་། །དོན་ལྡན་འཇམ་དཔལ་བཟང་པོ་གོ་ཤྲི་པ། །རང་བྱུང་མཚོ་སྐྱེས་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་འབངས་དང་དབང་ཕྱུག་རྡོ་རྗེའི་ཞབས། །མཚུངས་མེད་བཀའ་དྲིན་སྩོལ་མཛད་ཆོས་ཀྱི་དབང་། །སྙན་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་བདེ་མ་དེ་བཞིན་སྣ་ཚོགས་ཡུམ། །དོན་གྲུབ་མ་དང་ཁྲོས་མ་དབུ་བཅད་མ། །ཞལ་བཞི་ཞལ་གཉིས་མཁའ་སྤྱོད་དཀར་དམར་སོགས། །མཚན་དང་སྐུ་ཡི་རྣམ་འགྱུར་མཐའ་ཡས་ཀྱང་། །ཀུན་འདུས་ཀུན་གྱི་བདག་ཉིད་ཞལ་གཅིག་མ། །ཕྱོགས་བཞིར་རིགས་བཞིའི་ཆོས་འབྱུང་གཞལ་ཡས་ཁང་། །པད་ཀོར་ཐོད་ར་རྡོ་རྗེ་མེ་རིའི་གུར། །དཀྱིལ་འཁོར་ལྷ་དང་བཅས་ལ་གསོལ་བ་འདེབས། །ལས་ཀྱི་མཁའ་འགྲོ་འཇིག་རྟེན་མཁའ་འགྲོ་དང་། །ཤ་ཟ་མཁའ་འགྲོ་


CMR048_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཕོ་ཉ་སོགས། །ཆོས་བདག་སྲུང་མར་བཅས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཕྱི་རུ་འབྱུང་ལྔ་རིགས་ལྔ་ཁ་དོག་ལྔ། །ནང་དུ་ཕུང་ལྔ་ཁམས་ལྔ་ཉོན་མོངས་ལྔ། །དག་པ་སྐུ་ལྔ་ཡེ་ཤེས་སངས་རྒྱས་ལྔ། །སྦྱང་གཞི་སྦྱོང་བྱེད་ཤེས་པའི་བསྐྱེད་རིམ་གྱིས། །མཁའ་འགྲོ་ལྔ་པོ་འགྲུབ་པར་བྱིན་གྱིས་རློབས། །ལྟོགས་ན་ཟས་དང་འཁྱག་ན་གོས་དང་ནི། །འཇིགས་ལས་སྐྱོབ་སོགས་རྟེན་འབྲེལ་སྣ་ཚོགས་དང་། །འབར་བ་གསུམ་དང་འདུ་བ་རྣམ་པ་གསུམ། །དྲོད་ཚད་གསུམ་དང་བརྟུལ་ཞུགས་ངར་ལྡན་པ། །ཐུན་མོང་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ལྟེ་བར་ཆོས་འབྱུང་སྔགས་བཅས་འཁོར་བའི་འོད། །དྷུ་ཏིའི་ལམ་ནས་ཕག་ཞལ་སྨིན་ཕྲག་ཏུ། །བདེ་བའི་གཡུང་དྲུང་བར་མེད་འཁོར་བའི་མཐུས། །རྒྱལ་བ་ཀུན་གྱི་བྱིན་རླབས་རབ་བསྡུས་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །རྟག་ཆད་འགྲོ་འོང་བྲལ་བ་ཆོས་ཀྱི་སྐུ། །སུས་ཀྱང་མ་བྱས་གདོད་ནས་རྣམ་པར་དག །ཀུན་ཁྱབ་ཀུན་གྱི་རང་བཞིན་གདོད་མའི་མགོན། །སྨྲ་བརྗོད་ཡིད་དཔྱོད་ལས་འདས་རྒྱལ་བའི་


CMR048_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །དོན་གྱི་ཕག་མོ་རྟོགས་པར་བྱིན་གྱིས་རློབས། །སྤྲུལ་པའི་འཁོར་ལོ་ཨ་ཡིག་ཐུང་ངུའི་གཟུགས། །རབ་ཏུ་འབར་བས་ཕུང་ཁམས་སྐྱེ་མཆེད་སྦྱངས། །བདེ་ཆེན་འཁོར་ལོ་ཧཾ་ཡིག་ཞུ་བའི་རྒྱུན། །རྩ་འཁོར་ཀུན་བཀང་བདེ་སྟོང་དབྱེར་མེད་པ། །བརྡ་ཡི་ཕག་མོ་འགྲུབ་པར་བྱིན་གྱིས་རློབས། །ཆོས་སྐུ་མཁའ་འགྲོ་སེམས་ལ་རབ་རྟོགས་ཏེ། ལོངས་སྐུ་མཁའ་འགྲོ་བསྙེན་ཅིང་བསྒྲུབ་པའི་མཐུས། །རྩ་རླུང་ལས་སུ་རུང་བའི་བརྟུལ་ཞུགས་ཀྱིས། །སྤྲུལ་སྐུ་མཁའ་འགྲོ་བདེ་བས་མཆོད་བྱས་པས། །ཚེ་གཅིག་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ལྷག་མེད་འཇའ་ལུས་ཚེ་འདིར་མ་འགྲུབ་ཀྱང་། །ཕུང་པོ་ལྷག་མ་སྐུ་གཟུགས་རིང་བསྲེལ་དང་། །ས་གཡོས་འཇའ་འོད་མེ་ཏོག་ཆར་དང་བཅས། །བར་དོའི་རྣམ་ཤེས་མཁའ་འགྲོས་རབ་བསུས་ནས། །བདེ་བ་ཅན་དུ་འཁྲིད་པར་བྱིན་གྱིས་རློབས། །ཞེས་པ་འདི། ༧ རཱ་ག་ཨ་སྱས་རང་ལོ་ཉི་ཤུ་པར་གནས་སྟོད་ལུང་མཚུར་ཕུ་ཞེས་ས་རྡོ་རི་བྲག་ཐམས་ཅད་དཔལ་བདེ་མཆོག་ཡབ་ཡུམ་གྱི་སྐུ་ཁོ་ན་སྣང་བས། ༈ རྗེ་དུས་མཁྱེན་གྱི་རྗེས་སུ་ཡང་མ་རྙེད་པར་གྲགས་པའི་གནས་དེར། ༈ ཞྭ་དམར་དྲུག་པའི་ཞལ་སྔ་ནས་སྙན་བརྒྱུད་ལྷན་ཅིག་སྐྱེས་མ་ལྷ་ལྔའི་དབང་བཞི་ཡོངས་རྫོགས་དབང་རྫས་ཕྱག་


CMR048_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འགྲིམ་པ་དང་། སླར་ཡང་འོད་ཟེར་དམ་པའི་གཙུག་ལག་ཏུ་དབང་བཞི་ཡོངས་རྫོགས་དབང་རྫས་རྣམས་ཕྱག་གིས་ལན་དུ་མར་འགྲིམ་པ་ཞིག་ཐོབ་པས་བཀའ་དྲིན་དྲན་པས་ཕྱིས་གསོལ་འདེབས་འདི་ངོམ་སྟོད་ཀྱི་རི་ཁྲོད་དུ་བྲིས་པའོ། །རྗེ་བཙུན་མ་འདི་རྗེ་ནཱ་རོ་ནས་ད་ཕན་ཞལ་གཟིགས་ཀྱི་རྒྱུན་མ་ཆད་ཅིང་། རྗེ་འདི་ཕས་ཀྱང་བྱང་ངམ་རིང་ཕྱོགས་སུ་ཞལ་གཟིགས་པར་སྣང་བས་བྱིན་རླབས་རྒྱུན་གཞན་དང་མི་འདྲ་བ་གཅིག་ཡོད་པར་སྣང་ངོ་། །ལྷག་པར་ཀར་ལུགས་འདི་ལ་བཀའ་བབ་པའི་ལོ་རྒྱུས་དུ་མ་སྣང་ཞིང་བདེ་མཆོག་རྒྱུད་ཀྱི་གྲྭ་ཚན་གཅིག་ཡིན་སྣང་ལགས་སོ། ། ༈ རྒྱ་ཆེན་བརྒྱུད་པའི་བརྒྱུད་རིམ་གསོལ་འདེབས་ནི། ན་མོ་ཨཱཿརྱ་མཻ་ཏྲི་ཡེ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་མཆོག་བསྐྱེད། །བར་དུ་ཕ་རོལ་ཕྱིན་བཅུ་མཐར་ཕྱིན་མཛད། །ད་ལྟ་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པ། །དགའ་ལྡན་བཞུགས་པ་དེ་ལ་གསོལ་བ་འདེབས། །སྔོན་ཚེ་བྱམས་པ་ཞེས་བྱའི་དགེ་སློང་གྱུར། །ལོ་གྲངས་དུ་མར་བྱམས་པ་བསྒོམས་པའི་མཐུས། །སྐྱེ་བ་ཀུན་ཏུ་བྱམས་པའི་མཚན་ལྡན་ཞིང་། །མ་འོངས་བྱམས་པར་གྱུར་དེར་གསོལ་བ་འདེབས། །དམ་པ་ཏོག་དཀར་འཛམ་གླིང་གཤེགས་པའི་ཚེ། །ཁོ་བོའི་འདི་ནས་འཛམ་བུའི་གླིང་དུ་འགྲོ། །ཁྱོད་ཀྱིས་ལྷ་རྣམས་བག་མེད་གཉིད་ལས་


CMR048_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སློངས། །ཞེས་གསུངས་ཅོད་པན་བཅིང་དེར་གསོལ་བ་འདེབས། །སྔོན་ཚེ་ཐོགས་མེད་ཅེས་བྱའི་པཎྜི་ཏས། །བཞི་གསུམ་ལོ་གྲངས་བར་དུ་ཁྱེད་བསྒྲུབ་ཚེ། །དངོས་སུ་ཞལ་བསྟན་ལྷ་ཡུལ་ཁྲིད་མཛད་ནས། །བྱམས་ཆོས་གསུངས་མཛད་དེ་ལ་གསོལ་བ་འདེབས། །བདེ་བ་ཅན་ན་རྒྱལ་བ་འོད་དཔག་མེད། །དགའ་ལྡན་གནས་ན་རྒྱལ་སྲས་མ་ཕམ་པ། །གངས་རིའི་ཁྲོད་འདིར་ཞྭ་དམར་ཅོད་པན་ཅན། །སྤྲུལ་མང་སྣ་ཚོགས་སྟོན་དེར་གསོལ་བ་འདེབས། །ངོ་བོ་གཅིག་ཀྱང་སྣང་ཚུལ་ཐ་དད་ཡང་། །དགའ་ལྡན་བྱམས་པ་གླིང་གི་ཆོས་གྲྭ་རུ། །ཆོས་ཀྱི་དབང་ཕྱུག་ཆོས་འཁོར་བསྐོར་བའི་ཚེ། །དངོས་སུ་ཞལ་སྟོན་མཛད་པར་གསོལ་བ་འདེབས། །བྱམས་ཆོས་དངོས་ཀྱིས་རྗེས་སུ་བཟུང་བའི་མཐུས། །ལྷ་ཡི་ཁྲོད་དུ་སྐད་ཅིག་ཆོས་ཉན་ནས། །འཛམ་བུའི་གླིང་འདིར་བྱམས་ཆོས་དར་མཛད་པ། །སློབ་དཔོན་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །དེ་ལས་བྱུང་བ་རྒྱ་ཆེན་སྤྱོད་པའི་ཆུ། །གདུལ་བྱའི་ཡུལ་དུ་འདྲེན་མཛད་ཤིང་རྟ་མཆོག །པཎྜི་ཏ་དང་སྐད་གཉིས་སྨྲ་བ་སོགས། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །གྲུབ་ཐོབ་ཀརྨ་པཀྵིའི་


CMR048_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་ལས། །ང་ཡི་རྣམ་འཕྲུལ་སྐྱེ་བ་ཉེར་གཅིག་པ། །བྱམས་པའི་བསྟན་པ་རྒྱས་པར་བྱེད་གསུངས་ལྟར། །ཞྭ་དམར་ཉེར་གཅིག་འབྱོན་ལ་གསོལ་བ་འདེབས། །མི་བསྐྱོད་རྗེ་དང་ཆོས་དབྱིངས་རྡོ་རྗེ་སོགས། །ཡེ་ཤེས་སྤྱན་ལྡན་སྐྱེས་བུ་དུ་མ་ཡིས། །བྱམས་ཆེན་དངོས་ཀྱི་སྤྲུལ་པར་མངའ་གསོལ་བ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བྱམས་མགོན་བླ་མས་རྟག་ཏུ་རྗེས་བཟུང་སྟེ། །བྱམས་པ་ཆེན་པོར་སྐྱེ་བར་བྱིན་གྱིས་རློབས། །འཕགས་བཞི་བསྐྱེད་ཡུམ་རྟོགས་པར་བྱིན་གྱིས་རློབས། །ཕ་རོལ་ཕྱིན་བཅུ་རྫོགས་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར། ༧ རྗེ་ཆོས་ཀྱི་དབང་ཕྱུག་གི་ཞབས་དྲུང་ནས། རྒྱན་གཉིས་འབྱེད་གཉིས་བླ་མར་བཅས་པ་ཐོབ་ཅིང་རྗེའི་འདས་མཆོད་ཀྱི་ཚེ། ༧ རྒྱལ་བའི་དབང་པོའི་བཀའ་བཀོད་ཤོག་དྲིལ་དུ་བྱས་ཏེ་ཚོགས་ལ། ༧ སི་ཏུ་རིན་པོ་ཆེས་ཀློག་པ་ལས། བྱང་ཆུབ་སེམས་དཔའ་བྱམས་པ་ཉིད་བསམ་བཞིན་དུ་མི་ཡིས་སྲིད་པ་ཉེ་བར་བཟུང་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ། མ་གྲོལ་བ་རྣམས་དགྲོལ། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་། ཕུང་པོ་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་


CMR048_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ནས། རིང་པོར་མ་ལོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཞེས་དང་། འདི་ཡི་ཚེ་བཟང་སྤྱོད་དང་། ལྷག་པར་བྱམས་སྨོན་ཁོ་ན་འདོན་དགོས་གསུངས་པས། བྱམས་པ་དངོས་ཡིན་པར་ཐག་ཆོད་ནས། རང་གི་ཡང་ལོ་བཅུ་ཙམ་ཞིག་ལ་བྱམས་སྨོན་མ་ཆག་པར་བྱས་ཤིང་ཕྱིས་གསོལ་འདེབས་འདི་བྱས་ཏེ། བྱམས་པ་དངོས་ལས་བྱམས་ཆོས་ཐོབ་ཨང་སྙམ་པ་ཡང་ཡང་བྱུང་བས། ཨ་རཱ་གས་སོ། ། ༈ །བྱང་ཆུབ་ལམ་སྒྲོན་གྱི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་དྷི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཡེ། སྣང་བ་མཐའ་ཡས་ཐུགས་རྗེའི་མཁའ་ལམ་ནས། །མར་མེ་མཛད་དཔལ་འགྲོ་བའི་དཔལ་དུ་ཤར། །བྱང་ཆུབ་སྤྱོད་པའི་འོད་སྟོང་རབ་འཕྲོ་བ། །ཇོ་བོ་ལྷ་གཅིག་ཞབས་ལ་གསོལ་བ་འདེབས། །བྷ་གྷ་ལ་རུ་རྒྱལ་བའི་སྲས་སུ་འཁྲུངས། །རྒྱལ་སྲིད་སྤང་ནས་རྒྱལ་བའི་བསྟན་ལ་ཞུགས། །རྒྱུད་སྡེ་ཀུན་ལ་མཁས་ཤིང་གྲུབ་པ་བརྙེས། །དྷི་པཾ་ཀ་རའི་ཞབས་ལ་གསོལ་བ་འདེབས། །འཕགས་པའི་ཡུལ་དུ་རིག་པའི་གནས་ལྔ་སྦྱངས། །ཤེས་བྱ་ཀུན་ལ་མཁས་པའི་མཁྱེན་པ་རྒྱས། །ལྔ་བརྒྱའི་གཙུག་རྒྱན་པཎྜི་ཏ་རུ་གྲགས། །དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས། །སྒྲོལ་མས་ལུང་བསྟན་བོད་ཡུལ་དབུས་སུ་ཁྱབ། །མཁའ་འགྲོས་ལུང་བསྟན་རྒྱལ་ཆོས་


CMR048_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ནས་བཏོན། །ཐེག་ཆེན་གདམ་པས་བོད་ཡུལ་མུན་པ་སེལ། །ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཁུ་རྔོག་འབྲོམ་གསུམ་རྒྱལ་སྲས་སྐུ་མཆེད་གསུམ། །བརྒྱུད་འཛིན་སྐྱེས་བུ་རྣམས་ལ་གསོལ་བ་འདེབས། །འབྲོམ་སྟོན་ཉིད་ཀྱི་སྤྲུལ་པ་ལུང་བསྟན་པར། །གྲགས་པའི་མིང་ཅན་བདུན་རྒྱུད་འབྱུང་གསུངས་ལྟར། །བཀའ་གདམས་ཆོས་ཚུལ་ལྷད་མེད་འཛིན་མཛད་པ། །གྲགས་པ་དོན་གྲུབ་ཞབས་ལ་གསོལ་བ་འདེབས། །བདེ་ཆེན་ཞིང་དུ་མགོན་པོ་ཚེ་དཔག་མེད། །འཕགས་པའི་ཡུལ་ན་པཎ་ཆེན་མར་མེ་མཛད། །གངས་རིའི་ལྗོངས་འདིར་ཞྭ་དམར་ཅོད་པན་ཅན། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མཐའ་མེད་འཁོར་བའི་འཇིགས་པ་ཆེན་པོ་ལས། །ཐར་འདོད་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །མ་རྒན་སྡུག་བསྔལ་རྒྱ་མཚོར་བྱིང་བ་ལས། །བསྒྲལ་འདོད་བྱམས་སེམས་སྐྱེ་བར་བྱིན་གྱིས་རློབས། །གནས་སྐབས་བཞི་པོ་འགྲུབ་པར་གྱུར་པ་ལས། །སྨིན་གྲོལ་གདམས་པ་ཐོབ་པར་བྱིན་གྱིས་རློབས། །སྡོམ་གསུམ་མི་འགལ་སུམ་ལྡན་


CMR048_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན། །ཕྱི་རུ་ཉན་ཐོས་ནང་དུ་བྱང་ཆུབ་སེམས། །གསང་བ་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །ཇོ་བོའི་བཞེད་པ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་རྗེ་ཞྭ་དམར་ཅོད་པན་འཆང་བ་དྲུག་པའི་ཞལ་སྔ་ནས། བྱང་ཆུབ་ལམ་གྱི་སྒྲོན་མེའི་གཞུང་དང་དེ་ཡི་འགྲེལ་རྒྱན་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱིས་བསྒྲིགས་པ་དེ་ཐོབ་ཅིང་། ཇོ་བོ་དངོས་ལ་ཐོབ་པ་དང་འདྲ་བར་སེམས་ནས། ༧ རཱ་ག་ཨ་སྱས་ཕྱིས་གསོལ་བ་བཏབ་པའོ།། ༈ །བྱང་ཆུབ་སྤྱོད་འཇུག་གི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་ཤིན་ཏང་དེ་ཝ་ཡེ། སོ་སྐྱེར་ཞལ་གྱིས་བཞེས་ཀྱང་འཕགས་པ་ཉིད། །ཁྱོད་ཀྱི་རྣམ་ཐར་ངོ་མཚར་གཏམ་བདུན་ལྡན། །རྒྱས་པ་བསླབ་བཏུས་བསྡུས་པ་མདོ་ཀུན་བཏུས། །སྤྱོད་འཇུག་མཛད་པ་དེ་ལ་གསོལ་བ་འདེབས། །ལྷོ་ཕྱོགས་རྒྱལ་པོའི་སྲས་སུ་འཁྲུངས་གྱུར་ཅིང་། །འཇམ་དཔལ་རྣོན་པོ་བསྒྲུབས་པས་ཞལ་མཐོང་ཞིང་། །ལུང་བསྟན་རྒྱལ་སྲིད་སྤངས་ནས་ནཱ་ལེནྡྲར། །རབ་ཏུ་བྱུང་བ་དེ་ལ་གསོལ་བ་འདེབས། །ནང་དུ་འཕགས་པར་ཆོས་གསན་བསྙེན་པར་རྫོགས། །བསྟན་བཅོས་ཟབ་མོ་རྩོམ་པར་མཛད་མོད་ཀྱང་། །ཕྱི་རུ་འདུ་ཤེས་གསུམ་པའི་ཟ་ཉལ་འགྲོ་གསུམ་མཆན། བརྟུལ་ཞུགས་བཟུང་། །བྷུ་སུ་ཀུ་


CMR048_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲགས་ལ་གསོལ་བ་འདེབས། །ནཱ་ལེནྡྲ་པས་ཉམས་ཚད་བྱས་པའི་ཚེ། །ཁྲི་མཐོན་ཕྱག་གི་མནན་ཏེ་མི་མངོན་གཤེགས། །སྔར་མ་གྲགས་པའི་བྱང་ཆུབ་སྤྱོད་འཇུག་གསུངས། །ཤེར་ལེའུ་དངོས་དང་དངོས་མེད་ཞེས་པ་ནས། །ནམ་མཁར་ཇེ་མཐོར་གཤེགས་ལ་གསོལ་བ་འདེབས། །ཤར་ཕྱོགས་འཁྲུག་རྩོད་རྫུ་འཕྲུལ་དག་གིས་བསྡུམ། །མུ་སྟེགས་ལྔ་བརྒྱ་འཚོ་བ་ཆད་པ་ལས། །འབྲས་ཆེན་ལྷུང་བཟེད་གང་གིས་ཚིམ་པར་མཛད། །དད་ནས་ནང་པར་བཙུད་ལ་གསོལ་བ་འདེབས། །སྤྲང་པོ་ལྔ་བརྒྱའི་འཚོ་བ་ཉམས་པ་གསལ། །རྒྱལ་པོའི་སྐུ་སྲུང་མཛད་ཚེ་རྗེ་བཙུན་གྱིས། །ཤིང་གི་རལ་གྲི་འོད་ཟེར་རབ་འཕྲོས་ནས། །རྒྱལ་པོའི་དྲེགས་པ་བཅོམ་ལ་གསོལ་བ་འདེབས། །མུ་སྟེགས་སྟོན་པས་ནམ་མཁར་དབང་ཕྱུག་གིས། །དཀྱིལ་འཁོར་བྲིས་ལ་བཤིག་པར་མ་ནུས་ལན། །ནང་པ་ཐམས་ཅད་ཕྱི་པར་བཙུད་གྲགས་ཚེ། །བཤིག་ཅིང་ནང་པར་བཙུད་ལ་གསོལ་བ་འདེབས། །ཁྱོད་ཀྱིས་ཐུགས་བཅུད་བྱང་ཆུབ་སྤྱོད་འཇུག་ཅེས། །འཕགས་པའི་ཡུལ་ན་འབྲེལ་ཆེན་བརྒྱ་རྩ་བརྒྱད། །བོད་དུ་འགྱུར་བའི་རྒྱ་འགྲེལ་རྣམ་པ་བརྒྱད། །


CMR048_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་གསུང་བདུད་རྩིའི་རྒྱུན་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་ས་སྐྱ་པཎྜི་ཏས། །བོད་དུ་འགྱུར་བའི་དམ་ཆོས་མཐའ་དག་ལས། །བྱང་ཆུབ་སྤྱོད་འཇུག་གཅིག་པུ་གདམས་ཞེས་གྲགས། །ཁྱེད་གསུང་མཚུངས་བྲལ་དེ་ལ་གསོལ་བ་འདེབས། །ཁྱེད་གསུངས་གདུལ་བྱའི་ཡུལ་དུ་འདྲེན་མཛད་པ། །ལོ་པཎ་མཁས་གྲུབ་བརྒྱུད་པའི་བླ་མ་དང་། །སྙིགས་དུས་འགྲོ་བའི་སྐྱབས་གནས་སྤྲུལ་པའི་སྐུ། །ཆོས་ཀྱི་དབང་ཕྱུགས་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གཞན་གྱི་སྐྱོན་ལ་བྱ་ར་མི་བྱེད་པར། །རང་སྐྱོན་མཚང་ནས་འདོན་པར་བྱིན་གྱིས་རློབས། །བཟང་འདོད་ཡོན་ཏན་མཛུབ་མགོར་མི་ངོམས་པར། །ཉམས་རྟོགས་ཁོང་དུ་སྦས་པར་བྱིན་གྱིས་རློབས། །གོས་ལགས་མཆོད་ཆས་སྣང་ཤེས་མི་འགྱང་བར། །གང་བྱུང་ཧྲུལ་པོས་ཆོག་པར་བྱིན་གྱིས་རློབས། །ཆེ་འདོད་བཙན་འདོད་སྡིག་རྩ་མི་བསྒྲུབ་པར། །རང་སེམས་དམན་ས་འཛིན་པར་བྱིན་གྱིས་རློབས། །ཁེ་ཚོང་དོམ་སྐྱེད་ལོག་འཚོ་མི་སྒྲུབ་པར། །གང་བྱུང་ཆོག་ཤེས་སྐྱེ་བར་བྱིན་གྱིས་རློབས། །རྒྱལ་སྲས་སྤྱོད་དང་ནམ་ཡང་མི་འབྲལ་ཞིང་། །བྱང་ཆུབ་


CMR048_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ། འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན་ཞེས་ཡི་དམ་ལྷའི་མཚན་གསོལ་བའི་ཞལ་སྔ་ནས་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལེགས་པར་ཐོབ་པ་འདི་ནི་མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོར་འདུག་པས་བཀའ་དྲིན་དྲན་ནས། ཀརྨ་ཨ་རཱ་གས་ཕྱིས་གསོལ་བ་བཏབ་པའོ།། ༈ དབུ་མ་ལ་འཇུག་པའི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་མ་ཧཱ་ཀཱ་ལ་ཡ། སངས་རྒྱས་རིགས་གསུམ་མགོན་དང་འཕགས་པ་ཀླུ། །ཨཱཿརྱ་དེ་ཝ་ཟླ་གྲགས་མ་ཏང་གི །ཏེ་ལོ་ནཱ་རོ་རྗེ་བཙུན་ལྷོ་བྲག་པ། །དབུ་མའི་དོན་བརྒྱུད་རྣམས་ལ་གསོལ་བ་འདེབས། །ནཱ་རོ་མེ་ཏྲིའི་བུ་གཅིག་ལྷོ་བྲག་པ། །སྤྲོས་མེད་དོན་གྱི་རྣལ་འབྱོར་མི་ལ་རྗེ། །དབུ་མའི་དོན་བརྒྱུད་རྣམས་ལ་གསོལ་བ་འདེབས། །ཀླུ་སྒྲུབ་ཨཱཿརྱ་དེ་ཝ་དཔལ་ལྡན་ཟླ་བ་གྲགས། །རིག་པའི་ཁུ་བྱུག་གཉིས་དང་མར་མེ་མཛད། །འབྲོམ་སྟོན་སྤྱན་སྔ་བ་དང་བྱ་ཡུལ་བ། །དབུ་མའི་དོན་བརྒྱུད་རྣམས་ལ་གསོལ་བ་འདེབས། །བརྒྱུད་པ་གཉིས་ཀྱི་ཆུ་བོ་ལེགས་བརྡོལ་ཞིང་། །རྒྱལ་བས་ལུང་བསྟན་དགེ་སློང་འཚོ་མཛད་ཅེས། །མཐའ་བྲལ་ལྟ་བའི་བཀའ་བབས་འགྲན་བྲལ་པ། །དྭགས་པོ་


CMR048_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་དེ་ལ་གསོལ་བ་འདེབས། །གཞན་ཡང་པོ་ཏོ་བ་དང་ཤ་ར་བ། །མཐའ་བྲལ་ཅི་བཞིན་གཟིགས་མཛད་དུས་གསུམ་མཁྱེན། །དབུ་མའི་དོན་བརྒྱུད་རྣམས་ལ་གསོལ་བ་འདེབས། །རས་ཆེན་སྤོམ་བྲག་པ་དང་ཀརྨ་པ། །ཨུ་རྒྱན་པ་དང་རང་བྱུང་རྒྱལ་བ་གཡུང་། །རོལ་པའི་རྡོ་རྗེ་མཁའ་སྤྱོད་དེ་བཞིན་གཤེགས། །རཏྣ་བྷ་དྲ་དོན་ལྡན་འཇམ་དཔལ་བཟང་། །ཆོས་གྲགས་རྒྱ་མཚོ་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་འབངས་དང་དབང་ཕྱུག་རྡོ་རྗེའི་མཚན། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །མཐའ་བྲལ་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །གཞན་ཡང་ཟླ་བ་གྲགས་དང་འཇམ་དཔལ་གྲགས། །དེ་བ་ཙན་ཏྲ་རིན་ཆེན་རྡོ་རྗེ་དང་། །ས་ར་ཧ་སྟེ་ཧ་སུ་ལ་ཏི་དང་། །པ་ཚབ་ལོ་ཙཱ་ཆོས་རྗེ་དུས་གསུམ་མཁྱེན། །དབུ་མའི་དོན་བརྒྱུད་རྣམས་ལ་གསོལ་བ་འདེབས། །མཐའ་བྲལ་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །པ་ཚབ་ལོཙྪ་ཞང་སྟོན་ཐང་པཱག་པ། །དབང་ཕྱུག་གྲགས་པ་ཤེས་རབ་རྡོ་རྗེ་དང་། །བསྟན་ཚུལ་གྲགས་ལྡན་མཆེད་གཉིས་བདེ་བའི་ལྷ། །ཇོ་བཙུན་དབུ་ར་བ་དང་ཤེས་རབ་དཔལ། །དར་མ་ཤེས་


CMR048_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བང་སྟོན་ཤེས་རིན་དང་། །བསོད་ནམས་སེང་གེ་བང་སྟོན་བསམ་བཟང་བ། །བང་སྟོན་གཞོན་བསམ་ཐང་ནག་བཀྲས་སེང་ཞབས། །གཞོན་ནུ་བཟང་པོ་ཆོས་གྲགས་གཞོན་རྒྱལ་དང་། །རོང་སྟོན་ཆེན་པོ་བྱམས་ཆེན་རབ་འབྱམས་པ། །འབུམ་ཕྲག་གསུམ་པ་ཀརྨ་ཕྲིན་ལས་ཞབས། །མི་བསྐྱོད་ཞབས་དང་རྒྱལ་བ་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་སྨྲ་བའི་སེང་གེའི་ཞབས། །འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །དབུ་མའི་བཤད་བརྒྱུད་རྣམས་ལ་གསོལ་བ་འདེབས། །དེ་ལྟར་དབུ་མའི་བཤད་སྒྲུབ་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྟག་ཆད་འགྲོ་འོང་གཅིག་དང་དུ་མ་དང་། །བདག་དང་གཞན་དང་གཉིས་མེད་གཉིས་མིན་དང་། །རྟོག་པས་བཏག་པའི་ལྟས་ངན་ཀུན་སྤངས་ནས། །མཐའ་བྲལ་དབུ་མ་རྟོགས་པར་བྱིན་གྱིས་རློབས། །དངོས་ཀུན་ངོ་བོས་སྟོང་ཚེ་རང་སྟོང་དང་། །གཞན་གྱི་རྐྱེན་གྱིས་སྟོང་ཚེ་གཞན་སྟོང་སྟེ། །དེ་གཉིས་མི་འགལ་གདོད་ནས་ཟུང་འཇུག་ཉིད། །འཐའ་བྲལ་དབུ་མ་རྟོགས་པར་བྱིན་གྱིས་རློབས། །གཞན་གྱི་མཐའ་ཀུན་རིག་པས་ལེགས་


CMR048_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་ནས། །རང་ཉིད་མཐའ་བྲལ་གྲུབ་མཐའ་བཞག་མེད་པ། །ཚིག་དང་དཔེ་ཡི་མི་མཚོན་ཆེས་ཕྲ་བ། །མཐའ་བྲལ་དབུ་མ་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་ཞྭ་དམར་ཅོད་པན་འཛིན་པ་འཇམ་དབྱངས་གསལ་དུ་བཞད་པའི་ཞལ་སྔ་ནས། དབུ་མ་ལ་འཇུག་པའི་ཚིག་ལེའུ་བྱས་པ་ལེགས་པར་ཐོབ་ཅིང་། རང་གི་ཡང་ཀུན་ཆུབ་པར་བྱས་ནས་ཚོགས་ཆེན་ལ་སྐྱོར་བ་དང་། ལོ་ཡ་ཟུང་དུ་ཁ་ཐོན་དུ་བྱས་པའི་ཚེ་ཤིག་གཏན་ནས་མེད་པ་བྱུང་ཞིང་། རབ་འབྱམས་སྨྲ་བ་ཀརྨ་འཇིགས་མེད་ཀྱི་དྲུང་ནས་འབྲུ་སྦྱོར་ཅུང་ཟད་རེ་དང་། རྗེ་དབང་ཕྱུག་རྡོ་རྗེའི་བཀའ་ཊིག་ཆུང་བ་ཡང་ཅུང་ཟད་བག་ཆགས་བཞག་ཅིང་ཕྱིས་བརྒྱུད་རིམ་གསོལ་འདེབས་འདི། ༧ རཱ་ག་ཨ་སྱས་བྲིས་པའོ།། ༈ དམ་ཆོས་དགོངས་པ་གཅིག་པའི་གཞུང་འགྲེལ་གྱི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་གུ་རུ་ལོ་ཀ་ན་ཐ་ཡེ། འདས་པའི་སངས་རྒྱས་ཀླ་རིགས་སྒྲོན་མེ་ཞེས། །འཕགས་པའི་ཡུལ་ན་འགྲན་མེད་མགོན་པོ་ཀླུ། །གངས་རིའི་ཁྲོད་འདིར་འཇིག་རྟེན་གསུམ་མགོན་ཞེས། །བསྟན་པའི་མངའ་བདག་དེ་ལ་གསོལ་བ་འདེབས། །ད་ལྟའི་མཁན་པོ་བྷོ་ཏི་སཏྭ་ཁྱོད། །མ་འོངས་འབྲི་ཞེས་བྱ་བའི་ས་ཕྱོགས་སུ། །འཇིག་རྟེན་གསུམ་མགོན་ཞེས་བྱར་འགྱུར་རོ་ཞེས། །པདྨས་ལུང་བསྟན་ཁྱེད་ལ་


CMR048_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ཟླ་བའི་གླིང་ན་གནས་པའི་དགྲ་བཅོམ་གྱིས། །ཁྱོད་ཉིད་ཀླུ་སྒྲུབ་སྤྲུལ་པ་ལུང་བསྟན་ཅིང་། །ཁ་ཆེའི་པཎ་ཆེན་ཤཱཀ་ཤཱི་མཆེད་གཉིས་ལ། །མེ་ཏོག་སྐྱེས་སུ་བཀུར་ལ་གསོལ་བ་འདེབས། །མི་མཇེད་བདག་པོ་ཚངས་པ་གདོང་བཞི་ཡིས། །གསེར་གྱི་འཁོར་ལོ་ཕུལ་ནས་ཁྱོད་ཉིད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བཏབ་པས། །དམ་ཆོས་དགོངས་གཅིག་གསུངས་ལ་གསོལ་བ་འདེབས། །དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པ་ཡི། །ཁྱོད་ལ་ཕྱག་འཚལ་དམ་ཆོས་ཡང་ཡང་ཞུས། །ཚུལ་འདིས་ཁྱོད་ཉིད་ས་བཅུའི་སེམས་པར་ངེས། །གསུངས་ནས་ཀུན་གྱིས་བསྔགས་དེར་གསོལ་བ་འདེབས། །གཅུང་དང་གླིང་པ་གྲགས་པ་བྱང་ཆུབ་སོགས། །དགེ་འདུན་འདུས་པ་ཁྲི་ཕྲག་བཅོ་བརྒྱད་དེ། །ཀུན་ཀྱང་རྫུ་འཕྲུལ་མཁའ་ལ་གཤེགས་བཞུགས་མཛད། །དགེ་འདུན་མངའ་བདག་དེ་ལ་གསོལ་བ་འདེབས། །གནས་མཆོག་གསུམ་དུ་ལྔ་ཁྲི་ལྔ་སྟོང་དང་། །ལྔ་བརྒྱ་བརྫངས་ཀྱང་འདུས་པ་ཉུང་མ་གྱུར། །གསོ་སྦྱོང་མཛད་ཚེ་ནམ་མཁའི་མདོག་གྱུར་པའི། །བརྒྱུད་འཛིན་སློབ་མའི་ཚོགས་ལ་གསོལ་བ་འདེབས། །བསྟན་པ་


CMR048_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་མུན་ནག་གློག་དང་འདྲ། །གསེར་གྱི་དཀོན་མོ་ཙམ་ཞིག་མི་འཆད་ཅེས། །ལབ་ཀྱི་སྒྲོན་མས་ལུང་བསྟན་མཛད་པ་ལྟར། །ཆོས་བརྒྱུད་རིམ་པར་བྱོན་ལ་གསོལ་བ་འདེབས། །སྐྱུ་ར་རིན་པོ་ཆེ་ཡིས་བཀས་བསྐུལ་ནས། །སྐྱོབས་པའི་བསྟན་པ་སླར་ཡང་གསལ་བའི་ཕྱིར། །དགོངས་གཅིག་ཀར་ཊིཀ་གསར་དུ་རྩོམ་མཛད་པ། །མི་བསྐྱོད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དེ་ཉིད་བཞད་པ་ཅི་བཞིན་ཐུགས་ཆུད་ནས། །རྡོ་རྗེའི་གསུང་རྣམས་ཚིགས་སུ་བཅད་མཛད་ནས། །གངས་རིའི་ཁྲོད་འདིར་རྒྱ་ཆེར་སྤེལ་མཛད་པ། །དཀོན་མཆོག་ཡན་ལག་ཞབས་ལ་གསོལ་བ་འདེབས། །སྐྱུ་རའི་རིགས་འཁྲུངས་དགོངས་གཅིག་ཅི་བཞིན་གཟིགས། །བཞེད་དགོངས་རྣམས་ལ་མང་པོའི་མི་འགལ་བའི་བར། །སེང་གེ་སྒྲ་སྒྲོགས་རྗེས་འཇུག་དབུགས་འབྱིན་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཡི་དམ་འཁོར་ལོ་སྡོམ་དང་ཆོས་སྐྱོང་བ། །བྱ་རོག་མཚན་ཅན་ཁྱད་པར་རིགས་རྒྱུད་དང་། །ཆོས་རྒྱུད་སྲུང་མཛད་ཨ་ཕྱི་ཆོས་སྒྲོན་མ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །


CMR048_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེ་ཆུང་མདོ་སྔགས་མི་འགལ་བར། །གཅིག་གྲོགས་གཅིག་ཏུ་ཤེས་པར་བྱིན་གྱིས་རློབས། །བསྐྱེད་རྫོགས་མི་འགལ་ཟུང་འཇུག་དོན་རྟོགས་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཟ་དམ་པ་རྡོ་རྗེའི་གདན་དུ་འབྲི་གུང་སྐྱུ་རའི་གདུང་རིགས་དྲི་མ་མེད་པར་འཁྲུངས་ཤིང་། ཆོས་ཀྱི་མཛོད་འཛིན་པ་༧ རྗེ་ཆོས་ཀྱི་དབང་ཕྱུག་གི་དྲུང་ནས་དགོངས་གཅིག་གི་གཞུང་གི་ལུང་དང་། །འགྲེལ་པ་ཉིད་ཀྱིས་མཛད་པ་ལྗགས་བཤད་ཀྱིས་བརྒྱན་པ་ཤིན་ཏུ་རྒྱས་པ་དང་། སླར་གཙང་རྒྱལ་མཁར་གྱི་སྐྱེལ་དུ་ཡང་འགྲེལ་པ་དེ་འཆད་དགོས་ཞེས། རྗེ་ཆོས་དབྱིངས་རྡོ་རྗེའི་བཞེད་བསྐུལ་བར་བསྟན་ནས་སྟོད་ཆ་རེའི་བཤད་པ་གསུངས་པའི་ཚེ། ༧ རྒྱལ་བའི་དབང་པོ་རྒྱལ་ཚབ་པ་སོགས་དབུ་མཛད་ཚོགས་པ་སྟོང་ར་ཅན་ཡོད་པའོ། །འབྲི་གུང་གི་གདུང་རིགས་འདི་གཞན་མ་གཏོགས་སངས་རྒྱས་བྱང་སེམས་ཁོ་ན་ཡིན་ཞེས་བསྟོད་བསྔགས་ཆེན་པོ་མཛད་ཅིང་། རིགས་རྒྱུད་ཁོ་ནར་མ་ཟད་ཆོས་མང་དུ་ཡབ་ལ་གསན་ནས་ཆོས་བརྒྱུད་རྣམ་པར་དག་པའི་གསང་མཛོད་འཛིན་པའི། སྲུང་མ་ཨ་ཕྱི་མ་ཡང་ཕྱི་བཞིན་དུ་འབྲང་སྟེ་དྲུང་པ་རྒྱལ་ཚབ་པའི་བཀའ་སྲུང་རྫིང་བཙན་པ་བབ་ནས་སྐུ་གཞོག་ནས་སོང་དུས། ཁོས་ཁྱེད་ལ་སྐུ་གོང་མ་དུས་མེད་པའི་བུད་མེད་འཇིགས་སུ་རུང་བ་འདི་སུ་ཡིན་ཞེས་ཞུས་པའི་ལོ་རྒྱུས་སྣང་ཞིང་། རང་རེ་གྲྭ་སློབ་ལ་ཡང་མགོན་ནས་ཟ་དམ་མགོན་ཁང་དུ་ལོགས་བྲིས་ཀྱི་སྐུ་བཞེངས། གཏོར་བསྔོས་


CMR048_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡང་དེ་ཚུགས་ཡིན་པར་སྣང་ཞིང་། དེ་བས་ན་རང་རེ་འཇིག་རྟེན་གསུམ་མགོན་གྱི་ཆོས་བརྒྱུད་དུ་སོང་བར་གདའ་སྙམ་ནས། ༧ རཱ་ག་ཨ་སྱས་ཕྱིས་གསོལ་བ་བཏབ་པའོ། །སྔ་སོར་ཉིན་གླིང་དུ་ཡང་གཞུང་འདི་ཚོགས་སུ་བསྐྱེད་ཅིང་། ལོ་ཡ་ཟུང་ཁ་ཐོན་བྱས་ལ་ད་ལྟའང་མདོ་སྔགས་ཀྱི་གནད་གསང་གི་གོ་བ་ལེན་ཡུལ་འདི་རང་ལ་བྱེད་པའོ།། ༈ སོ་སོར་ཐར་པའི་མདོ་དང་འདུལ་བའི་མཁན་བརྒྱུད་ལ་གསོལ་བ་འདེབས་པ་ནི། ན་མོ། བདུད་སྡེ་བཅོམ་ནས་ཐམས་ཅད་མཁྱེན་བརྙེས་ཏེ། །དྲང་སྲོང་ལྷུང་བ་རི་དྭགས་ནགས་ཚལ་དུ། །འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ། །བདེན་བཞི་གསུངས་མཛད་དེ་ལ་གསོལ་བ་འདེབས། །ལུང་གི་གཞི་དང་ལུང་རྣམ་འབྱེད་པ་དང་། །དགེ་སློང་མ་ཡི་རྣམ་འབྱེད་ལུང་ཕྲན་ཚིག །འདུལ་བ་ལུང་སྡེ་བཞི་ཞེས་ཡོངས་གྲགས་པའི། །ཁྱེད་གསུང་བདུད་རྩི་དེ་ལ་གསོལ་བ་འདེབས། །ཁྱེད་སྲས་དགྲ་བཅོམ་ཆོས་ཀྱིས་ཚོང་དཔོན་ཞེས། །དེ་མཛད་དགེ་སློང་ཕ་མའི་སོ་ཐར་མདོ། །འདུལ་བའི་སྡེ་ཡིག་བསྟན་པའི་སྒྲོན་མེ་སྟེ། །དམ་ཆོས་ཁྱད་འཕགས་དེ་ལ་གསོལ་བ་འདེབས། །ང་ནི་འདི་ནས་མྱ་ངན་འདས་འོག་ཏུ། །འདི་ནི་ཁྱོད་ཀྱིས་སྟོན་པ་ཡིན་ནོ་གསུངས། །སྟོན་པ་ང་ནི་དམ་ཆོས་གཞི་མཐུན་པ། །


CMR048_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་འདུལ་བ་དེ་ལ་གསོལ་བ་འདེབས། །མདོ་དང་བརྒྱུད་དང་མངོན་པའི་བསླབ་བྱ་སོགས། །བྱང་སེམས་དགྲ་བཅོམ་རྣམས་ཀྱིས་སྨྲ་བར་ནུས། །འདུལ་བའི་གནང་བཀག་རྒྱལ་བ་ཁོ་ནའི་ཡུལ། །དཔག་དཀའི་དམ་ཆོས་དེ་ལ་གསོལ་བ་འདེབས། །ཡིད་བདེ་བསོད་སྙོམས་བསླབ་ཅིང་སྐྲག་སེམས་མེད། །འཆི་ཚེ་འགྱོད་མེད་ལྷ་དང་མི་རུ་སྐྱེ། །མཐར་ཐུག་སྡུག་བསྔལ་ཀུན་ལས་ངེས་གྲོལ་བ། །དམ་ཆོས་འདུལ་བ་དེ་ལ་གསོལ་བ་འདེབས། །རྒྱལ་བའི་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས། །ད་ལྟ་འདུལ་བའི་ལེའུ་ཡིན་པར་མངོན། །དེ་ན་དུས་ལ་བབས་པའི་དམ་ཆོས་ཏེ། །བྱིན་ལྡན་དམ་ཆོས་དེ་ལ་གསོལ་བ་འདེབས། །སོ་ནམ་སེན་མོའི་སྟེང་དུ་བྱེད་གྱུར་ཅིག །འབྲུ་དང་མུ་ཏིག་མཉམ་བརྗེད་བྱེད་གྱུར་ཀྱང་། །ང་ཡི་ཉན་ཐོས་འཚོ་བས་མི་ཕོངས་གསུངས། །འདོད་འབྱུང་འདུལ་བའི་ཆོས་ལ་གསོལ་བ་འདེབས། །རྣམ་དག་སྡོམ་པ་ཆོས་ལ་སྨིན་མཛད་པ། །མཁན་པོ་རྒྱལ་བ་ཐམས་ཅད་མཁྱེན་པ་དང་། །སློབ་དཔོན་ལས་སློབ་གསང་སྟོན་དུས་འཛིན་པ། །འདུལ་བའི་བླ་མ་ལྔ་ལ་གསོལ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་


CMR048_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱིས། །ལོ་བརྒྱའི་བར་དུ་འདུལ་ཁྲིམས་སྐྱོན་མེད་པར། །གནས་བརྟན་ཆེན་པོར་འགྱུར་བར་བྱིན་གྱིས་རློབས། །འདུལ་བའི་ཤོ་ལོ་འབུམ་ཕྲག་བློར་ཆུད་ནས། །འདུལ་འཛིན་ཆེན་པོར་འགྱུར་བར་བྱིན་གྱིས་རློབས། །ལྔ་ཕྲག་ཉེར་ལྔ་གང་རུང་རབ་ལྡན་ནས། །མཁན་པོ་ཆེན་པོར་འགྱུར་བར་བྱིན་གྱིས་རློབས། །བཅུ་བདུན་བཞི་ཡིས་དེ་ཉིད་རབ་ཤེས་ནས། །འདུལ་བ་གསལ་བར་ནུས་པར་བྱིན་གྱིས་རློབས། །འཆི་དུས་འགྱོད་སེམས་སྐྲག་པ་མི་དགོས་པར། །སྡོམ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་མཁན་པོ་སློབ་དཔོན་ཐམས་ཅད་མཁྱེན་པའི། ཆགས་ཕྱིར་ལོ་གཉིས་འབྲིང་དུས་གསོ་སྦྱོང་ཆག་མེད་མཛད་པའི་སྟབས་ཀྱིས། སོ་སོར་ཐར་པའི་མདོ་འདོན་པ་དང་པོ་གཉིས་པ་དང་། ཡོངས་སུ་རྫོགས་པར་འདོན་པ་ལན་ཉི་ཤུ་རྩར་དྲུག་བདུན་ཙམ་ཞལ་སྔ་ནས་ཐོབ་པའི་བཀའ་དྲིན་དྲན་ནས་༧ ཨ་རཱ་གས་ཕྱིས་གསོལ་བ་བཏབ་པའོ།། ༈ ས་ལུ་འཇང་བའི་མདོ་ཡི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་དྷརྨ་ཤྭ་ར་ཡེ། ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་ཤིང་། །ཀུན་མཁྱེན་ཡེ་ཤེས་འདབ་སྟོང་བཞད། །མཚན་དཔེས་ཟེའུ་འབྲུའི་ཕྲེང་བ་ཅན། །ཐུབ་དབང་དེ་ལ་གསོལ་བ་འདེབས། །ཁྱེད་གསུང་དམ་ཆོས་


CMR048_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སུས་ཐོབ་པ། །ཆོས་མཁན་སྡིག་དང་དོན་མེད་སྤངས། །མྱ་ངན་འདས་པ་ཐོབ་འགྱུར་བའི། །དམ་པའི་ཆོས་ལ་གསོལ་བ་འདེབས། །མ་ཐོས་ཐོས་དང་ཐོས་པ་བྱང་། །སེམས་ཉིད་སྤང་དང་ལྟ་བ་དག །སྨྲ་མཁས་ཟབ་མོའི་དོན་རྟོགས་འདི། །དམ་པའི་ཆོས་ལ་གསོལ་བ་འདེབས། །དད་པ་བསྐྱེད་ཅིང་ཚུལ་ཁྲིམས་དག །གདུང་བ་སེལ་ཞིང་ཡང་སྲིད་ཞི། །བྱང་ཆུབ་ཚོགས་རྣམས་འཕེལ་མཛད་པ། །དམ་པའི་ཆོས་ལ་གསོལ་བ་འདེབས། །རང་རྒྱུད་སྨིན་ཞིང་ཉོན་མོངས་བསྲེགས། །འཁོར་བའི་འཇིགས་པས་སྐྲག་བྱེད་ཅིང་། །ཐེ་ཚོམ་ལམ་ངན་སྤང་བྱེད་པ། །དམ་པའི་ཆོས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་དྲི་མེད་འདོད་སྲིད་ནི། །བསམ་གཏན་མངོན་ཤེས་རྣམ་ཐར་ཐོབ། །འཇིགས་ཚོགས་སྤངས་ནས་ཞི་ཐོབ་པ། །དམ་པའི་ཆོས་ལ་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སོང་ཡང་། །སྐྱོབ་བྱེད་དམ་ཆོས་ཁོ་ནར་གསུངས། །དེ་ཕྱིར་སྐྱབས་ཀྱི་དམ་པ་སྟེ། །དམ་པའི་ཆོས་ལ་གསོལ་བ་འདེབས། །དམ་ཆོས་བདུད་རྩི་འབྱུང་བའི་གནས། །ཅུང་ཟད་ཕུལ་ཀྱང་དོན་ཆེ་བ། །དྲིན་ཐོབ་བཤེས་གཉེན་འགྲོ་བའི་


CMR048_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། །དགེ་འདུན་རྣམས་ལ་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྫོགས་སངས་རྒྱས་ལ་སྐྱབས་ཞུས་ཏེ། །དམ་པའི་ཆོས་ཀྱི་ལེགས་སྐྱབས་ནས། །དགེ་འདུན་ཉིད་དུ་བྱིན་གྱིས་རློབས། །ཞེས་པ་འདི་རྒྱལ་བ་མཆོག་གི་སྤྲུལ་སྐུའི་དྲུང་ནས། ས་ལུ་འཇང་པའི་མདོ་ལེགས་པར་ཐོབ་ནས། ཕྱིས་ཆོས་ཐོབ་པའི་ཡོན་ཏན་རྗེས་སུ་དྲན་ནས་གསོལ་བ་བཏབ་པའོ།། ཅེས་པ་༧ ཀརྨ་ཨ་རཱ་གས་སོ།། གནས་བརྟན་གྱི་ཆོ་གའི་ལུང་གི་བརྒྱུད་པའི་གནས་བརྟན་གྱི་གསོལ་འདེབས་ནི། ན་མོ་ཤཱཀྱ་མུ་ན་ཡེ། གང་གིས་མཚན་མཆོག་དྲན་པས་ཀྱང་། །མནར་མེད་གནས་ནས་མྱུར་ཐར་ནས། །མངོན་མཐོའི་ངེས་ལེགས་ཐོབ་མཛད་པ། །སྐྱོན་དག་ཡོན་ཏན་ཀུན་གྱི་གཏེར། །ཤཱཀྱ་ཐུབ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཤཱ་རིའི་བུ་སོགས་ཉན་ཐོས་ནི། །མཆོག་ཆེན་བརྒྱད་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འདི་གསར་འཛུད། ཁྱོད་མཚན་ཐོས་དང་དྲན་པས་ཀྱང་། །ཚུལ་ཁྲིམས་རྣམ་དག་ཉོན་མོངས་སེལ། །ཡན་ལག་འབྱུང་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །མཐོང་དང་ཐོས་དང་དྲན་པས་


CMR048_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཡོན་ཏན་མ་ལུས་འཕེལ་མཛད་པ། །མ་ཕམ་པ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གནས་བརྟན་ཆེན་པོ་ནགས་ལ་གནས། །གནོད་པ་ཐམས་ཅད་ཞི་མཛད་པ། །འཕགས་པ་དེ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གང་ཞིག་ཁྱོད་མཚན་དྲན་པས་ཀྱང་། །འཁོར་བཟང་འདུ་ཞིང་སྤངས་རྟོགས་ཐོབ། །དུས་ལྡན་ལ་ཡང་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དོན་རྣམས་ཐམས་ཅད་འགྲུབ་མཛད་པ། །འཕགས་པའི་གནས་བརྟན་ཆེན་པོ་སྟེ། །རྡོ་རྗེ་མོའི་བུ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དོན་རྣམས་ཅི་བཞིན་རྟོགས་འགྱུར་ཞིང་། །ཏིང་ངེ་རྒྱུའཛིན་རྣམས་འགྲུབ་མཛད་པ། །གནས་བརྟན་བཟང་པོར་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆོས་རྣམས་མི་བརྗེད་གཟུངས་ཐོབ་ཅིང་། །སློབ་པ་ཕུན་སུམ་ཚོགས་མཛད་པ། །གསེར་བེའུ་དེ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གང་གིས་ཁྱེད་མཚན་ཐོས་པས་ཀྱང་། །ངན་སོང་གནས་ནས་


CMR048_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མཛད་པ། །བྷ་ར་དྷ་ཛར་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱོད་ལ་བསྟོད་ཅིང་གསོལ་བཏབ་ན། །འབྱོར་པ་ཕུན་སུམ་ཚོགས་མཛད་པ། །བ་ཀུ་ལ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆོས་རྣམས་ཀུན་གྱི་དོན་རྟོགས་ཤིང་། །ཉེས་པའི་སྐྱོན་རྣམས་ཞི་མཛད་པ། །སྒྲ་གཅན་འཛིན་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཉོན་མོངས་པ་དང་སྡུག་བསྔལ་ཀུན། །མ་ལུས་ཀུན་ནས་ཞི་མཛད་པ། །ལམ་ཕྲན་བསྟན་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གང་གིས་མཐོང་ཐོས་དྲན་རེག་པས། །སྡུག་བསྔལ་ཐམས་ཅད་ཞི་མཛད་པ། །བསོད་སྙོམས་ལེན་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆོས་ཀྱིས་སྤོབས་པ་བསྐྱེད་མཛད་ཅིང་། །བློ་གྲོས་རབ་ཏུ་འཕེལ་མཛད་པ། །ལམ་བསྟན་ལ་ཡང་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སྡུག་བསྔལ་མ་ལུས་རབ་ཞི་ཞིང་། །འདོད་དགུ་ཡིད་བཞིན་འགྲུབ་མཛད་པ། །ཀླུ་ཡི་སྡེ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་


CMR048_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །རིག་པའི་གནས་ལྔ་མ་ལུས་པ། །མཁས་པའི་མཁྱེན་པ་སྩོལ་མཛད་པ། །སྦེད་བྱེད་དེ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དོན་རྣམས་ཅི་བཞིན་རབ་འགྲུབ་ཅིང་། །སྡིག་ཞི་བདེ་ལེགས་འབྱུང་བ་པོ། །མི་ཕྱེད་པ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱེད་ལ་གུས་ཤིང་གསོལ་བཏབ་པས། །གདུལ་བྱ་སྨིན་གྲོལ་འབྱུང་མཛད་པ། །དྷརྨ་ཏ་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཕྱོགས་བཞིའི་དགྲ་རྣམས་ཞི་བ་དང་། །ལོངས་སྤྱོད་ཕུན་སུམ་ཚོགས་མཛད་པ། །རྒྱལ་ཆེན་བཞི་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སྟོན་པ་གནས་བརྟན་བཅུ་དྲུག་དང་། །གནས་བརྟན་རྣམས་ཀྱི་འཁོར་གྱུར་པ། །དགྲ་བཅོམ་ཁྲི་དང་དྲུག་སྟོང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྱིར་དུ་ཐུབ་བསྟན་རྒྱས་པ་དང་། །སྒོས་སུ་བདག་ཅག་འཁོར་སློབ་བཅས། །ཚུལ་ཁྲིམས་ཉམས་པ་མེད་པ་ནས། །དར་ཞིང་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་མཁན་པོ་༧ རྗེ་རྒྱལ་བ་ཐམས་ཅད་མཁྱེན་པ་དྲུག་པའི་ཞལ་སྔ་ནས་ཉིད་ཀྱིས་


CMR048_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་བའི་གནས་བརྟན་ཆོ་ག་རྒྱས་པ་ལོ་རྒྱུས་སྒྲུབ་ཐབས་དང་བཅས་པ། སྡེབ་མ་མདའ་ཚད་མའི་སྡེབ་མ་བདུན་ཅུ་ཙམ་ཡོད་པ་ཅིག་ཐོབ་ཅིང་། སྔོན་དགོན་པ་གཅིག་དམག་གིས་བསྐོར་བ་ལས། ཆུ་ཆད་ནས་གནས་ཆོག་བྱས་པས། བཙུན་པ་ངོ་མི་ཤེས་པ་བྱུང་ནས་འདི་རྐོས་དང་ཆུ་ཡོད་ཟེར་ནས་བསྐོས་པས་ཆུ་བྱུང་སྟེ། དམག་གི་འཇིགས་པ་ལས་ཐར་བའི་ལོ་རྒྱུས་མང་པོ་དང་། དོན་འགྲུབ་པར་འདོད་ན་རྡོ་རྗེ་མོའི་བུ་མཚན་ཐོག་མར་བྱ། དེས་འགྲེལ་གནས་བརྟན་བཅུ་དྲུག་ལ་ལས་ཚོགས་བཅུ་དྲུག །ད་ལྟ་ཡན་ལག་འབྱུང་ཐོག་མར་བྱེད་པ་ནི། ཚུལ་ཁྲིམས་གཙང་བའི་ཆེད་དུ་ཡིན་སོགས་གསུངས་ཤིང་རང་གིས་ཡང་ཆོ་ག་དེ་ཀུན་ཆུབ་པར་བྱས་ནས་ལོ་ཁ་ཡར་བཏོན་ཅིང་། ཕྱིས་སུ་ཡོན་ཏན་དེ་དག་དྲན་ནས་གསོལ་བ་བཏབ་པའོ། །རཱ་ག་ཨ་སྱས་སོ།། ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་དང་པོ་དང་གཉིས་པའི་བརྒྱུད་རིམ་གསོལ་འདེབས་ནི། ན་མོ་ཤཱཀྱ་མུ་ན་ཡེ། ཆོས་རྣམས་ཐམས་ཅད་རྟེན་འབྱུང་དུ། །ངེས་ཞེས་བདེན་པ་བཞི་པོ་ཡིས། །འཁོར་ལོ་རབ་ཏུ་བསྐོར་མཛད་པ། །ཐུབ་དབང་དེ་ལ་གསོལ་བ་འདེབས། །མ་རིག་པ་ལས་འདུ་བྱེད་འབྱུང་། །དེ་བཞིན་རྒ་ཤི་མྱ་ངན་བར། །ལུགས་འབྱུང་སྲིད་པའི་འཁོར་ལོ་ཞེས། །སྟོན་མཛད་དེ་ལ་གསོལ་བ་འདེབས། །མ་རིག་འགགས་པས་འདུ་བྱེད་འགགས། །དེ་བཞིན་རྒ་ཤིའི་


CMR048_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགགས་ཞེས། །ཐར་པའི་འཁོར་ལོ་སྟོན་མཛད་པ། །བཅོམ་ལྡན་དེ་ལ་གསོལ་བ་འདེབས། །སྡུག་བསྔལ་ཤེས་ཤིང་ཀུན་འབྱུང་སྤོང་། །འགོགས་པ་སྟོན་དང་ལམ་མངོན་བྱ། །ཞེས་གསུངས་བདེན་པ་བཞི་སྟོན་པ། །ཐུབ་ཆེན་དེ་ལ་གསོལ་བ་འདེབས། །གང་གིས་བློ་གྲོས་བུམ་པ་ཆེ། །ལུང་དང་རིག་པའི་ཆུས་བཀང་ནས། །གདུལ་བྱའི་དྲི་མ་སེལ་མཛད་པ། །ལོ་པཎ་རྣམས་ལ་གསོལ་བ་འདེབས། །གང་གིས་མཁྱེན་བརྩེའི་ཚ་གཟེར་གྱིས། །ཐུབ་བསྟན་པད་མོ་འབྱེད་མཛད་ཅིང་། །གདུལ་བྱའི་བློ་། མུན་སེལ་མཛད་པ། །འཇམ་དབྱངས་བླ་མར་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བྱིན་རླབས་ཀྱིས། །ལུགས་འབྱུང་སྲིད་པའི་འཁོར་ལོ་ལ། །སྐྱོ་བ་སྐྱེ་བར་བྱིན་གྱིས་རློབས། །ལུག་ལྡོག་ཐར་པའི་འཁོར་ལོ་ལ། །མོས་པ་སྐྱེ་བར་བྱིན་གྱིས་རློབས། །འཁོར་བ་སྡུག་བསྔལ་བདེན་པ་ལ། །ཞེན་པ་ལོག་པར་བྱིན་གྱིས་རློབས། །ཉོན་མོངས་ཀུན་འབྱུང་བདེན་པ་ལ། །གཉེན་པོ་བརྟེན་པར་བྱིན་གྱིས་རློབས། །བསམ་གཏན་འགོག་པའི་བདེན་པ་ལ། །བརྩོན་འགྲུས་བསྐྱེད་པར་བྱིན་གྱིས་རློབས། །འབྲས་བུ་ལམ་གྱི་


CMR048_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ཉིད། །མངོན་དུ་བྱེད་པར་བྱིན་གྱིས་རློབས། །ཞེས་པ་འདི་མཁན་པོ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། རྟེན་ཅིང་འགྲེལ་བར་འབྱུང་བ་དང་པོ་དང་གཉིས་པའི་མདོ་ལེགས་པར་ཐོབ་པའི་བཀའ་དྲིན་དྲན་ནས། རཱ་ག་ཨ་སྱས་གསོལ་བ་བཏབ་པའོ།། ཕ༈ སེང་ཧ་མུ་ཁའི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་བཛྲ་ཌཱ་ཀི་སོ་ཧ་མུ་ཁ་ཡེ། །སྔོན་ཚེ་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མས། །ཤ་ཟ་མཁའ་འགྲོ་སྡེ་བརྒྱད་འདུལ་བའི་ཕྱིར། །ཐུགས་བསྐྱེད་སྨོན་ལམ་དམོད་པ་བོར་བའི་མོད། །སེང་གེའི་གདོང་མར་གྱུར་ལ་གསོལ་བ་འདེབས། །དྲེགས་པ་དབང་བསྡུས་སྲོག་གི་སྙིང་པོ་བླངས། །རི་རབ་སོ་གཉིས་རྡུལ་མཉམ་མཁའ་འགྲོ་ཡི། །སྲོག་སྙིང་བསྡུས་ནས་ཡིག་འབྲུ་བཅུ་བཞི་པོ། །ཉིད་ཀྱི་ཐུགས་ཀར་བཀོད་དེར་གསོལ་བ་འདེབས། །ཀྱེ་ཡི་རྡོ་རྗེ་གོའུ་རིའི་ལེའུར་གྲགས། །དུས་ཀྱི་འཁོར་ལོའི་རྡོ་རྗེའི་ལུས་སྲུང་དང་། །སྒེལ་རྒྱུད་དྲག་མོ་ཐོག་གི་རྒྱུད་ཅེས་གྲགས། །རྩོད་མེད་རྒྱུད་མཆོག་མངའ་དེར་གསོལ་བ་འདེབས། །རྫུ་འཕྲུལ་སྟོབས་ཀྱིས་ཨོ་རྒྱན་གནས་སུ་བྱོན། །ཀྱེ་རྡོར་འབུམ་ཕྲག་སུམ་ཅུའི་བཅུད་བསྡུས་ནས། །མཁའ་འགྲོའི་སྒྲུབ་ཐབས་མི་ཡུལ་སྣང་མཛད་པ། །དཔལ་


CMR048_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །བདུད་འདུལ་མཁའ་འགྲོས་ཆོས་ཀྱི་སྒྲོམ་ཕུལ་ནས། །དྲག་མོའི་རྒྱུད་མཆོག་ཐུགས་སུ་ཆུད་པའི་མཐུས། །མུ་སྟེགས་ལྔ་བརྒྱ་ཐོག་གིས་བསྒྲལ་མཛད་པ། །པད་འབྱུང་འཆི་བ་མེད་དེར་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོ་མངོན་སུམ་ཞལ་མཐོང་ནས། །སྒྲོམ་བུ་དགུ་བསྐོར་གཏེར་ཁ་གཏད་པའི་མཐུས། །མུ་སྟེགས་སྐལ་ལྡན་རྒྱལ་པོ་བསྒྲལ་མཛད་པ། །བ་རི་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །ཡེ་ཤེས་ཌཱཀྐིས་དུས་གསུམ་བྱིན་གྱིས་བརླབས། །བཻ་རོའི་།སྦས་པའི་རྡོ་རྗེ་མཁའ་འགྲོ་ཡི། །སྒྲུབ་སྐོར་གཏེར་ནས་ཕྱུངས་ཏེ་སྤེལ་མཛད་པ། །དུས་གསུམ་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །ཟམ་བུ་ལུང་དང་མཁའ་འགྲོའི་གསང་ཕུག་ཏུ། །ལོ་གསུམ་བར་དུ་ཡེངས་མེད་སྒྲུབ་པའི་མཐུས། །མཛེས་གསལ་ཞལ་གཟིགས་འཇའ་ལུས་ཆོས་སྐུ་ཐོབ། །སངས་རྒྱས་མགོན་པོའི་ཞབས་ལ་གསོལ་བ་འདེབས། །དབང་གིས་རབ་སྨིན་རྒྱུད་གཞུང་གདམས་པ་རྟོགས། །བསྙེན་ཅིང་བསྒྲུབས་པས་དྲོད་རྟགས་མངོན་དུ་ཕྱུངས། །སྣོད་ལྡན་བུ་ལ་གདམས་ངག་རྗེས་སུ་བསྟན། །བརྒྱུད་པའི་བླ་མ་


CMR048_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གསོལ་བ་འདེབས། །གདོད་ནས་མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་གཙོ། །བརྟན་གཡོའི་བདག་པོ་དཔལ་ལྡན་ཧེ་རུ་ཀ །ཁྲག་འཐུང་རྒྱལ་པོ་དྷརྨེ་ཤྭ་རེ་ཞེས། །རྡོ་རྗེ་སློབ་དཔོན་དེ་ལ་གསོལ་བ་འདེབས། །རི་རབ་སུམ་ཅུ་གཉིས་དང་རྡུལ་ཕྲན་དང་། །གྲངས་མཉམ་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྲུང་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དཀར་མོའི་ཏིང་འཛིན་འབྲུ་བརྒྱད་གསང་སྔགས་ཀྱི། །སྒྲུབ་པའི་བར་ཆད་བསྲུང་བར་བྱིན་གྱིས་རློབས། །ནག་མོའི་ཏིང་འཛིན་བཅུ་ཡི་གསང་སྔགས་ཀྱིས། །ལུས་སྲོག་བར་ཆད་བཟློག་པར་བྱིན་གྱིས་རློབས། །ཨེ་ཡིག་ཏིང་འཛིན་བཅུ་ཡི་བསད་སྔགས་ཀྱིས། །རྒྱལ་བའི་བསྟན་པ་བསྲུང་བར་བྱིན་གྱིས་རློབས། །རྩ་གསུམ་འཁོར་ལོ་བཞི་ཡི་ཏིང་འཛིན་གྱིས། །སྲོག་རྩོལ་བརྟན་པ་ཐོབ་པར་བྱིན་གྱིས་རློབས། །ལྟེ་དབུས་ཌཱཀྐི་དམར་མོའི་ཏིང་འཛིན་གྱིས་།ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །སྤྱི་བོའི་ཌཱཀྐི་དཀར་མོའི་ཏིང་འཛིན་གྱིས། །སེམས་ལ་བདེ་སྟོང་འཆར་བར་བྱིན་གྱིས་རློབས། །འཆི་ཚེ་མཁའ་འགྲོ་


CMR048_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རབ་བསུས་ནས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་དཔལ་ཧེ་རུ་ཀ་དང་ཐ་མི་དད་པ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས། སེང་གདོང་མའི་ཟློག་པའི་་ལུང་ལེགས་པར་ཐོབ་པའི་བཀའ་དྲིན་དྲན་ནས་བཀའ་བབས་ཀྱི་བླ་མ་རྣམས་ལ་གསོལ་བ་བཏབ་པའོ། །ཨ་རཱ་གས་སོ།། ༈ ཟབ་མོ་ནང་དོན་གྱི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་གུ་རུ་སཏཱ་སོ་ཡཾ་བྷ་བཛྲ་ཡེ། རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་གཙོ། །སྣང་སྲིད་ཀུན་གྱི་བྱེད་པ་པོ། །ཆོས་རྣམས་ཀུན་གྱི་བདག་ཉིད་དེ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །གསང་བ་གསུམ་གྱི་མཛོད་འཛིན་ཅིང་། །རྒྱུད་ཀུན་སྡུག་ཅིང་སྤེལ་མཛད་པ། །སེམས་དཔའ་མཁས་གྲུབ་ལོ་པཎ་དང་། །བརྒྱུད་པའི་བླ་མར་གསོལ་བ་འདེབས། །ཁྱད་པར་མཁས་རྒྱུ་མཆོག་འཛམ་གླིང་རྒྱན། །རྒྱུད་ཀུན་ཇི་བཞིན་དོན་གཟིགས་ནས། །བསྟན་ཆོས་ནང་དོན་རྩོམ་མཛད་པ། །རང་བྱུང་རྗེ་ལ་གསོལ་བ་འདེབས། །རིགས་ཀུན་བདག་མེད་རྡོ་རྗེ་འཆང་། །པདྨ་གར་དབང་རྟ་མཆོག་རྒྱལ། །འཇིག་རྟེན་དབང་ཕྱུག་དབྱེར་མེད་སྐུ། །ཞྭ་དམར་རྗེ་ལ་གསོལ་བ་འདེབས། །ཀྱེ་རྡོར་བདུད་རྩི་ཐོད་པ་སོགས། །ཁྱོད་ཀྱི་ནང་


CMR048_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུས་པར་གསུངས། །དེ་ཕྱིར་རྒྱུད་ཀྱི་རྒྱལ་པོ་སྟེ། །འཁོར་ལོ་སྡོམ་ལ་གསོལ་བ་འདེབས། །དམར་ནག་གདོང་དྲུག་འཇིགས་བྱེད་དགྲ་ནག་སོགས། །ཁྱོད་ཀྱི་ནང་དུ་འདུས་པའི་ཕྱིར། །རྒྱུད་ཀྱི་རྒྱལ་པོ་ཡིན་པར་རྟོགས། །གསང་བ་འདུས་ལ་གསོལ་བ་འདེབས། །རྣལ་འབྱོར་རྒྱུད་ཀུན་དེར་འདུས་ཤིང་། །བྱ་སྤྱོད་ཁྱོད་ཀྱི་ཡན་ལག་ཕྱིར། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྟེ། །དུས་ཀྱི་འཁོར་ལོར་གསོལ་བ་འདེབས། །ཕྱག་བཞི་པ་དང་གདོང་བཞི་པ། །ཐ་བྷི་ར་དང་གྲི་ཐོད་ཅན། །ཆོས་དང་གང་ཟག་སྐྱོངས་བ་པོ། །རྒྱུད་སྲུང་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བྱིན་རླབས་ཀྱིས། །མ་དག་སེམས་ཅན་རྣམས་ཀྱི་ཁམས། །ཅུང་ཟད་དག་པ་ལམ་གྱི་སྐབས། །ཤིན་ཏུ་རྣམ་པ་དག་རྒྱལ་བའི་སྐུ། །ཀུན་ཀྱང་བདེར་གཤེགས་སྙིང་པོའི་རྩལ། །རང་སེམས་རྟོགས་པར་བྱིན་གྱིས་རློབས། །ཕྱི་རུ་འཇིག་རྟེན་ཆགས་གནས་འཇིག །ནང་དུ་མི་ལུས་སྐྱེས་གནས་འཆི། །དཀྱིལ་འཁོར་བསྐྱེད་ཅིང་གནས་པ་དང་། །བསྡུས་ཏེ་རྫོགས་པའི་རིམ་པ་དང་། །སྦྱང་གཞི་སྦྱོང་བྱེད་སྦྱངས་ཚུལ་རྣམས། །ཇི་བཞིན་རྟོགས་པར་བྱིན་གྱིས་


CMR048_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །གཉིད་ནས་ཆོས་སྐུའི་རྨི་ལམ་ནས། །ལོངས་སྐུ་སད་མ་སྤྲུལ་པའི་སྐུ། །སྙོམས་པར་འཇུག་པ་ཡེ་ཤེས་སྐུ། །སྦྱང་གཞི་སྦྱོང་བྱེད་རབ་སྦྱངས་ནས། །གནས་སྐབས་བཞི་ཡི་འཁྲུལ་པ་བསལ། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཀུན་གཞི་དཔལ་ལྡན་ཧེ་རུ་ཀ །རྩ་དང་རླུང་དང་ཐིག་ལེ་རྣམས། །དྲུག་ཅུ་རྩ་གཉིས་ལྷ་ཡི་ཚོགས། །སྦྱང་གཞི་སྦྱོང་བྱེད་རབ་སྦྱངས་ཏེ། །དེ་ཉིད་བཅུ་བཞིའི་རབ་གོམས་པས། །བདེ་མཆོག་འགྲུབ་པར་བྱིན་གྱིས་རློབས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །ཡན་ལག་ཚིགས་སོགས་བཅས་པ་རྣམས། །རིགས་ལྔ་ཡུམ་དང་སེམས་དཔའི་ཚོགས། །ཁྲོ་བོ་བཅུ་དང་བཅས་པ་ཡིས། །སྦྱང་གཞི་སྦྱོང་བྱེད་རབ་ཤེས་ནས། །གསང་འདུས་འགྲུབ་པར་བྱིན་གྱིས་རློབས། །ཕྱི་རུ་ལོ་ཟླ་ཞག་དང་དུས། །ནང་དུ་ཡིག་འབྲུ་རླུང་གི་གྲངས། །གཞན་ཏུ་རྒྱུ་སྐར་དཀྱིལ་འཁོར་ཅན། །དག་པ་དུས་འཁོར་ལྷ་ཡི་ཚོགས། །དབྱེར་མེད་སྦྱར་ཚུལ་ཤེས་བྱས་ཏེ། །དུས་འཁོར་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་ལ་རབ་བརྩོན་ནས། །ཚེ་འདི་ཉིད་ལ་རྡོ་རྗེ་འཆང་། །སྐུ་གསུང་


CMR048_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་འཁོར་ལྔ་ཡི་བདག །གེགས་མེད་མྱུར་དུ་འགྲུབ་གྱུར་ནས། །སྐལ་ལྡན་རྗེས་སུ་འཛིན་བྱེད་པ། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པ་འདི་རྗེ་རྡོ་རྗེ་འཆང་ཆོས་ཀྱི་དབང་ཕྱུག་གི་དྲུང་ནས། ཟབ་མོ་ནང་གི་དོན་ལེགས་པར་ཐོབ་ཅིང་། ཀུན་ཆུབ་པར་བྱས་ནས་རྒྱལ་བ་ཉིད་ཀྱི་ཕྱག་ཏུ་དཔེ་བསྣམས་ནས་ལེའུ་གཉིས་ཙམ་ཞིག་འཚོགས་ཆེན་དང་། གཞན་སྒར་ཆོས་སྡེ་སོགས་འདུས་པ་སྟོང་ར་ཅན་དང་ཡང་བརྒྱ་ལྷག་ཙམ་གྱི་དྲུང་དུ་བསྐྱོར་བ་དང་། སྐུ་ཟིལ་གྱིས་ཞད་པ་ཚད་མེད་པ་བྱུང་བས་དེ་དུས་སྒྲིབ་པ་མི་དག་སྙམ་པ་ཙམ་བྱུང་། འཕྲོ་ཡང་རྗེས་ནས་རྫོགས་པར་སྐྱོར་ཞིང་རང་གིས་ལོ་འགའ་ལ་ཁ་ཐོན་དུ་བྱས་ཤིང་། ཕྱིས་བསམས་པས་འདི་བདེ་དགྱེས་གསང་གསུམ་དུས་འཁོར་དང་བཅས་པའི་རྒྱུད་ཚིག་རྣམས་བསྡུས་པར་སྣང་བས། རྒྱུད་དེ་དག་ཐམས་ཅད་ཀྱང་ཐོབ་པར་དོན་གྱི་འགྱུར་བར་གདའ་སྙམ་ནས། བཀའ་དྲིན་དྲན་ནས་གསོལ་འདེབས་འདི་ཡང་། ཨ་རཱ་གས་བྱས་སོ།། ༈ བླ་མ་ལྔ་བཅུ་པ་ཡི་བརྒྱུད་རིམ་གསོལ་འདེབས་ནི། ན་མོ་གུ་རུ་ཡེ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ནས། །རྒྱལ་བ་ཀུན་གྱིས་ཕྱག་མཛད་པ། །རབ་ཏུ་བསྟོད་ཅིང་བསྔགས་མཛོད་ལ། །བླ་མ་རྣམས་ལ་གསོལ་བ་འདེབས། །བསྐལ་པ་བྱེ་བ་དུ་མ་རུ། །འབད་པར་བྱས་ཀྱང་རྙེད་དཀའ་བའི། །བྱང་ཆུབ་ཚེ་འདིར་སྩོལ་མཛད་པ། །


CMR048_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་ལ་གསོལ་བ་འདེབས། །མ་འོངས་སྙིགས་མའི་དུས་དག་ཏུ། །ང་ཉིད་སློབ་དཔོན་ཚུལ་དུ་འོང་། །དེ་ཚེ་དེ་ལ་གུས་བྱོས་ཞེས། །ལུང་བསྟན་ཐོབ་དེར་གསོལ་བ་འདེབས། །བསྐལ་པ་བྱེ་བར་སངས་རྒྱས་ནས། །ཁྱོད་མཆོད་བསོད་ནམས་འཕེལ་ཞེས་གསུངས། །ཞིང་མཆོག་དམ་པ་རྒྱལ་བའི་སྲས། །བླ་མ་རྣམས་ལ་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བླ་མ་དམ་པས་རྗེས་བཟུང་སྟེ། །འཁྲུལ་མེད་ལམ་བཟང་དེར་བསྒྲོད་ནས། །བྱང་ཆུབ་མྱུར་དུ་ཐོབ་མཛད་གསོལ། །ཅེས་པ་འདི་རྒྱལ་བ་ཐམས་ཅད་མཁྱེན་པའི་དྲུང་ནས་བླ་མ་ལྔ་བཅུ་པ་ལེགས་པར་ཐོབ་པའི་བཀའ་དྲིན་དྲན་ནས་བླ་མ་སྤྱི་ལ་གསོལ་བ་བཏབ་པའོ།། མ།ལ་སྨན་བླའི་དབང་ཆོག་གི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་བྷི་ཥ་ཛུ་མ་ཧཱ་རཱ་ཛ་ཡེ། བསོད་ནམས་ཡོན་ཏན་རྒྱ་མཚོའི་གཏེར་མངའ་ཞིང་། །བསམ་གྱིས་མི་ཁྱབ་ཐུགས་རྗེའི་བྱིན་རླབས་ཀྱིས། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་པ། །བཻཌཱུརྱ་ཡི་འོད་ལ་གསོལ་བ་འདེབས། །ཤིན་ཏུ་སེར་སྣ་དྲག་པོས་རབ་བཅིངས་པས། །ཡི་དྭགས་གནས་སུ་སྐྱེ་བའི་སྐྱེ་བོ་ཡིས། །ཁྱོད་མཚན་ཐོས་ན་


CMR048_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མིར་སྐྱེ་སྦྱིན་པར་དགའ། །བཅོམ་ལྡན་སྨན་གྱི་བླ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་འཆལ་དང་གཞན་ལ་གཤེ་བརྩོན་པས། །དམྱལ་བར་སྐྱེ་བའི་འགྲོ་བ་འདི་དག་གིས། །ཁྱོད་མཚན་ཐོས་ན་མཐོ་རིས་སྐྱེ་བར་གསུངས། །སྨན་གྱི་རྒྱལ་པོ་དེ་ལ་གསོལ་བ་འདེབས། །གང་དག་དབྱེན་དང་ཕྲ་མ་དུ་མ་ཡིས། །རབ་ཏུ་འབྱེད་ཅིང་ལུས་སྲོག་ཕྲལ་བ་དག ཁྱོད་མཚན་ཐོས་ན་དེ་དག་འཚེ་མི་ནུས། །སྨན་པའི་རྒྱལ་པོ་དེ་ལ་གསོལ་བ་འདེབས། །མཚན་ལེགས་གསེར་བཟང་དྲི་མེད་སྣང་བ་དང་། །མྱ་ངན་མེད་མཆོག་དཔལ་དང་ཆོས་བསྒྲགས་དབྱངས། །མངོན་མཁྱེན་རྒྱལ་པོ་སྒྲ་དབྱངས་རྒྱལ་པོ་དང་། །ཤཱཀྱའི་རྒྱལ་པོ་རྣམས་ལ་གསོལ་བ་འདེབས། །འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་འཛིན། །ཚངས་དབང་བརྒྱ་བྱིན་ཕྱོགས་བཞིའི་རྒྱལ་པོ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །དཀྱིལ་འཁོར་ཡོངས་སུ་རྫོགས་ལ་གསོལ་བ་འདེབས། །དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་མདོ། །སྨན་གྱི་ལྷ་ཡི་མདོ་སྡེ་ཉིད་དང་ནི། །མཁན་ཆེན་ཞི་བ་འཚོས་མཛད་གཞུང་ལ་སོགས། །དམ་ཆོས་གླེགས་བམ་ཚོགས་ལ་གསོལ་བ་


CMR048_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །བོ་དྷི་སཏྭ་ཁྲི་སྲོང་ལྡེའུ་བཙན་སོགས། །ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། །བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་དང་། །ཆོས་ཀྱི་དབང་ཕྱུག་སོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གནས་སྐབས་ནད་དང་འཇིགས་པ་སྣ་ཚོགས་ཞི། ་།འཆི་ཚེ་ངན་སོང་འཇིགས་པ་ཀུན་ཞི་ནས། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་རྗེ་སྤྲུལ་པའི་སྐུ་དྲུག་པའི་ཞལ་སྔ་ནས། དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་རྗེ་གྲགས་པ་དོན་གྲུབ་ཀྱིས་མཛད་པ་དང་། དེའི་དབང་བྱིན་རླབས་དང་བཅས་པ་ལེགས་པར་ཐོབ་པས། ཕྱིས་མཚན་ཐོས་པའི་ཕན་ཡོན་དྲན་ནས། ཨ་རཱ་གས་གསོལ་བ་བཏབ་པའོ།། ༈ ཤེས་རབ་སྙིང་པོའི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། སེང་ཁྲི་པདྨ་ཟླ་བའི་སྟེང་། །གསེར་མདོག་ས་གནོན་མཉམ་བཞག་མཛད། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །རྫོགས་སངས་རྒྱས་ལ་གསོལ་བ་འདེབས། །ཤེས་རབ་རྫུ་འཕྲུལ་ཆེ་བའི་མཆོག །ཉེ་རྒྱལ་དང་ནི་སང་ནས་སྐྱེས། །ཉོན་མོངས་གཡུལ་ལས་རབ་རྒྱལ་བའི། །ཉན་ཐོས་གཉིས་ལ་ཕྱལ་འཚལ་ལོ། །རང་གི་


CMR048_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་ཟླ་བའི་སྟེང་། །ཤེས་རབ་སྙིང་པོ་ཟབ་པའི་མདོ། །ཡིག་འབྲུ་དཀར་ཞིང་རབ་གསལ་བའི། །དམ་ཆོས་དེ་ལ་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །རྟོགས་པ་རྒྱུད་ལ་སྐྱེ་བ་དང་། །འཕེལ་ཞིང་བརྟན་པར་བྱིན་གྱིས་རློབས། །ཁྱོད་ཀྱི་མཛོད་སྤུའི་འོད་ཟེར་གྱིས། །སྣོད་བཅུད་བདག་དང་བཅས་པ་ཀུན། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །སྣང་སྟོང་རྟོགས་པར་བྱིན་གྱིས་རློབས། །ཕུང་པོ་ཁམས་དང་སྐྱེ་མཆེད་མེད། །བདེན་པ་བཞི་དང་རྟེན་འབྱུང་མེད། །སྐྱེ་འགག་འགྲོ་འོང་ཀུན་མེད་པ། །བདག་མེད་རྟོགས་པར་བྱིན་གྱིས་རློབས་། །སྔོན་ཚེ་བདུད་ཀྱི་དཔུང་གཡོས་ཚེ། །དབང་པོའི་ཡུལ་དོན་རབ་བསྒོམ་མཐུས། །ལོག་འདྲེན་དཔུང་ཆེན་བཟློག་པ་ལྟར། །རྐྱེན་ངན་བཟློག་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར་རྒྱལ་བ་མཆོག་གི་སྤྲུལ་པའི་སྐུ་དྲུག་པའི་ཞབས་དྲུང་ནས་མདོ་ཤེར་སྙིང་ལེགས་པར་ཐོབ་པས། ཕྱིས་དེའི་སྒྲུབ་ཐབས་མཐུན་པའི་གསོལ་འདེབས་འདི་༧ ཨ་རཱ་གས་སྦྱར་བའོ།། ཡ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་བབས་གསོལ་འདེབས་ནི། ན་མོ་ཨཱཿརྱ་ཏཱ་རེ་ཡེ། རྒྱུད་རྒྱལ་གསུངས་


CMR048_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཅོམ་ལྡན་ཤཱཀྱ་ཐུབ། །འདུས་པའི་འཁོར་དང་ཞུ་སྤོབས་འཇམ་པའི་དབྱངས། །མངོན་པར་འབྱུང་དང་སྣ་ཚོགས་ལས་བྱུང་རྒྱུད། །སྟོན་འཁོར་ཆོས་དང་བཅས་ལ་གསོལ་བ་འདེབས། །འཕགས་མ་ཉིད་དང་དེ་ཡིས་རྗེས་བཟུང་ནས། །འཆི་བསླུའི་བསྟན་བཅོས་མཛད་པོ་ངག་དབང་ཕྱུག །བསྟན་བཅོས་རྒྱས་པའི་ལས་མཛད་ངག་དབང་གྲགས། །དེ་སྲས་ཐུ་བོ་རྣམས་ལ་གསོལ་བ་འདེབས། །སྒྲུབ་ཐབས་བརྒྱ་རྩ་མཛད་པ་རྡོ་རྗེ་གདན། །མན་ངག་བོད་དུ་སྣང་མཛད་བ་རི་པ། །སླེ་ནག་པ་དང་སྒྲེ་པ་ཟུར་ཁ་པ། །བཀའ་བབས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །པཎ་ཆེན་གསེར་གླིང་པ་དང་ཨ་ཏི་ཤ །འབྲོམ་སྟོན་རྗེ་དང་རྒྱལ་སྲས་སྤྱན་སྔ་པ། །འཕགས་མས་དངོས་སུ་རྗེས་བཟུང་སྒྲེ་པའི་ཞབས། །ཞལ་གཟིགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །མ་འོངས་རྒྱལ་བ་བདུན་པ་ཤཱཀྱའི་སྲས། །གནས་ལྔ་མཁས་པའི་པཎ་ཆེན་དཱ་ན་ཤཱི། །བཙན་ཐང་བླ་མ་ཀ་པ་ལ་ལ་སོགས། །བྱིན་རླབས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །དྭགས་པོ་ཕག་གྲུ་རྒྱལ་བ་སྟག་ལུང་པ། །བ་ལམ་པ་དང་ཤཱཀྱ་གཞོན་ནུ་དང་། །


CMR048_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་སེང་གེ་དར་རྒྱལ་མཁའ་སྤྱོད་དབང་། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །གཞན་ཡང་གཡུང་སྟོན་རྡོ་རྗེ་དཔལ་ལ་སོགས། །དབང་གིས་རབ་སྨིན་རིམ་གཉིས་མཐར་སོན་ནས། །འཕགས་མའི་རྒྱུད་གཞུང་ཆུ་བོ་རྒྱས་མཛད་པ། །ངོ་མཚར་བརྒྱུད་པ་དྲུག་ལ་གསོལ་བ་འདེབས། །བསོད་ནམས་འབུམ་དང་བླ་མ་རྒྱལ་མཚན་དང་། །ཆོས་ཀྱི་གྲགས་པ་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་འབངས་དང་ཞྭ་ནག་དགུ་པའི་ཞབས། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །འཕགས་མ་ཡང་ཡང་ཞལ་གཟིགས་ལུང་བསྟན་ཐོབ། །གནས་ལྔ་མཁས་པའི་བྱང་ཕྱོགས་པཎྜི་ཏ། །འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚེ་དཔག་མེད་ཡུམ་བཅོམ་ལྡན་གོས་དཀར་མོ། །བསྒོམ་དང་བཟླས་པས་འཇིགས་པ་ཀུན་སྐྱོབས་ཤིང་། །ཚེ་དཔལ་ཡོན་ཏན་ཡེ་ཤེས་རྒྱས་མཛད་མ། །ཡི་དམ་འཕགས་མའི་ཞབས་ལ་གསོལ་བ་འདེབས། །འཕགས་མའི་རྗེས་འབྲངས་ནོར་འཆང་གནོད་སྦྱིན་མ། །སྤྲུལ་པའི་ལྷ་མོ་ལྕགས་སྤྱང་སྔོན་མོ་སོགས། །སྒྲོལ་མའི་རྒྱུད་གཞུང་གང་ཟག་སྲུང་མཛད་


CMR048_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཆོས་བདག་སྲུང་མའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཡིད་བཞིན་འཁོར་ལོ་གཡས་སྐོར་འོད་ཟེར་གྱིས། །ཉོན་མོངས་སྒྲིབ་གཉིས་བྱང་བར་བྱིན་གྱིས་རློབས། །ནུས་ལྡན་གསང་སྔགས་གཡོན་སྐོར་ཏིང་འཛིན་གྱིས། །ཚེ་དཔལ་ཡེ་ཤེས་འཕེལ་བར་བྱིན་གྱིས་རློབས། །འཁོར་ལོ་འོད་ཟེར་རིམ་དྲུག་ཏིང་འཛིན་གྱིས་། །འཇིགས་པ་ཀུན་ལས་སྐྱོབས་པར་བྱིན་གྱིས་རློབས། །སྣ་ཚོགས་སྔགས་དང་ཏིང་འཛིན་འཁྲུལ་འཁོར་གྱིས། །འགྲོ་བའི་རེ་་འདོད་བཀང་བར་བྱིན་གྱིས་རློབས། །ཆོས་ཀུན་སྒྱུ་མ་མེ་ལོང་གཟུགས་བརྙན་ལྟར། །རྒྱལ་ཡུམ་དགོངས་པ་རྟོགས་པར་བྱིན་གྱིས་རློབས། །འཆི་ཚེ་རྣམ་ཤེས་ཏཱཾ་ཡིག་མདའ་འཕང་བཞིན། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཁ་ཆེ་པཎྜི་ཏ་ཉི་མ་སྦས་པ་ནས་ཉེ་བར་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་འཕགས་མས་རྗེས་སུ་བཟུང་ནས་གཏམ་རྒྱུད་མཐའ་ཡས་པ་མངའ་ཞིང་སྐུ་སྐྱེ་བ་འདི་ལའང་ལན་དུ་མར་ཞལ་གཟིགས་ཤིང་ལུང་བསྟན་པ་ཐོབ་པའི་ཚུལ་བསྟན་པ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་འཕགས་མའི་སྤྲུལ་པ་རྒྱ་བཟའ་དང་ཁྲི་བཙུན་གཉིས་ཡུན་རིང་དུ་བཞུགས་པའི་གནས་ཤར་འོད་ཟེར་དམ་པའི་ཕོ་བྲང་དུ་སྒྲོལ་


CMR048_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིད་བཞིན་འཁོར་ལོའི་རྗེས་གནང་གི་རིམ་པ་ཇོ་བོ་རྗེའི་ལུགས་སུ་ཐོབ་པས་རཱ་ག་ཨ་སྱས་བརྒྱུད་རིམ་ལ་གསོལ་བ་བཏབ་པའོ།། ༈ བྱམས་ཆོས་བརྒྱུད་པའི་གསོལ་འདེབས་ནི། ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། བརྗོད་བྲལ་སྐྱེ་འགགས་མེད་པ་སྟེ། །དངོས་བྲལ་དངོས་ཀུན་བདག་ཉིད་ཅན། །འཕགས་བཞི་བསྐྱེད་བྱེད་རྒྱལ་བའི་ཡུམ། །ཕ་རོལ་ཕྱིན་ལ་གསོལ་བ་འདེབས། །སྐྱོན་རྣམས་ཀུན་བྲལ་ཡོན་ཏན་གཏེར། །མཚན་བཟང་སུམ་ཅུ་སོ་གཉིས་དང་། །དཔེ་བྱེད་བརྒྱད་ཅུས་རབ་བརྒྱན་པ། །ཐུབ་དབང་དེ་ལ་གསོལ་བ་འདེབས། །བྱེ་བ་ཕྲག་བརྒྱ་འབུམ་ཕྲག་བརྒྱ། །སྟོང་ཕྲག་བརྒྱ་དང་ཉི་ཤུ་ལྔ། །ཁྲི་པ་བརྒྱད་སྟོང་པ་ལ་སོགས། །དམ་ཆོས་རྣམས་ལ་གསོལ་བ་འདེབས། །ཤར་ཕྱོགས་འོ་མའི་རྒྱ་མཚོ་ལས། །བཅུད་བསྡུས་མངོན་རྟོགས་རྒྱན་བརྩམས་ནས། །འགྲོ་བའི་སྡུག་བསྔལ་ཞི་མཛད་པ། །མ་ཕམ་མགོན་ལ་གསོལ་བ་འདེབས། །ལྔ་བརྒྱ་སྙིགས་མའི་དུས་འདི་རུ། །མཁས་གྲུབ་པཎ་ཆེན་ཚུལ་བཟུང་ནས། །བྱམས་ཆེན་བཞད་པ་གསལ་མཛད་པ། །ཞྭ་དམར་འཆང་ལ་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །དོན་ནི་རྣམ་པ་བདུན་ཅུ་དང་། །


CMR048_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་བརྒྱད་ཀྱི་དོན་རྟོགས་ནས། །ཡུམ་དོན་མངོན་དུ་གྱུར་ནས་ཀྱང་། །བྱམས་བཞད་བསྐང་བར་བྱིན་གྱིས་རློབས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །ཤོ་ལོ་འབུམ་ཕྲག་བློར་ཆུད་ནས། །མདོ་སྡེ་འཛིན་པར་བདག་གྱུར་ཏེ། །རྒྱལ་བསྟན་གསལ་བར་བྱིན་གྱིས་རློབས། །གཞི་ཤེས་ལམ་ཤེས་རྣམ་མཁྱེན་དང་། །འབྲས་བུ་ཆོས་སྐུའི་དོན་རིག་ནས། །བྱམས་པའི་བཞེད་པ་བདག་བསྐངས་ནས། །བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །ས་གསེར་ཟླ་བ་མེ་ལ་སོགས། །སེམས་བསྐྱེད་ཉི་ཤུ་རྩ་གཉིས་པོ། །རིམ་བཞིན་བདག་ལ་ལེགས་སྐྱེས་ནས། །རྣམ་མཁྱེན་ཐོབ་པར་བྱིན་གྱིས་རློབས། །ཚངས་པ་ལྷ་ཡི་རྔ་བོ་ཆེ། །ནོར་བུ་དཔག་བསམ་ཤིང་བཞིན་དུ། །འབད་རྩོལ་མེད་པར་འགྲོ་བའི་དོན། །བདག་གིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་བྱམས་པ་ཉིད་ཀྱི་སྤྲུལ་པ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས། བྱམས་ཆོས་ལྔ་དང་ཁྱད་པར་མངོན་པར་རྟོགས་པའི་རྒྱན་ལེགས་པར་ཐོབ་སྟེ་རང་གིས་ཡང་བཟུང་ནས་ཚོགས་ལ་ཡང་བསྐྱོར་བ་དང་། ལོ་ཁ་ཡར་ལ་ཁ་ཐོན་བྱས་ཤིང་འབྲུ་སྦྱོར་དང་ཁྱབ་པ་ཡང་འགའ་རེ་བསླབ་ཅིང་ཕྱིས་བསམ་པ་ལ། རྗེ་ཉིད་བསྙུངས་ནས་སྐུ་རིམ་མང་ཇ་སྤྱི་སྒེར་མང་དུ་བྱུང་དུས་ང་


CMR048_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རིམ་གྲོ་བསམས་ནས་མངོན་རྟོགས་རྒྱན་ཁོ་ན་ཐོན་གསུངས་པ་དང་། རྒྱབ་རི་རིགས་གསུམ་མགོན་པོའི་རྩེར་བྱམས་པའི་ལྷ་ཁང་དང་བྱམས་ཆོས་འདོན་མཁན་བཞི་རེ་ཐ་ནའང་མ་ཆད་དགོས་པའི་ཞལ་བཀོད་མཛད་པའི་སྟབས་ཀྱིས། གྲྭ་ཚང་ན་བྱམས་ཆོས་སྡེ་ལྔ་པ་མང་དུ་བྱུང་བ་དང་། དགེ་རྩ་དང་རིམ་གྲོ་སོགས་ལ་བྱམས་ཆོས་པ་ཟུར་དུ་ཚོགས་པའི་སྲོལ་ཆེན་པོ་བྱུང་སོང་བ་དྲན་ནས། ༧ རཱ་ག་ཨ་སྱས་ཕྱིས་གསོལ་བ་བཏབ་པའོ།། ༈ བློ་སྦྱོང་དོན་བདུན་མའི་ཁྲིད་ཀྱི་བརྒྱུད་པའི་གསོལ་འདེབས་ནི། ཤཱཀ་ཐུབ་བྱམས་པ་ཐོགས་མེད་ཞི་བ་ལྷ། །གསེར་གླིང་པ་དང་ཇོ་བོ་མར་མེ་མཛད། །འབྲོམ་སྟོན་སྤྱན་སྔ་བ་དང་རྒྱ་སྒོམ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དྭགས་པོ་དུས་མཁྱེན་རས་ཆེན་སྤོམ་བྲག་པ། །ཀརྨ་པ་དང་རང་བྱུང་རྒྱལ་བ་གཡུང་། །རོལ་པའི་རྡོ་རྗེ་མཁའ་སྤྱོད་དེ་བཞིན་གཤེགས། །རིན་ཆེན་བཟང་པོ་དོན་ལྡན་འཇམ་དཔལ་བཟང་། །ཆོས་གྲགས་རྒྱ་མཚོ་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་ཡན་ལག་མི་ཕམ་ཆོས་དབང་ཕྱུག །གྲངས་མེད་བསྐལ་པའི་སྔོན་ནས་བྱང་ཆུབ་ཀྱང་། །འགྲོ་བའི་དོན་དུ་སླར་ཡང་སེམས་བསྐྱེད་ནས། །མ་དག་གདུལ་བྱའི་སྣང་ངོར་སེམས་དཔའི་ཚུལ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་


CMR048_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །སྐྱབས་གནས་ཐུབ་པ་ཡི་དམ་སྤྱན་རས་གཟིགས། །འཇིགས་པ་ཀུན་ལས་སྒྲོལ་མཛད་རྗེ་བཙུན་མ། །བར་ཆད་བདུད་དཔུང་ཟློག་བྱེད་མི་གཡོ་བ། །བཀའ་གདམས་ལྷ་བཞིར་གྲགས་ལ་གསོལ་བ་འདེབས། །བསྟན་པ་སྲུང་མཛད་ཏྲག་ཤད་བྲག་ལྷ་མགོན། །ཀླུ་ཆེན་བཞི་དང་བརྟན་མ་བཅུ་གཉིས་སོགས། །བཀའ་བབས་ཆོས་དང་བརྒྱུད་འཛིན་སྐྱོངས་བ་སོགས། །ཆོས་བདག་སྲུང་མའི་ཚོགས་ལ་གསོལ་བ་འདེབས། །གསེར་གླིང་བླ་མའི་ཐུགས་བཅུད་བདུད་རྩིའི་རྒྱུན། །རྒྱལ་བའི་ཉེ་རྒྱུ་བྱང་ཆུབ་སེམས་གཉིས་ཞེས། །མི་ཉིད་རྒྱལ་སྲས་བྱེད་པའི་གསེར་འགྱུར་རྩི། །བློ་སྦྱོང་དམ་ཆོས་དེ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཆོས་ཀུན་རྨི་ལམ་ལྟ་བུར་རྟོགས་བྱས་ནས། །རང་རིག་མངོན་དུ་རྟོགས་པར་བྱིན་གྱིས་རློབས། །བདག་གིས་གཞན་ཚིམས་གཞན་སྡིག་བདག་སྨིན་པའི། །གཏོང་ལེན་དམིགས་པ་འབྱོངས་བར་བྱིན་གྱིས་རློབས། །སྣོད་བཅུད་མི་སྲུན་སྡིག་པས་གང་བའི་ཚེ། །ལེ་ལེན་རང་ལ་བདའ་བར་བྱིན་གྱིས་རློབས། །གཞན་ཕྱོགས་སྐྱོན་ལ་ནམ་ཡང་མི་བསམ་


CMR048_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །ཀུན་ལ་བཤེས་གཉེན་ལྟ་བར་བྱིན་གྱིས་རློབས། །འགྱུར་ལྡོག་ངན་ཤག་འཕང་རྒྱུག་རབ་སྤངས་ནས། །ཡེངས་སྐྱ་ཐུབ་པར་འབྱོངས་པར་བྱིན་གྱིས་རློབས། །བདག་ནི་འཆི་ཚེ་བྱང་སེམས་མི་འབྲལ་ཞིང་། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །འགྲོ་བའི་དོན་ཕྱིར་རྒྱལ་བ་ཆོས་ཉན་ཏེ། །ས་བཅུ་མྱུར་དུ་བསྒྲོད་པར་བྱིན་གྱིས་རློབས། །གྲངས་མེད་སྤྲུལ་ནས་གྲངས་མེད་རྒྱལ་བ་ལ། །མཆོད་ཅིང་དམ་ཆོས་ཐོབ་པར་བྱིན་གྱིས་རློབས། །མཐའ་ཡས་སྤྲུལ་པས་མཐའ་ཡས་འགྲོ་བ་རྣམས། །བྱང་ཆུབ་ལམ་ལ་བཀོད་པར་བྱིན་གྱིས་རློབས། །མདོར་ན་བླ་མ་སྤྱན་རས་གཟིགས་དབང་གིས། །ཕྲིན་ལས་བསྒྲུབ་པའི་ཐུ་བོར་བྱིན་གྱིས་རློབས། །ཞེས་པ་འདི་ནི་ཤར་འོད་ཟེར་དམ་པའི་ཕོ་བྲང་གི་ཆོས་རའི་སྟེང་དུ་བློ་སྦྱོང་དོན་བདུན་མའི་ཁྲིད། ཇོ་བོ་ཆེན་པོ་གསེར་གླིང་པའི་ལུགས། ཇོ་བོ་ཨ་ཏི་ཤ་ཡི་ཐུགས་དམ་ཡི་དོན་རེ་རེ་ལ་ཉིན་རེ་མཛད་པས་ཕྱེད་ཙམ་འགྲུབ་ནས་གསུང་འཕྲོ་དེ་བཞག་ནས། སྒར་ཆེན་གཙང་ཕྱོགས་སུ་བཏེགས་པས་དེ་ཕྱིན་ཆད་སྐུ་སྐྱེ་བ་དེ་ལ་ཟ་དམ་དུ་མ་ཕེབ་ཅིང་། ཕྱིས་གཙང་ཕྱོགས་སུ་ཡང་ཆོས་དེ་ཡི་འཕྲོ་མ་གནང་སྟེ། ཕྱིས་བསམ་པ་ཟ་དམ་གྱི་གནས་དེར་མཛད་པས་ཕྲིན་ལས་ཀྱི་ཁྱད་ཙམ་ཞིག །སྐུ་སྐྱེ་བ་ཕྱི་མས་མཛད་དགོས་པའི་བརྡའམ་རྟེན་འབྲེལ་དུ་སྣང་


CMR048_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཉིད་ཀྱིས་བཀོད་ཡིག་ལྟར་ནའང་གཙུག་ལག་ཁང་ཕྱེད་ཙམ་ལས་ད་ལྟ་མ་འགྲུབ་པ་དང་། སྟག་ཚང་རོང་གི་རྟོགས་ལྡན་རྩ་རླུང་ལ་རང་དབང་ཐོབ་པ་ཞིག་གིས། རི་བོ་རྩེ་ལྔ་ནས་ཟངས་ཀྱི་གའུ་ཤོག་སེར་གྱིས་གང་བ་ཞིག་གཏེར་ནས་བཏོན་ཏེ། རྒྱལ་བའི་དབང་པོ་དགུ་པ་ལ་ཕུལ་བའི་ནང་ན་ཟ་དམ་གྱི་བཀོད་པ་དང་དགེ་འདུན་གྱི་ཁ་གྲངས་ལ་སོགས་གསལ་བར་ལུང་བསྟན་ཡོད་པར་སྣང་སྟེ། དེ་ལྟར་ན་ཟ་དམ་གོང་འོག་གཉིས་ལ་༧ ཞྭ་དམར་བདུན་པ་དང་བརྒྱད་པས་དགོན་རེ་རེ་བསྒྲིགས། ཚོགས་པ་སྟོང་ར་ཅན་ཚོགས་བོད་ཀྱི་རབ་འབྱམས་ཀྱི་གྲྭ་སྐོར་དེར་བྱེད་པ་འོང་ངོ་སྣང་སྐད། གྲུབ་ཐོབ་དེ་དངོས་དང་གྲ་རྒན་འགའ་རེས་མཇལ་བར་གོས་སྐུ་བཞེངས་ན་ཐོག་མར་བཤམས་དུས་དགུན་ལ་འབྲུག་ཆེན་གྲགས་ཟེར་བ་ཡོད་ཨེ་བྱུང་གསུངས་དེ་བྱུང་སྐད། ལྷོ་ཕྱོགས་རྒྱ་བལ་ལྟ་བུའི་གྲོང་ཁྱེར་དང་ཚོང་དུས་ཆེན་པོ་ཡང་འབྱུང་བ་དང་། བྲག་ཅིག་གི་མཐའ་དེར་མཚོ་ཡིས་བསྐོར་བར་གཏེར་ཡིག་དེར་ཡོད་སྐད། རྗེ་ཉིད་ཀྱི་ཞལ་ནས་བྲག་འདི་རྣམ་སྲས་དམར་པོའི་ཕོ་བྲང་དུ་སྣང་བས་ལོངས་སྤྱོད་ཆེན་པོ་འོང་ཞེས་དང་། ལུང་བསྟན་མགུར་བཞེངས་པ་ལས། གོས་དར་ཟབ་གྱོན་ཀྱང་རྩུབ་རྩུབ་འདྲ། །ཟས་བུར་སྦྲང་ཟོས་ཀྱང་ཁ་ཁ་འདྲ། །ཞེས་ལོངས་སྤྱོད་ཆེན་པོ་ལུང་བསྟན་པས། དེ་རྣམས་སླད་ནས་འབྱུང་བར་སྣང་ངོ་། །དེ་ལྟར་བློ་སྦྱོང་དོན་བདུན་མའི་ཁྲིད་ཕྱེད་ཙམ་ཐོབ་པའི་བརྒྱུད་རིམ་ལ་ཕྱིས་གསོལ་བ་བཏབ་པ་སྟེ། ༧སླར་ཡང་སྤྲུལ་སྐུ་བདུན་པས་བཀའ་ཆོས་ཀྱི་འཕྲོ་སྐྱོངས་བར་གྱུར་ཅིག །ཅེས་


CMR048_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་རྣམས་༧ ཀརྨ་ཨ་རཱ་གས་བྲིས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྗེ་ཞྭ་དམར་ཅོད་པན་འཆང་བ་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེའི་ཞབས་དྲུང་ནས། རང་གི་དབང་ལུང་གི་བཀའ་དྲིན་ལེགས་པར་ཐོབ་པའི་བླ་མ་བརྒྱུད་པ་རྣམས་ཀྱི་གསོལ་འདེབས་ཀྱི་རིམ་པ་མང་དག་གཅིགnext