Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསོལ་འདེབས།
   
   
   
   
   
   
   
   


 
previousསྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསོལ་འདེབས།next

སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསོལ་འདེབས།


CMR048_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསོལ་འདེབས་ནི།


CMR048_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། བཅོམ་ལྡན་ཤཱཀ་ཐུབ་མྱ་ངན་འདས་པའི་ཚེ། །སྤྱན་རས་གཟིགས་ཀྱིས་བཞུགས་པར་གསོལ་བཏབ་པས། །གདུལ་བྱ་རྫོགས་ཕྱིར་མྱ་ངན་འདས་གསུངས་ཚེ། །ད་དུང་བོད་ཡུལ་ཞབས་ཀྱིས་མ་བཅགས་པས། །དེ་ཕྱིར་མྱ་ངན་མི་འདའ་བཞུགས་གསོལ་པས། །དེ་ནི་ཁྱོད་ཀྱི་གདུལ་བྱ་ཡིན་ནོ་གསུངས། །བོད་ཀྱི་འདུལ་སྐལ་དེ་ལ་གསོལ་བ་འདེབས། །དེ་དོན་འོད་དཔག་མེད་ལ་ཞུས་པ་ཡིས། །བོད་ཀྱི་སེམས་ཅན་ཁྱོད་ཀྱི་སྨིན་གྱིས་ལ། །ང་ཡི་དྲུང་དུ་ཁྲིད་ལ་ཤོག་ཅིག་གསུངས། །བོད་ཁམས་འདྲེན་མཛད་དེ་ལ་གསོལ་བ་


CMR048_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །འཇམ་དཔལ་རྩ་བའི་རྒྱུད་ལས་བཅོམ་ལྡན་གྱི། །བྱང་ཕྱོགས་ལྷ་ལྡན་ཞེས་བྱའི་ཡུལ་དུ་ནི། །རྒྱལ་པོ་མི་ཡི་ལྷ་ཞེས་བྱ་བ་འབྱུང་། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱེད་འགྱུར་གསུངས། །རྒྱལ་བས་ལུང་བསྟན་དེ་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོ་བོད་ཀྱི་རྒྱལ་པོར་སྤྲུལ། །ལྷམ་ཞུགས་བལྟམས་ཚེ་འཇའ་འོད་མེ་ཏོག་ཆར། །དབུ་ལ་ཨ་མི་དྷེ་ཝའི་ཞལ་མངའ་བས། །ལྭ་བ་དམར་པོས་དཀྲིས་པས་ལ་ཐོད་བྱུང་། །དབུ་གཉིས་མངའ་བ་དེ་ལ་གསོལ་བ་འདེབས། །བློན་པོ་ཐོན་མི་རྒྱ་གར་ཡུལ་དུ་བཏང་། །རྒྱ་ཡིག་ལྔ་བཅུ་བོད་


CMR048_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་སུམ་ཅུར་བསྒྱུར། །བཟོ་རྩིས་སྨན་དང་གཏམ་རྒྱུད་མང་པོ་ཡི། །བོད་ཡུལ་རྨོང་པ་སེལ་ལ་གསོལ་བ་འདེབས། །སྒྲོལ་མ་དཀར་སྔོན་སྤྲུལ་པའི་བཙུན་མོ་གཉིས། །ཇོ་བོ་རྣམ་གཉིས་བོད་དུ་གདན་དྲངས་ནས། །བསྟན་པའི་སྲོལ་བསྟོད་མཛད་ལ་གསོལ་བ་འདེབས། །ར་ས་འཕྲུལ་སྣང་རྒྱལ་སྟག་ར་མོ་ཆེ། །ཡེར་པ་ལ་སོག་གཙུག་ལག་བརྒྱ་རྩ་བཞེངས། །འགྲོ་བའི་སྒྲིབ་སྦྱོང་མཛད་ལ་གསོལ་བ་འདེབས། །བལ་པོ་ཤྲཱི་ལ་མཉྫ་སྤྱན་དྲངས་ནས། །ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་བསྒྱུར། །སྤྱན་རས་གཟིགས་རྒྱུདབང་དངོས་ལ་ཆོས་གསན་ནས། །བློན་འབངས་ཐམས་ཅད་སྨིན་གྲོལ་ལམ་ལ་བཀོད། །མུན་སེལ་སྒྲོན་མེ་དེ་ལ་གསོལ་བ་འདེབས། །སྤྲུལ་པའི་དགེ་སློང་རྒྱ་གར་ཡུལ་དུ་བཏང་། །ཙནྡན་ཇོ་བོ་སྒྲོལ་མ་རང་བྱོན་སོགས། །སྟོན་མཆོག་གདན་འདྲེན་མཛད་དེ་གསོལ་བ་འདེབས། །ལི་ཡི་ཡུལ་དུ་བཙུན་པ་གཉིས་ལ་ནི། །འཕགས་པ་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་ནས། །མཇལ་ཚེ་དབུ་ཡི་ཨ་མི་དྷེ་ཝ་བསྟན། །བྱེ་མ་གསེར་དུ་བསྒྱུར་ནས་དངོས་གྲུབ་གནང་། །སྐད་ཅིག་རང་ཡུལ་སླེབ་པའི་རྫུ་འཕྲུལ་བསྟན། །རྫུ་


CMR048_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྟོབས་ལྡན་དེ་ལ་གསོལ་བ་འདེབས། །པདྨ་དྲྭ་བའི་རྒྱུད་ལས་ལུང་བསྟན་ལྟར། །ཐུགས་དམ་བཅུ་གཅིག་ཞལ་ནི་རང་བྱོན་གྱུར། །འབྱོན་བཞུགས་དངོས་སུ་མཛད་ཅིང་འོད་ཟེར་འཕྲོ། །ངོ་མཚར་བསམ་ལས་འདས་ལ་གསོལ་བ་འདེབས། །པད་འབྱུང་ལ་སོགས་རྒྱ་གར་གྲུབ་ཆེན་རྣམས། །རྫུ་འཕྲུལ་སྟོབས་ཀྱིས་བྱོན་ནས་དམ་ཆོས་ཞུས། །སྤྱན་རས་གཟིགས་དངོས་བོད་ཀྱི་རྒྱལ་པོ་ཞེས། །འཛམ་གླིང་ཀུན་ཏུ་གྲགས་ལ་གསོལ་བ་འདེབས། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། །གངས་ཆེན་བོད་ཡུལ་བྱེ་བ་ཕྲག་བརྒྱ་སྟེ། །སྲོང་བཙན་སྒམ་པོ་རྒྱ་བཟའ་བལ་བཟའ་དང་། །བཅུ་གཅིག་ཞལ་སྐུ་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་ནས་མཁའ་མཉམ་འགྲོ་བ་འདྲེན་ནོ་ཞེས། །མདོ་ལས་ལུང་བསྟན་དེ་ལ་གསོལ་བ་འདེབས། །མ་འོངས་ལུང་བསྟན་བཀའ་ཆེམས་གཏེར་དུ་སྦས། །རྒྱལ་པོ་བཙུན་མོ་གཉིས་བཅས་འོད་ཞུ་ནས། །བཅུ་གཅིག་ཞལ་ལ་དངོས་སུ་ཐིམ་གྱུར་པས། །ཐེ་ཚོམ་བསལ་ཕྱིར་ལྷ་ཡི་ཐུགས་ཀ་ནས། །ཡབ་ཡུམ་གསུམ་གྱི་ཞལ་ནི་དངོས་སུ་བསྟན། །མ་འོངས་ཞལ་ཆེམས་བཞག་ལ་གསོལ་བ་འདེབས། །འོད་


CMR048_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བཀྱེ་བས་གཙུག་ལག་བྱིན་གྱིས་བརླབས། །འོད་ཟེར་ལྷ་བརྒྱད་ལ་ཐིམ་བྱིན་རླབས་ལྡན། །འཇའ་ལུས་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་གིས་བཞེངས་པའི་སྐུ་འདྲ་འདི་དག་རྣམས། །རང་བྱོན་བཅུ་གཅིག་ཞལ་བཞིན་བྱིན་རླབས་ལྡན། །འབྲེལ་ཚད་བདེ་ཆེན་ཞིང་དུ་སྐྱེ་བ་དང་། །ཁྱེད་ཀྱིས་གསུངས་པའི་ཐུགས་རྗེའི་སྒྲུབ་ཐབས་རྣམས། །བདག་གིས་ཉམས་བླངས་དངོས་གྲུབ་གཉིས་ཐོབ་ནས། །བདག་དང་བདག་གི་རྒྱུད་འཛིན་འཁོར་སློབ་བཅས། །སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཉམ་གྱུར་ཅིག །ཅེས་པ་མེ་ཕོ་རྟའི་ལོ་ནག་པ་ཟླ་བའི་ཉེར་གསུམ་འགྲུབ་སྦྱོར་དང་ལྡན་པ་ལ། གདུང་རྟེན་སྐུ་འདྲ་རྣམས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། ཐུགས་སྒྲུབ་གསང་འདུས་དང་། གནམ་ཆོས་ལུགས་དང་དཀྱིལ་འཁོར་བཞིའི་སྒོ་ནས་རབ་གནས་བྱས་དུས། འབྱུང་བ་ཁོད་སྙོམས་པ་དང་། ནམ་མཁའ་ལ་འཇའ་ཚོན་དང་། སློབ་བུ་རྫོགས་ཆེན་པ་ཞིག་གིས། ལྷ་སོ་སོ་ལ་སྐུ་ཕྲ་མོ་མང་པོ་ནས་གཏོར་བ་ལྟར་ཐིམ་པ་མཐོང་འདུག་ཅིང་། ཆོས་དང་ཟང་ཟིང་གི་རྟེན་འབྲེལ་ལེགས་བྱུང་། དེ་ནས་ཞག་བདུན་ལྷའི་མདུན་དུ་གྲྭ་པ་རྣམས་ལ་ཆོ་ག་དང་མཆོད་པ་བྱེད་བཅུག་ཅིང་། རང་གི་ཡང་བྱིན་འབེབས་


CMR048_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམིགས་རིམ་ལ་འབད་པས་ཉེར་ལྔའི་ཐོ་རངས། ཉམས་ཀྱི་སྣང་བ་དང་རྨི་ལམ་འདྲེས་པའི་སྣང་བ་ལ། མདུན་གྱི་ནམ་མཁར་ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ། སྐུ་ཁང་རྩག་གསུམ་ཙམ་ཨེ་ཡོད་སྙམ་པ། དབུ་ལ་དར་དམར་པོའི་ལྭ་ཐོད་ཅན་སྐུ་ལ་གོས་ཆེན་ལྗང་ཁུའི་རལ་གུ་གསོལ་བའི་རྒྱབ་ན། བེར་ཕྱམ་དམར་པོ་གསོལ་བ་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཤིན་ཏུ་གསལ་བ་གཅིག་ལམ་མེ་བཞུགས་པ་མཇལ་བ་ལ་བརྟེན་ནས་ཀརྨ་རཱ་ག་ཨ་སྱས་བྲིས་སོ།། ༈ །།གྲུབ་ཆེན་སངས་རྒྱས་དབོན་གྱི་གསོལ་འདེབས་ནི། ༈ ན་མོ་གུ་རུ་གིར་ཏི་ཤྲཱི་ཡེ། ཨུ་རྒྱན་ཆེན་པོའི་ལུང་དུ་བསྟན་པ་ལྟར། །རྒྱ་གར་གྲུབ་ཆེན་ནཱ་རོ་པཎྜི་ཏ། །བསམ་བཞིན་བོད་ཀྱི་ཡུལ་དུ་སྐུ་འཁྲུངས་པ། །སངས་རྒྱས་དབོན་དུ་གྲགས་ལ་གསོལ་བ་འདེབས། །སྐུ་འཁྲུངས་ལྟེ་བ་བཅད་པའི་སྒྲ་ལ་ཡང་། །སྙན་པའི་དབྱངས་ཀྱིས་ཚིགས་བཅད་མང་པོ་སོགས། །ངོ་མཚར་རྟགས་དང་མཚན་མ་དུ་མ་ཡི། །སྤྲུལ་པའི་སྐུ་རུ་གྲགས་ལ་གསོལ་བ་འདེབས། །བྱིས་སྦའི་ཚེ་ན་གཞོན་ནུའི་རོལ་རྩེད་ཀྱིས། །རི་བྲག་ཐོགས་མེད་ལ་སོགས་རྫུ་འཕྲུལ་གྱིས། །གྲུབ་མཆོག་སངས་རྒྱས་དབོན་ཞེས་ཡོངས་སུ་གྲགས། །རྗེ་བཙུན་གྲགས་པའི་དཔལ་ལ་གསོལ་བ་འདེབས། །ཇོ་བོ་བྲག་ནག་ལ་


CMR048_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྷ་སྲིན་བཏུལ། །སྤྲུག་གི་བཙན་རྒོད་བདུད་རྩི་འདྲེན་པ་སོགས། །སློབ་དཔོན་ཆེན་པོ་པདྨའི་སྤྲུལ་པ་ཞེས། །ལྷ་འདྲེས་གུས་ཤིང་བསྟོད་ལ་གསོལ་བ་འདེབས། །བདག་མེད་མ་ཡི་བཀའ་སྲུང་དུར་ཁྲོད་ཀྱིས། །མཁའ་འགྲོ་ལྔ་ཡི་གདུང་བའི་གླུ་བླངས་ཤིང་། །སྲོག་སྙིང་ཕུལ་ནས་བསྟན་པ་བསྲུངས་བར་ཆད། །དགྱེས་རྡོར་གྲུབ་པའི་རིག་འཛིན་གྷིརྟི་ཤི། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདེན་ཚིག་བརྗོད་པས་སངས་རྒྱས་ཚེམས་ཐོབ་ཅིང་། །དབྱར་ཁའི་ཆུ་ལ་མཁའ་འགྲོའི་དར་ལམ་འཐེན། །རི་བོ་ཆེ་སོགས་གདན་ས་ཆགས་བཅགས་མཛད། །བསྟན་པའི་རྒྱལ་མཚན་བཙུགས་ལ་གསོལ་བ་འདེབས། །ཟབ་ཆོས་རྒྱ་མཚོ་ཁམས་ཕྱོགས་དཀར་པོར་བཏང་། །དགེ་འདུན་སྟོང་ཕྲག་མང་པོ་འདུས་མཛད་དེ། །གཙུག་ལག་དམ་ཆོས་ཡུན་རིང་དར་རྒྱས་པའི། །ལུང་བསྟན་བྱིན་རླབས་མཛད་དེར་གསོལ་བ་འདེབས། །བཀའ་ཤོག་ཙམ་གྱིས་གྲོལ་བ་བརྒྱ་ཕྲག་སྟེ། །མཐོང་ཐོས་དྲན་རིག་འགྲོ་བ་སྨིན་གྲོལ་མཛད། །རིགས་རྒྱུད་ཆོས་བརྒྱུད་དབྱར་གྱི་ཆུ་བཞིན་རྒྱས། །བསྟན་པའི་བདག་པོ་དེ་ལ་གསོལ་བ་འདེབས། །ཞེ་


CMR048_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བཞེས་ཚེ་མཁའ་འགྲོའི་སུན་མ་བྱུང་། །རྡོ་རྗེ་འཆང་གི་ཆ་ལུགས་མཛད་ནས་གཤེགས། །བརྒྱུད་འཛིན་ཨུ་རྒྱན་མགོན་པོས་ལུང་བསྟན་མཛད། །སྐལ་ལྡན་རྣམས་ལ་ཞལ་སྟོན་གདམས་པ་གནང་། །འདས་ཚུལ་བསྟན་ཡང་འཆི་མེད་རྡོ་རྗེའི་སྐུ། །གྲུབ་པའི་རིག་འཛིན་དེ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཐུགས་རྗེ་ཆེན་པོ་དམར་པོ་ལུགས་དང་ནི། །སྤྲུལ་སྐུ་ལྷ་གཅིག་བུམ་གཅིག་ལ་སོགས་པ། །ཁྱད་ལས་བརྒྱུད་པའི་ཟབ་ཆོས་འདི་དག་གིས། །བདག་བརྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཁྱེད་ཀྱི་བྱིན་རླབས་བཀའ་བབས་ཉེ་བརྒྱུད་ནི། །བདག་ལ་དངོས་སུ་འབྱུང་བར་བྱིན་གྱིས་རློབས། །དེ་ལ་བསྟན་ནས་ཐུགས་རྗེ་ཆེན་པོ་འགྲུབ། །འབྲེལ་ཚད་དོན་ལྡན་ཁྱེད་དང་མཉམ་པར་ཤོག །ཅེས་པ་ཚེ་དཔག་ལྷ་གཅིག་བུམ་གཅིག་དང་། ཐུགས་རྗེ་ཆེན་པོ་དམར་པོ་ལུགས་ལ་ཡང་ཅུང་ཟད་རེ་བསྙེན་པའི་སྐབས། མེ་ཕོ་རྟའི་ལོ་ནག་པ་ཟླ་བའི་གནམ་གང་གི་ནམ་ལང་ཙམ་ལ། ཅུང་ཟད་འཐུམ་ཙམ་ལ་རྗེ་སངས་རྒྱས་དབོན་རིན་པོ་ཆེ་དགེ་སློང་གི་ཆ་ལུགས་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དབུ་ལ་དྭགས་ཞུ་འདྲ་བ་དམར་པོ་གསོལ་བ་ཞིག་མཇལ། དེས་རྩ་རླུང་གིས་གདམས་པ་


CMR048_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཟབ་ཆོས་མང་པོ་གནང་སྟེ་ཡིད་ལ་ནི་མ་ཟིན་པ་ཅིག་བྱུང་བས་གསོལ་བ་བཏབ་པའོ། །ཨ་རཱ་གས་སོ།། ༈ །ཆོས་སྐྱོང་བཀའ་སྲུང་ཚོགས་ལ་དོན་གྱི་བསྟོད་པ་དང་ནོངས་བཤགས་སུ་མཛད་པ་བཞུགས་སོ། ༈ །ན་མོ་དྷརྨ་པཱ་ལ་ཡེ། འཁོར་བའི་སྐྱབས་གནས་དཀོན་མཆོག་གསུམ། །དེ་ལ་ཕྱི་ནང་གསང་བ་གསུམ། །ནང་གི་དཀོན་མཆོག་རྣམ་གསུམ་ནི། །རྩ་བ་གསུམ་དུ་གྲགས་པ་ཡི། །ཕྲིན་ལས་རྩ་བ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །མ་གུས་སྐྱབས་འགྲོ་གཏོང་ཉེན་གདའ། །སངས་རྒྱས་བྱེ་བ་ཕྲག་བདུན་གྱི། །ཐུགས་སྤྲུལ་མགོན་པོ་ཕྱག་བཞི་པ། །རྡོ་རྗེ་འཆང་དངོས་ཡིན་པར་གསུངས། །རང་ཉིད་བར་དོར་འཁྱམས་ཚེ་ཡང་། །དག་་པའི་ཞིང་དུ་ཁྲིད་འགྱུར་ཞེས། །གྲི་གུག་བརྩེགས་པའི་རྒྱུད་ལས་གསུངས། །ཕྱི་ལྟར་ལྷ་མོ་དབྱངས་ཅན་མ། །ནང་ལྟར་རྡོ་རྗེ་ཕག་མོ་སྟེ། །གསང་བ་དུད་སོལ་ལྷ་མོ་ཉིད། །དེ་སྐད་གྲུབ་ཆེན་མཚོ་སྐྱེས་གསུངས། །དེ་ལ་མཆོད་ཅིང་བསྟོད་བྱས་ནས། །སངས་རྒྱས་ཀུན་ལ་མཆོད་པར་འགྱུར། །དེ་སྐད་ཕྱག་ན་རྡོ་རྗེས་གསུངས། །དེ་ཕྱིར་མ་མགོན་འདི་


CMR048_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ནི། །ཡི་དམ་ཆོས་སྐྱོང་གཉིས་ཀ་ལགས། །དེ་ལ་ཕྱག་འཚལ་བསྟོད་པར་བགྱི། །ཡེ་ཤེས་མགོན་པོ་བེར་ནག་ཅན། །སྤྱན་རས་གཟིགས་དབང་སྤྲུལ་པ་རུ། །རིན་ཆེན་དཔུང་རྒྱན་རྒྱུད་ནས་གསུངས། །གྲུབ་ཆེན་པཀཱི་ཡེ་ཤེས་མགོན་པོ་ཉིད། །དབྱེར་མེད་པཀྵི་ཉིད་ཀྱིས་གསུངས། །ཨུ་རྒྱན་ཆེན་པོས་ལུང་ཡང་བསྟན། །འཇམ་དཔལ་སྦྱོར་ཡུམ་བཱ་ཏ་ལི། །རང་བྱུང་རྒྱལ་མོ་དབྱེར་མེད་དེ། །དོན་ལ་ས་བཅུའི་སེམས་མ་ཉིད། །དེ་ཕྱིར་མ་མགོན་ལྕམ་དྲལ་འདི། །བླ་མ་ཡི་དམ་ཆོས་སྐྱོང་གསུམ། །གཅིག་ཏུ་འདུས་པའི་ངོ་བོ་ཉིད། །དེ་ཕྱིར་ཕྱག་འཚལ་བསྟོད་པར་བགྱི། །ཕྱག་དྲུག་རིགས་དྲུག་སྐྱེ་སྒོ་གཅོད། །ལན་གཅིག་འབྲེལ་པ་ཐོབ་པས་ཀྱང་། །བར་དོའི་འཇིགས་པ་སྐྱོབ་པའི་ཕྱིར། །བར་དོའི་མགོན་པོ་ཞེས་སུ་གྲགས། །ཐུགས་རྗེ་ཆེན་པོ་དག་པོ་སྟེ། །བྱིན་རླབས་མྱུར་མཛད་སྤྱན་རས་གཟིགས། །ཁྱེད་ལ་ཕྱག་འཚལ་བསྟོད་པར་བགྱི། །ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །འཁོར་བའི་རྩ་བ་བདག་འཛིན་ཏེ། །དུག་གསུམ་རུ་ཏྲ་སྡེ་གསུམ་བསྒྲལ། །ངོ་བོ་ཀུན་ཏུ་བཟང་པོ་ཉིད། །སྟོབས་པོ་ཆེ་དང་སྨེ་བརྩེགས་


CMR048_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །རེས་འགའ་ཡི་དམ་སྐུ་རུ་སྟོན། །ཡི་དམ་ཆོས་སྐྱོང་དབྱེར་མེད་ཉིད། །དེ་ཕྱིར་ཁྱེད་ལ་ཕྱག་འཚལ་བསྟོད། །སྲིན་མགོན་གཉེན་མགོན་དུར་ཁྲོད་བདག །འཁོར་ལོ་སྡོམ་པའི་སྤྲུལ་པར་གསུངས། །ད་ལྟ་ས་གནས་སེམས་དཔའ་སྟེ། །ས་ལམ་བར་ཆད་སེལ་བར་བཤད། །དེ་ཕྱིར་ཁྱེད་ལ་ཕྱག་འཚལ་བསྟོད། །བདེ་མཆོག་ཐུགས་སྤྲུལ་མགོན་པོ་སེང་གདོང་དང་། །ཁྱེད་གཉིས་མཆོད་ཅིང་བསྒྲུབ་པའི་མི། །མངོན་པར་དགའ་དང་དཔལ་ལྡན་ཞིང་། །བདེ་བ་ཅན་དང་ལས་རབ་རྫོགས། །འཐུག་པོ་བཀོད་ཚིསོགས་ཞིང་ཁམས་བརྗོད། །ཀུན་བཟང་ཐུགས་ཀར་ཐིམ་གྱུར་ཞེས། །ཞིང་སྐྱོང་སྲིན་མགོན་རྒྱུད་ལས་བཤད། །དེ་ཕྱིར་ཁྱེད་ལ་ཕྱག་འཚལ་བསྟོད། །འདས་པའི་སངས་རྒྱས་རིན་ཆེན་མང་། །མ་འོངས་སངས་རྒྱས་རིན་ཆེན་གདུགས། །ད་ལྟ་རྣམ་སྣང་ཐུགས་སྤྲུལ་ཏེ། །རྫོགས་པའི་སངས་རྒྱས་ཉིད་ཡིན་ཞེས། །གར་མཁན་མཆོག་གི་རྒྱུད་ལས་གསུངས། །དེ་ཕྱིར་རྣམ་སྲས་སེར་ཆེན་བསྟོད། །ཁྱད་པར་སྣང་བ་མཐའ་ཡས་ཀྱི། །གསུང་གི་སྤྲུལ་པའི་ནོར་ལྷ་སྟེ། །གཞན་ལས་ཁྱད་པར་འཕགས་སོ་ཞེས། །བཀའ་


CMR048_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གཉིས་ཀའི་གཞུང་ལས་གསུངས། །དེ་ཕྱིར་རྣམ་སྲས་དམར་པོར་བསྟོད། །སྤྱན་རས་གཟིགས་དབང་སྤྱན་ཆབ་སྤྲུལ། །འདི་ཉིད་བསྒྲུབ་ཅིང་མཆོད་པ་ན། །བདེ་བ་ཅན་གྱི་ཞིང་ཁམས་སྐྱེ། །སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ། །དེ་སྐད་ཇོ་བོ་རྗེ་ཡིས་གསུངས། །དེ་ཕྱིར་འབྲུག་ཞོན་ལྷ་ལྔར་བསྟོད། །བདེ་གཤེགས་ཀུན་གྱི་གསུང་སྤྲུལ་སྟེ། །སྣང་བ་མཐའ་ཡས་ནོར་ལྷའི་སྐུ། །ཡུམ་ནི་སྒྲོལ་མ་དམར་མོ་སྟེ། །འདི་ཉིད་མཆོད་བསྟོད་བསྒྲུབས་པ་ན། །བདེ་བ་ཅན་དུ་སྐྱེ་འགྱུར་ཞེས། །འཕགས་པ་སྤྱན་རས་གཟིགས་ཀྱིས་གསུངས། །རྒྱ་གར་གྲུབ་ཆེན་འགས་ཀྱང་གསུངས། །དེ་ཕྱིར་འཛམ་དམར་ཡབ་ཡུམ་བསྟོད། །ས་བཅུའི་སེམས་དཔའ་རྡོ་རྗེ་ལེགས། །རྡོར་དབྱིངས་སྦྱོང་རྒྱུད་གཉིས་ཀའི་ལྷ། །ཕྱག་རྡོར་འཁོར་གྱི་སེམས་དཔའ་ཆེ། །པདྨ་དྲྭ་བའི་དཀྱིལ་འཁོར་ལྷ། །འགྲོ་ཀུན་བདེ་ལ་འགོད་པར་ནུས། །དེ་ཕྱིར་མགར་བ་ནག་པོར་བསྟོད། །སྒྲོལ་མ་སྔོན་མོའི་སྤྲུལ་པ་སྟེ། །སྤྱན་རས་གཟིགས་ཀྱི་ལྕམ་སྲིང་ཉིད། །འཁོར་ལོ་བདེ་མཆོག་དཀྱིལ་འཁོར་གྱི། །འཚམས་མ་གཤིན་རྗེའི་མཆེ་བ་ལ། །རྡོ་རྗེ་གཡུ་ཡི་སྒྲོལ་


CMR048_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མར་བསྟོད། །རྡོར་དབྱིངས་སྦྱོང་རྒྱུད་སེམས་དཔའི་གྲངས། །སེམས་དཔའ་རྡོ་རྗེ་ཁུ་ཚུར་ཏེ། །བདེ་གཤེགས་ཀླུ་དབང་རྒྱལ་པོའི་སྤྲུལ། །ས་དྲུག་ལ་གནས་སེམས་དཔའ་ཆེ། །ཇོ་བོ་སྔགས་ཀྱི་བདག་པོར་བསྟོད། །སྒྲོལ་མ་དཀར་མོའི་སྤྲུལ་པ་སྟེ། །ཚེ་ཡི་ལྷ་མོ་གོས་དཀར་མོ། །མ་མོ་རྦོད་གཏོང་དཀྱིལ་འཁོར་ལྷ། །དཀར་མོ་ཉི་ཟླ་ཐོད་ཕྲེང་ཅན། །བཀྲ་ཤིས་ཚེ་རིང་མ་ལ་བསྟོད། །སེམས་དཔའ་ཉེ་བའི་སྲས་བརྒྱད་གྲགས། །ད་ལྟ་ས་བརྒྱད་སེམས་དཔའི་ཚུལ། །ཐང་ལྷ་མཁར་ནག་སྨྱོ་ཁ་སོགས། །མཚན་བརྒྱད་གནས་བརྒྱད་ལྡན་ལ་བསྟོད། །ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ། །གསང་སྔགས་སྲུང་མ་རལ་གཅིག་མ། །ཕྱག་ན་རྡོ་རྗེའི་ཕྲིན་ལས་སྤྲུལ། །ཡེ་ཤེས་གཟའ་མཆོག་རཱ་ཧུ་ལ། །དེ་སོགས་བཀའ་སྲུང་ཕལ་ཆེར་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །འཇིག་རྟེན་དྲེགས་པའི་ཚུལ་སྟོན་ཡང་། །ངོ་བོ་འཕགས་མའི་སྤྲུལ་པ་སྟེ། །དོན་ལ་ས་གནས་སེམས་དཔའ་ཆེ། །དགེ་འདུན་དཀོན་མཆོག་གྲར་གཏོགས་པས། །བདག་གིས་མཆོད་ཅིང་བསྟོད་པར་བགྱི། །དེ་དོན་རྒྱུད་ཀྱི་འགྲེལ་ཆེན་ལས། །རྒྱུད་ཀྱི་སྟོན་པ་རྡོ་


CMR048_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འཆང་། །ཞུ་བ་པོ་དང་ཉན་པའི་འཁོར། །དེ་ཉིད་འཛིན་པའི་རིག་འཛིན་མཆོག །རྒྱུད་དེ་སྲུང་བའི་ཆོས་སྐྱོང་རྣམས། །སྟོན་པ་ཉིད་ཀྱི་སྤྲུལ་པར་གསུངས། །དེ་ཕྱིར་རྩ་བ་གསུམ་པོ་ཉིད། །རྣམ་པ་མཆོག་དམན་ཚུལ་སྟོན་ཡང་། །ངོ་བོ་དབྱེར་མེད་དོན་ཤེས་པས། །བདག་གིས་འབྲལ་མེད་བརྟེན་པར་བགྱི། །ཉམས་ཆག་འཁྲུལ་པ་གང་མཆིས་བཤགས། །ཕྱིན་ཆད་མི་བགྱིད་དམ་བཅའ་བས། །མས་གདུང་བུ་ལ་བརྩེ་བ་བཞིན། །རྟག་ཏུ་འབྲལ་མེད་སྡོང་གྲོགས་མཛོད། །ཅེས་པ་འདི་བླ་མ་ཆོས་ལ་དབང་ཀུན་བཟང་འདས་ནས། ཡིད་ཆད་པ་ལྟར་གྱུར་ཏེ་ཆོས་སྐྱོང་གི་བསྐང་གསོལ་དང་བཀའ་སྲུང་གི་གསོལ་མཆོད་ལོ་དུ་མར་གཟབ་ཀྱང་། རྐྱེན་ཁ་དང་བར་ཆད་ནི་དཔུང་པ་ལྟར་བྱུང་། མཐུན་རྐྱེན་བསྒྲུབ་ཅིང་འགའ་རྐྱེན་མི་སེལ་ན། །དེ་རྣམས་ཀྱིས་རྩ་བ་ལ་སྨན་མཆོག་གམ་གནམ་ཆོས་ལྟ་བུ་ཞིག་ཐུགས་དམ་བྱས་ན་དགའ་བ་འདྲ། ཆོས་སྐྱོང་བཀའ་སྲུང་འདི་ཚོ་ལ་མཆོད་བསྟོད་བྱས་ཀྱང་སྐྱག་དད་མེད་པ་འདྲ་བསམ་ཉལ་བའི་ནུབ། ཉམས་རྨི་ལམ་འདྲེས་པའི་མཚམས་ན། །རང་གི་བསོད་ནམས་ཀྱིས་མ་ཕེར་བ་ཡིན། བཀའ་སྲུང་གི་མ་ཕེར་བ་སྤུ་ཙམ་ཡང་མེད་ཟེར་བའི་སྒྲ་ཞིག་ནམ་མཁའ་ནས་གསལ་བར་གྲགས། དེ་ཡི་དོན་ཕྱིས་ཀྱང་ཡང་ཡང་བསམ་བློ་བཏང་བས། མ་མགོན་སོགས་མཐོ་རིམ་རྣམས་ནི་ཡི་


CMR048_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དང་དབྱེར་མེད་དུ་འདུག །བཀའ་སྲུང་དམའ་རིགས་རྣམས་ཀྱང་ས་གནས་ཀྱི་སེམས་དཔའ་ཁོ་ན་རེད། ཐ་ན་ཚེ་རིང་མ་དང་ལྷ་སྨན་སོགས་ཀྱིའང་བར་དོའི་གནས་སྐབས་སུ་ཕན་འདོགས་པ་དང་ལམ་སྟོན་ནུས་པའི་ལོ་རྒྱུས། རང་བྱུང་རྡོ་རྗེའི་བར་དོའི་རྣམ་ཐར་ན་གསར་བར་གདའ་ན། གཞན་ཆོས་སྐྱོང་མཐོ་བ་ཚོ་ལ་སྨོས་ཅི་དགོས། རང་གི་ཕ་མྱེས་སྔགས་འཆང་མགོན་པོ་རྒྱལ་ཞེས་བྱ་བ་ལོ་བརྒྱད་ཅུ་གྱ་གཉིས་རེད་དུས། མི་སྔོན་པོ་རས་དཀར་པོའི་ཨ་གྷ་རོག་ཅན། །གཟུགས་ཐུང་ཞིང་འཇིགས་པ་ཞིག་གིས། ཁོང་ཁང་པ་རྙིང་པ་འགྱེལ་ལ་ཁད་གཅིག་གི་སྟེང་ན་འདུག་པ་དེ་སྟེང་ནས་ཁང་པ་གསར་པ་བཟོས་མ་ཐག་གཅིག་གི་སྟེང་དུ་བཞག་པ་རྨིས། ད་ལོ་འཆི་ཞིང་གཞན་ཞིག་ཏུ་སྐྱེ་བ་ལེན་པ་འདྲ། །གསུངས་པས་དེ་ལོ་འདས་ཤིང་རྟེན་རིང་སྲེལ་མང་དུ་བྱོན་སྐད་དོ། །མི་དེ་མགོན་པོ་ཡིན་པར་འདུག་གསུངས་སྐད། དེས་ན་ཆོས་སྐྱོང་རྣམས་ལ་གསོལ་མཆོད་ཐེངས་ན་ཕྱི་མ་ཡང་རང་དག་པའི་ཞིང་དུ་སྐྱེལ་བར་བཤད་གདའ། ཐ་ན་ཡང་ངན་སོང་དུ་ལྟུང་མི་འཇུག་པར། ལྷ་མིའི་ལུས་བརྟེན་བཟང་པོ་རེ་ན་སྐྱེལ་བ་ཡིན་པར་འདུག །དེ་ཡི་གནད་ཀྱིས་ང་ཡི་བླ་མ་འོལ་བ་འདས་ཁ། ད་ང་འགྲོ་རན་འདུག་པས་ལམ་གཏོར་གཏོང་དགོས་གསུངས་ནས་ཆོས་སྐྱོང་ལྷ་གྲངས་ཀྱི་དམར་གཏོར་མང་པོ་བཅས་ཏེ། གཏོར་འབུལ་རྒྱས་པར་མཛད་ནས་དེ་མ་ཐག་འདས་སྐད། དེ་ཚོ་ལ་བསམ་བཀའ་སྲུང་ཚོ་སྐྱུར་དགོས་བསམ་པ་དེ། དམ་ཚིག་གི་སེལ་རེད་པས་བསྟོད་པ་དང་བཤགས་པ་འདི་བྱས་པའོ། ༧ ཀརྨ་ཨ་རཱ་གས་


CMR048_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སོ།། ༈ རྒྱལ་བའི་དབང་པོ་ལ་དོན་དམ་ངེས་པའི་སྒོ་དང་སྤྲུལ་པ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི་ཆ་ཙམ་ལ་གསོལ་བ་འདེབས་པ་ནི། ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། །བདེ་བ་ཅན་གྱི་ཞིང་ཁམས་ན། །འོད་དཔག་མེད་པའི་ཉེ་གནས་ཚུལ། །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འོག་མིན་འཐུག་པོ་བཀོད་པ་ན། །རྣམ་པར་སྣང་མཛད་གངས་ཅན་མཚོ། །སྐུ་ལ་ཞིང་ཁམས་དཔག་མེད་རྫོགས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཀུན་རིག་རྣམ་པར་སྣང་མཛད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གྲངས་མེད་བསྐལ་པའི་སྔོན་རོལ་ན། །གཞན་ཕན་རྣམ་རོལ་བཅོམ་ལྡན་འདས། །དེ་སོགས་འདས་པའི་སངས་རྒྱས་བཞུགས། །གྲངས་མེད་སྟོན་ལ་ཕྱག་འཚལ་ལོ། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །སྐལ་བཟང་སངས་རྒྱས་བྱེ་བ་བརྒྱ། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན། །པདྨ་འབྱུང་གནས་བྱེ་བ་བརྒྱ། །རི་བོ་ཏ་ལར་བྱེ་བ་བརྒྱ། །སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །རྣམ་པ་ཐ་དད་ངོ་བོ་གཅིག །


CMR048_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ན། །བློ་གྲོས་རིན་ཆེན་ཞེས་སུ་གྲགས། །རྒྱལ་བ་བྱམས་པའི་ཉེ་གནས་ཚུལ། །ལྷོ་ཕྱོགས་དཔལ་གྱི་རི་བོ་ན། །ས་ར་ཧ་པ་ཞེས་སུ་གྲགས། །གྲུབ་ཆེན་བརྒྱད་ཅུའི་ཚོགས་དཔོན་ཚུལ། །གནས་མཆོག་ཉི་ཤུ་རྩ་བཞི་ན། །འཆི་མེད་འཇའ་ལུས་གྲུབ་ཆེན་ཚུལ། །ཀླུ་ཡི་འབྱུང་གནས་ཞེས་སུ་གྲགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུར་ཁྲོད་མེ་རི་འབར་བ་ན། །དབང་ཆེན་རྟ་མགྲིན་ཁྲོ་བོའི་ཚུལ། །བྱང་ཕྱོགས་དུར་ཁྲོད་ཆེན་པོ་ན། །རྡོ་རྗེ་བེར་ཆེན་མགོན་པོའི་ཚུལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །མ་འོངས་ཚེ་ལོ་བརྒྱད་ཁྲིའི་དུས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། །རྒྱལ་བ་བྱམས་པའི་སྦྱིན་བདག་ཚུལ། །དེ་འོག་བཅོམ་ལྡན་སེང་གེ་སྒྲ། །སྐལ་བཟང་སངས་རྒྱས་དྲུག་པའི་ཚུལ། །སངས་རྒྱས་དགུ་བརྒྱ་གོ་དགུའི་མཐར། །དེ་བཞིན་གཤེགས་པ་སྣང་མཛད་ཞེས། །སྐལ་བཟང་སངས་རྒྱས་ཐ་མའི་ཚུལ། །མ་འོངས་དུས་མཐའི་བསྐལ་པ་ལ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་ཟེར་དཔལ་བརྩེགས་རྒྱལ་པོ་ཞེས། །མཛད་པ་


CMR048_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེང་སང་མ་དག་འཁྲུལ་པའི་ངོར། །ལྷོ་ཕྱོགས་འཇང་གི་པོ་ཊ་ལར། །ངེས་མེད་དགེ་སློང་རྣལ་འབྱོར་ཚུལ། །མཐོན་མཐིང་ཅོད་པན་འཛིན་པ་པོ། །བཛྲ་དྷརྨ་དྷརྟུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་ངན་སྙིགས་མའི་འགྲོ་བ་ལ། །ཐུགས་རྗེས་དཔུང་ཆེན་ཆེར་བསྐྱེད་ནས། །ལོ་བརྒྱར་ཞབས་པད་བརྟན་པ་དང་། །སྒྲུབ་བརྒྱུད་བསྟན་པ་རྒྱས་པ་གཅིག །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཅེས་པ་འདི་ཉམས་རྨི་ལམ་གྱི་མཚམས་སུ་རྟེན་འབྲེལ་གྱི་གནད་ཅིག་གིས་རྒྱལ་བའི་དབང་པོ་ཁྱོད་ལ་ཐུགས་ཤིན་ཏུ་མཉེས་པ་འདུག་ཟེར་བའི་སྒྲ་ཞིག་གྲགས། དེ་རྗེས་ནུབ་གཅིག་རྒྱལ་བའི་དབང་པོ་དངོས་ལྟར་མཇལ། བཙུན་མ་འདྲ་བ་འགའ་རེས་ང་ལ་ཞུ་སྣ་འགའ་བཅུག །དེ་རིན་པོ་ཆེ་ལ་ཞུ་དགོས་སྙམ་ནས་ཞུ་སྡེ་རྒྱལ་བའི་དབང་པོ་ཕེབས་སོང་། དེར་བྱིསྦ་འདྲ་བ་འགའ་དད་འདུན་མི་ཤེས་པར་འདུག་པས། དེར་ངས་རྒྱལ་བའི་དབང་པོ་པང་དུ་བླང་ནས་ཕྲག་ལ་སྦྱར་བ་འདྲ་བྱས་ནས་འདི་ཕ་ལ་རྒྱུན་ཏུ་འོ་བརྒྱལ་འདི་འདྲ་བ་སྨྲས་ཤིང་། དད་པའི་གདུང་ཤུགས་ཀྱིས་མཆི་མ་ཆར་ལྟར་བབ་པ་རྨིས་པས་འདི་ལ་བརྟེན་གནད་ཅིག་ཡིན་པ་འདྲ་བསམས་ནས་སྨྲས་སོ། །དེ་དུས་ཐོ་རངས་ཉམས་སྣང་ལ་ཡི་གེ་དོད་པ་ལས་རང་གི་དོན་


CMR048_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཚིག་བཞི་འདུག་སྟེ། རེ་ཞིག་དུས་ལ་མ་བབ་པར་མི་བྲིའོ། །ཨ་རཱ་གས་སོ། །མངྒ་ལཾ།། ༈ །།བཀའ་རྩོམ་བསྒྲིག་ཆོག་ཟིན་བྲིས་ཀྱི་རྣམ་དབྱེ་དང་། མཛད་ཆོས་རུང་བའི་རྟེན་འབྲེལ་བྱུང་ཚུལ་སྨོན་ལམ་དང་བཅས་པ་བཞུགས་སོ།། ༈ ན་མོ་སརྦ་དྷརྨཱ་ཡེ། ལུང་རྟོགས་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཐུབ་པའི་བསྟན་པ་ནི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་འགྱུར་གསུངས། །བཀའ་ལ་ཞལ་ནས་གསུངས་དང་བྱིན་གྱིས་བརླབས། །རྗེས་སུ་གནང་བའི་བཀའ་དང་གསུམ་ཡིན་ཏེ། །བཀའ་འགྱུར་ལ་སོགས་མདོ་རྒྱུད་རྣམས་ཡིན་ནོ། །བསྟན་བཅོས་མཛད་མཁན་ལ་ཡང་རབ་འབྲིང་གསུམ། །རབ་ནི་ཆོས་ཉིད་བདེན་པ་མཐོང་བ་སྟེ། །ས་ར་ཧ་སོགས་གྲུབ་ཆེན་རྣམས་ཡིན་ནོ། །འབྲིང་ནི་ཡི་དམ་ལྷ་ཡི་གནང་བ་ཐོབ། །ཕྱོགས་ཀློང་རྡོ་རྗེ་གདན་པ་ཆེ་ཆུང་ལྟར། །ཐ་མ་རིག་པའི་གནས་ལྔར་མཁས་པ་སྟེ། །རྒྱ་གར་པཎ་ཆེན་རྣམས་ནི་ཡིན་པར་བཤད། །རྒྱ་གར་རྒྱལ་པོ་ཆོས་ཀྱི་ཁྲིམས་དམ་པས། །པཎ་གྲུབ་མང་པོ་ཚོགས་


CMR048_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྩམས་ཆོས་ལྟར། །ལེགས་ན་ཁྲི་འདོན་བཀུར་སྟི་ངོ་སོ་བསྟོད། །མ་ལེགས་བསྟན་བཅོས་ཁྱི་ཡི་མཇུག་མར་བསྲི། །མེ་སྦར་སྣ་ཁོབ་དམྱལ་བར་ལྟུང་དགོས་ཟེར། །རྩོམ་པ་པོ་ལ་སྨ་འབེབས་ཆད་པ་གཅོད། །དེ་ཕྱིར་རྒྱ་གར་ཆོས་ཁུངས་བཙུན་ཟེར་ཡང་། །ངེས་པ་མེད་དེ་ཚད་མ་རྣམ་འགྲེལ་ཡང་། །པཎྜི་ཏ་ཀུན་ཆགས་སྡང་མ་ལེགས་ཟེར། །དང་པོ་ཁྱི་ཡི་མཇུག་མར་བསྲིས་ན་ཡང་། །ཕྱིས་ནས་ཀུན་གྱི་གཙུག་གི་ནོར་བུར་གྱུར། སློབ་དཔོན་མཁས་པ་ཙན་དྲ་གོ་མི་ཡི། །སྒྲ་ཡི་བསྟན་བཅོས་བརྩམ་པ་མ་ལེགས་པས། །གཞན་གྱི་བསྟན་བཅོས་མཐོང་བས་རང་ངོ་ཚ། །རང་གི་བརྩམ་པ་ཆུ་དོང་ནང་དུ་འཕང་། །དེ་ཚེ་སྤྱན་རས་གཟིགས་དབང་ནམ་མཁར་བྱོན། །ཁྱོད་ཀྱིས་རྩོམ་པ་ཧ་ཅང་མི་ལེགས་ཀྱང་། །བསམ་པ་བཟང་པོས་བརྩམ་ཕྱིར་འགྲོ་དོན་འབྱུང་། །ཡར་ཐོན་གསུངས་ལྟར་བཏོན་པས་རྒྱ་ཆེར་འཕེལ། །ཆུ་དེ་སུས་འཐུང་ཤེས་རབ་ཆེའོ་སྐད། །རྒྱ་གར་ནས་འགྱུར་བསྟན་བཅོས་ཕལ་ཆེར་ནི། །བསྟན་འགྱུར་ཨུ་རྒྱན་གསུངས་སོགས་མཐའ་ཡས་སོ། །བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྩོམ་པ་ཡང་། །གྲུབ་མཐའ་


CMR048_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་མི་དང་སྐུར་འདེབས་མང་། །འོན་ཀྱང་རང་རང་རྗེས་འཇུག་རྣམས་ལ་ཕན། །མདོར་ན་རྫོགས་པའི་སངས་རྒྱས་མ་ཐོབ་པར། །ཤེས་བྱ་རེ་རེའི་མཐའ་ཡང་ཆོད་མི་སྲིད། །དེ་ཕྱིར་བསྟན་བཅོས་རྩོམ་པ་ཕལ་ཆེར་གྱིས། །དེ་དོན་མཐའ་དག་རྟོགས་པར་དཀའ་ལགས་ཀྱང་། །རང་གི་ཤེས་ཚོད་ཙམ་ཞིག་གསུངས་པ་ལགས། །དཔེར་ན་ཁྱུང་དང་བྱེ་མ་ལྷེབ་ཡན་ཆོད། །འཕུར་བ་འདྲ་ཡང་གཤོག་རྩལ་ཆེ་ཆུང་ཁྱད། །གཉིས་ཀ་ནམ་མཁའ་མཐའ་མི་ཆོད་པ་མཉམ། །འོན་ཀྱང་གཤོག་ཐོགས་ཡིན་ཕྱིར་གཉིས་ཀ་འཕུར། །དེ་ཕྱིར་རྩོམ་པ་མཁས་པའི་བྱ་བ་སྟེ། །བློ་ཚོད་ཙམ་ཞིག་རུང་བ་ཟླ་གྲགས་གསུངས། །དེ་ཡང་དོན་ལོགས་དོན་མེད་དོན་འགལ་དང་། །བརྩེ་བ་བྲལ་བའི་བསྟན་བཅོས་སྤང་བྱ་ཡིན། །གང་ཕྱིར་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མི་ཅན་ཡིད་ཀྱིས་བྱས། །ཐར་པ་ཐོན་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླངས། །གསུངས་པའི་མཚན་ཉིད་དེ་ནི་ཚང་གལ་ཆེ། །ཐེག་པ་ཆེ་ཆུང་དགོངས་པ་དཀྲུགས་པ་དང་། །གཏེར་ཆོས་དཀྲུགས་ཤིང་གཏེར་རྫུན་རྩོམ་པ་སོགས། །


CMR048_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མནར་མེད་རྒྱུ་ཡིན་དུག་ལྟར་སྤངས་བར་བྱ། །མཁས་ཁྱད་འདོད་པའི་བསྲེ་སླད་མང་པོ་ཡང་། །གདམས་པ་འཆལ་ཤིང་བྱིན་རླབས་ཡལ་བའི་རྒྱུ། །དེ་ཕྱིར་ཨུ་རྒྱན་ཆེན་པོའི་ཡང་ཡང་བཀག །འོན་ཀྱང་དུས་ཀྱི་དབང་གིས་དེ་མང་སྟེ། །གདམས་ངག་ཚོང་དུས་འོ་མ་ལྟར་འགྱུར་གསུངས། །ཉམས་མགུར་གསོལ་འདེབས་སོགས་ལ་བཀག་པ་མེད། །དེ་ཡང་གཞན་ནས་ཐུ་དང་འདྲ་དཔེ་མིན། །འཕྲལ་དུ་ཉམས་ལ་གང་ཤར་བརྗོད་པ་ཡིན། ༈ །གཞུང་ནས་གབ་འཁྲུགས་སྤྲད་དགོས་ཡོད་པ་རྣམས། །ཤྲཱི་བསྒྲིགས་ནས་བྲི་བ་བཅོས་སླད་མ་ཡིན་ཏེ། །རྗེས་འཇུག་བློ་དམན་རྣམས་ལ་ཕན་ཕྱིར་ཡིན། །ཞལ་ཤེས་གནད་ཀྱི་མན་ངག་ཟབ་མོ་རྣམས། །སྔར་དུས་གསེར་གྱིས་བསླུ་བ་དགོས་ན་ཡང་། །སྙིགས་དུས་བྲི་མཁན་ཙམ་ཡང་དཀོན་པའི་ཕྱིར། །ཟིན་བྲིས་བྲི་བ་ཕན་འདོད་སེམས་བསྐྱེད་ཡིན། ༈ །དེ་ཕྱིར་བདག་གིས་ཟིན་བྲིས་འགྲིགས་ཆོག་སོགས། །མང་པོ་བྲིས་པ་མཁས་འདོད་ཁྱད་ཆོས་མིན། །མ་འོངས་བློ་དམན་རང་འདྲ་མང་པོ་ལ། །ཕན་པའི་སེམས་ཀྱིས་བཞག་པ་བྱས་པ་ཡིན། །དེ་ལ་འགལ་འཁྲུལ་སྦ་


CMR048_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འོས་གསལ་བཀོད་སོགས། །འགལ་འཁྲུལ་མཆིས་ན་ཆོས་བདག་སྲུང་མར་བཤགས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །དེ་དག་ཉམས་སུ་ལེན་པ་ཐམས་ཅད་ལ་།བྱིན་གྱིས་རློབས་ལ་སྲུང་སྐྱོབ་མཛད་དུ་གསོལ། །ཞེས་པ་འདི་བླ་མ་ཆོས་དབང་འདས་རྗེས། བདག་གི་སྔར་ནས་ཟིན་བྲིས་འགྲིགས་ཆོག་རྩོམ་སོགས་མང་དུ་བྱས། དེ་དག་མ་ལེགས་པ་ཡིན་ནམ་ད་ལོ་ན་ཉིང་རྐྱེན་ཁ་ཆེན་པོ་བྱུང་། རང་གི་ལག་པ་འདི་ཡང་མ་བདེ། སྔོན་དྲུང་རམ་དཀར་པོ་བས་དགོངས་འདུས་མེ་ཏོག་ཕྲེང་མཛེས་ཀྱི་བཤད་པ་བརྩམས་པས། སྨྱུག་གྲི་ཟུག་ནས་འདས་རྐྱེན་བྱས་སྐད། ཉི་མ་ཞེས་བྱ་བའི་སྔགས་པས་གུ་དྲག་དུང་ཐོན་ཐོག་བརྒྱབ་པ་སྡུག་ཁོང་ནམ་མཁའི་སྙིང་པོའི་གདུང་རྒྱུད་ཡིན་པ་འདུག་སྟེ། རཏ་གླིང་པད་གླིང་གི་གུ་དྲག་བསྲེས་ནས་བྲིས་མ་ཐག་ལྕེ་དིག །བུ་བུ་མོ་རྣམས་སྨྱོ་ནས་རབས་ཆད་སྐད། འབྲི་ཁུང་ཞབས་དྲུང་ཆོས་ཀྱི་གྲགས་པས། གཤིན་རྗེ་ཚེ་བདག་གི་ཟིན་བྲིས་འགའ་མཛད་པས། ཕྱག་མཛུབ་བསྙུངས་ནས་འདས་རྐྱེན་བྱས་སྐད། ད་ནི་བདག་གིས་ཀྱང་རྩོམ་དང་ཟིན་བྲིས་གང་ཡང་མི་བྱེད་དགོས། སྙམ་པ་ཆགས་དོ། མི་ཕོད་པ་ཨེ་ཡིན་བསམ་ནས་ཉལ་ནུབ་རྨི་ལམ་དུ། མཆོད་ཁང་འདྲ་བ་གཅིག་གི་ནང་དུ་ཕྱིན་པས། ང་རང་གི་ལག་ཏུ་ང་རང་གི་གཏེར་བཏོན་པ་ཡིན་སྙམ་པའི་དཔེ་ཆ་གསར་བ་འགའ་གདའ། སྐུ་འདྲ་དེ་ཚོའི་གསེབ་ནས་ད་རུང་ང་ཡི་གཏེར་འདོན་རྒྱུ་མང་པོ་གདའ་སྟེ། དེ་སྔ་ཡང་


CMR048_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་ཏེ་ང་ལ་གཏེར་ཐོན་ཟེར་བའི་ལུང་བསྟན་མེད་པས་འདོན་མི་ཕོད་བསམས་པས། ཁྱོད་རང་གི་གཏེར་འདོན་འཕྲོ་རྣམས་ཐོན་ཟེར་བའི་སྒྲ་ཞིག་ནམ་མཁའ་ནས་གྲག །གཉིད་པ་དང་རྩོམ་རྣམས་རུང་ཟེར་བའི་བརྡའ་རུ་གོ་ནས་བྲིས་པའོ། །རཱ་ག་ཨ་སྱས་སོ།། ༈ །།པད་འབྱུང་ལ་གདུང་བའི་གསོལ་འདེབས་སྤྲུལ་སྐུ་ལ་ས་གཏེར་གྱི་སྐལ་པ་དུས་ལས་མི་འདའ་བའི་བདེན་ཚིག་ནི། ༅། གུ་རུ་པདྨ་སིདྡྷི་ཧཱུྃ༔ གནམ་ལོ་རྒྱལ་པོར་མཚན་གསོལ་བ། །ཅང་ཤེས་རྒྱལ་པོ་བ་ལ་ཧོ། །ཟླ་བ་བློན་པོས་རིས་བབ་པ། །བལ་ཆེན་གཡང་གི་ཕྱི་མོ་ལ། །ཨུ་རྒྱན་འབྱོན་པར་ཞལ་བཞེས་པའི། །དཀར་པོའི་ཕྱོགས་ཀྱི་ཚེས་བཅུ་ལ། །ཟབ་རྒྱས་ཚོགས་ཀྱི་འཁོར་ལོའི་དུས། །གསོལ་བ་གང་བཏབ་འགྲུབ་གསུངས་ན། །འདོད་དོན་གསོལ་བ་འདེབས་ལགས་ཀྱི། །སེམས་ཅན་ཀུན་གྱི་བསམ་པ་ནི། །མ་འདྲེས་སོ་སོར་མཁྱེན་ལགས་ན། །བདག་གིས་འདོད་དོན་དགོངས་པར་མཛོད། །འགྲོ་དྲུག་ཀུན་གྱིས་སྒྲ་སྐད་ནི། །མ་འདྲེས་སོ་སོར་གསན་ལགས་ན། །བདག་གི་ཚིག་འདི་གསན་དུ་གསོལ། །ཐུགས་རྗེ་གློག་བས་མྱུར་བ་ན། །མྱུར་མགྱོགས་ཕྱག་གིས་བསྐྱབ་ཏུ་གསོལ། །ལུང་བསྟན་མི་འགྱུར་རྡོ་རྗེ་ཡི། །


CMR048_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །ས་རྟགས་གནམ་རྟགས་ཚང་ལགས་ཀྱི། །ཁ་བྱང་ཤོག་སེར་གནང་དུ་གསོལ། །ཚེ་དབང་རིག་འཛིན་ཁྱེད་ལགས་ཀྱིས། །ཚེ་ཡི་བར་ཆད་བཟློག་ཏུ་གསོལ། །རེ་ས་གཞན་མེད་ཁྱེད་རང་མཁྱེན། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ནི། །ལོ་བརྒྱའི་བར་དུ་ཞབས་བརྟན་ཅིང་། །ཕྲིན་ལས་རྒྱས་པར་བྱིན་གྱིས་རློབས། །རྩེ་གཅིག་དད་པས་གསོལ་བཏབ་ན། །གསོལ་བཏབ་དོན་དང་ལྡན་པར་མཛོད། །དེ་སྐད་རཱ་ག་ཨ་སྱས་སྨྲས།། ༈ །།རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་བླ་མ་ཡི་དམ་དབྱེར་མེད་དུ་གསོལ་འདེབས་སྨོན་ལམ་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །དམར་ནག་དཀར་བའི་ཞལ་གསུམ་པ། །ཕྱག་དྲུག་དར་དང་རིན་ཆེན་བརྒྱན། །དང་པོས་པདྨ་དེའི་ཁ་འབྱེད། །བར་པས་རྡོ་རྗེ་རིན་ཆེན་ཏེ། །ཐ་མས་འཁོར་ལོ་རལ་གྲི་འཛིན། །རང་འདྲའི་ཡུམ་དང་གཉིས་སུ་མེད། །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །དེ་དང་ངོ་བོ་དབྱེར་མེད་ཀྱང་། །མི་ལས་འདས་ཀྱང་མི་གཟུགས་འཛིན། །མཐོན་མཐིང་ཅོད་པན་འཆང་


CMR048_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས། །བཛྲ་དྷརྨ་དྷརྟུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བླ་མ་ཡི་དམ་དབྱེར་མེད་པ། །གོ་བ་སྔར་ནས་ཡོད་མོད་ཀྱང་། །ངེས་ཤེས་ད་ལམ་གཏིང་ནས་སྐྱེས། །ད་ནི་སྙིང་ནས་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོག་རྣམས། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་ལམ་སྣ་དྲོངས། །འོད་དཔག་མེད་དང་ཞལ་མཇལ་ནས། །འཇིག་རྟེན་དབང་ཕྱུག་ཁྱེད་ཉིད་དང་། །རྟག་ཏུ་མི་འབྲལ་ཞིང་དེ་འཛིན། །བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག །ཅེས་གསང་འདུས་འཇིག་རྟེན་དབང་ཕྱུག་གི་བསྙེན་པ་ཞག་བདུན་བྱས་པས་ཞག་དྲུག་ནུབ་ཉམས་རྨི་ལམ་གྱི་མཚམས་སུ། གསང་འདུས་དམར་པོ་ཞལ་གསུམ་ཕྱག་དྲུག་པ་མང་པོས་ནམ་མཁའ་ཐམས་ཅད་གང་བ་ཧ་ལམ་ཙམ་མཐོང་། བདུན་ནུབ་རྒྱལ་བའི་དབང་པོས་གསུངས་རིན་པོ་ཆེ་བས་ཕྱག་བྲིས་མཛད་ནས་བཀུར་བ་ཡིན་སྙམ་པའི་བཀའ་ཤོག་ཅིག་ལ། ཡི་དམ་གཅིག་ལ་ཐུགས་དམ་བྱ་ཚུལ་དང་ཡང་ན་རྒྱལ་བའི་དབང་པོ་ཉིད་ལ་བློ་བཀལ་ནས་གསོལ་བ་འདེབས་ཚུལ་གདམས་པ་ཟབ་མོ་འགའ་གདའ་བ། ཀློག་པས་དེ་ནུབ་ཡིད་ལ་གསལ་ཏེ་ཕྱིར་ནངས་བརྗེད། ཐོ་རངས་རྒྱལ་བའི་དབང་པོས་བྱིན་རླབས་རྟེན་ཤོག་ཐུམ་འགའ་བསྐུར་གདའ་བའི་ཁ་ཡིག་ལ། ཕོ་བྱས་གོ་བཅད་ད་རུང་


CMR048_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གྲངས་འདི་ཙམ་ལ་འགྲོ་དོན་གྱིས་ཟེར་བའི་ཡི་གེ་གདའ་སྟེ་ལོ་གྲངས་འདི་རུ་བྲིས་པར་མི་རུང་རྨི་ལམ་དེ་ལྟར་བྱུང་བས་གསོལ་བ་བཏབ་པའོ། ༧ ཨ་རཱ་གས་སོ།། ༈ །།སྒམ་པོ་སྤྲུལ་སྐུའི་དྭགས་བརྒྱུད་ལ་གསོལ་བ་འདེབས་པ་ནི། ན་མོ་གུ་རུ། སྔོན་ཚེ་སེམས་དཔའ་མེ་ཏོག་ཟླ་མཛེས་ནི། །ཤཱཀ་ཐུབ་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །གངས་རིའི་ཁྲོད་དུ་དགེ་སློང་འཚོ་མཛད་ཅེས། །མདོ་སྡེ་དུ་མར་ཡང་ཡང་ལུང་བསྟན་པ། །ཐུབ་དབང་གཉིས་པ་དེ་ལ་གསོལ་བ་འདེབས། །ཡང་ཟབ་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་སྒྲ། །ཆོས་ཀྱི་རྔ་ཆེན་ཁྱེད་ཀྱིས་བརྡུང་བའི་མཐུས། །གང་ཐོས་ཐམས་ཅད་མཆོག་གི་དངོས་གྲུབ་ཐོབ། །གྲུབ་ཐོབ་ཆར་པ་འབེབས་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དབང་རྒྱལ་བ་ཀརྨ་པ། །པད་འབྱུང་ས་ར་ཧ་དང་འཚོ་མཛད་ཉིད། །མཐོང་ཐོས་དྲན་གྲོལ་ཉིད་དུ་ཞལ་བཞེས་པའི། །འབྲེལ་ཚད་དོན་ལྡན་དེ་ལ་གསོལ་བ་འདེབས། །སྤྱོད་པ་འདུལ་བ་དང་མཐུན་གཙང་བ་དང་། །བསམ་པ་བྱང་ཆུབ་སེམས་ཀྱི་བཟོ་རྒྱ་ལེགས། །ཉམས་ལེན་ཕྱག་རྒྱ་ཆེན་པོ་གནད་དུ་བསྣུན། །མགོན་པོ་ཁྱེད་ཀྱི་རྣམ་ཐར་འགྲུབ་པར་ཤོག །བདག་དང་སློབ་མ་གས་


CMR048_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པར་བཅས་པ་ཡང་། །མགོན་པོ་ཁྱེད་ཀྱི་རྗེས་སུ་འཇུག་ལགས་ཀྱི། །ཁྱེད་ལྟར་ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པ་སྒམ་པོ་སྤྲུལ་སྐུས་ཆོས་བསྐུར་བྱུང་བ། སྔས་སུ་བཞག་ནས་ཉལ་ནུབ། ནམ་ཕྱེད་གྲུབ་ཐོབ་དྲུག་བདུན་ཙམ་ཞིག་གྲལ་བྱས་ནས་བཞུགས་འདུག་པའི་གྲལ་འདབས་སུ་རང་ཡང་བསྡད་པ་དང་། ཐོ་རངས་རྒྱལ་བའི་དབང་པོ་སྐུ་དངོས་འདྲ་བ་ཞིག་མཇལ། །ང་ལ་སྐུ་རྩེད་མཛད་ནས་ཡར་ལ་ཕེབས་སོང་བ། ང་རང་ཡང་དྭགས་ཞུ་དང་ཆོས་གོས་གཟན་ནས་དེའི་རྗེས་སུ་སོང་ཙ་ན། ཁང་བཟང་ལེགས་པོ་གཅིག་ཏུ་སླེབས་པ་རྨིས། གཉིད་སད་ནས་ཉམས་སྣང་ལ། ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཟེར་བའི་སྒྲ་ཞིག་གྲགས་སོ། །དེ་ཕྱིར་གསོལ་འདེབས་འདི་བྱས་སོ། །རཱ་ག་ཨ་སྱས་སོ། །མངྒ་ལཾ།། ༈ །།འཕགས་མ་སྒྲོལ་མ་དཀར་མོའི་གསོལ་འདེབས་བཞུགས་སོ། །ན་མོ་ཨཱཿརྱ་ཏཱ་རེ་ཡེ། བདེ་བ་ཅན་གྱི་ཞིང་ཁམས་ན། །མགོན་པོ་ཚེ་དཔག་མེད་པའི་ཡུམ། །གོས་དཀར་མོ་ལ་གསོལ་བ་འདེབས། །པོ་ཊ་ལ་ཡི་གནས་མཆོག་ན། །འཕགས་པ་སྤྱན་རས་གཟིགས་ཀྱི་ཡུམ། །འཕགས་མ་སྒྲོལ་མར་གསོལ་བ་འདེབས། །སྤྲུལ་པས་འཛམ་གླིང་ཆུ་བཞིའི་རྒྱུད། །ཐམས་ཅད་མ་ལུས་ཁྱབ་


CMR048_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང་། །འགྲོ་དོན་མཛད་ལ་གསོལ་བ་འདེབས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ལུས་དང་གྲིབ་བཞིན་རྗེས་འབྲང་ནས། །སྲུང་སྐྱོབ་མཛད་ལ་གསོལ་བ་འདེབས། །འཇིགས་པ་བཅུ་དྲུག་གང་བྱུང་སར། །གློག་བཞིན་མྱུར་བར་དེར་བྱོན་ཏེ། །སྐྱབས་ཞུས་སྐྱོབ་མཛད་མ་ལ་འདུད། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཅི་འདོད་ཡིད་བཞིན་སྩོལ་མཛད་མ། །ཡིད་བཞིན་འཁོར་ལོར་གྲགས་ལ་བསྟོད། །བདག་དང་སློབ་མ་བརྒྱུད་པར་བཅས། །ལྷ་མོ་ཁྱོད་ལ་སྐྱབས་གསོལ་གྱིས། །རྟག་ཏུ་ཐུགས་རྗེས་སྐྱོབས་པར་ཞུ། །ཞེས་པ་འདི་ནི་གཉེར་པས་ཚེ་དཔག་སྟོང་སྐུའི་པར་བཏབ། ནང་གཞུག་ལ་བདག་གི་སྐུ་མཚལ་བཞག །ཚོན་རྩི་ལེགས་པར་གསོལ་འདུག་པ་ལ་རབ་གནས་ནུབ་རྨི་ལམ་དུ་ལྷ་ཁང་གཅིག་གི་ནང་དུ། སྐུ་སྐྱེ་འགའ་མཇལ་རྒྱུ་ཡོད་སྙམ་ནས་སོང་ཙ། ཁྲི་མཐོན་པོ་ལྔའི་སྟེང་ན། སྒྲོལ་མ་དཀར་མོ་ལྔ་ཤིན་ཏུ་གསལ་བ་དངོས་སུ་བཞུགས་འདུག་ཅིང་། སྤྱན་ཅུང་ཟད་བསྒྲད་འདུག །ལྔ་ཁ་ཞི་ཞིང་འཛུམ་པ་བཞད་ཅིང་འདུག་པ་མཇལ། སྐུ་འདྲ་ལ་རབ་གནས་ཞག་འགའི་བར་འཛིན་འདུག་ཟེར་བ་ལ་བརྟེན་ནས་བྲིས་པའོ། །ཨ་རཱ་གས་སོ།། ༈ །།རྒྱལ་བའི་དབང་པོ་བཅུ་པ་དང་དྲུང་པ་ལ་ངོ་བོ་དོན་གྱིས་སྣང་ཚུལ་གྱི་གསོལ་འདེབས་


CMR048_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ན་མོ་ལོ་ཀི་ཤྭ་ར་ཡེ། བདེ་བ་ཅན་གྱི་ཞིང་ཁམས་ན། །བཞུགས་ཚེ་རྒྱལ་བ་རྒྱ་མཚོར་གྲགས། །རི་བོ་ཏ་ལའི་རྩེ་མོ་རུ། །བཞུགས་ཚེ་འཕགས་པ་སྤྱན་རས་གཟིགས། །ཟངས་མདོག་དཔལ་རིའི་རྩེ་མོ་རུ། །བཞུགས་ཚེ་རིག་འཛིན་ཐོད་ཕྲེང་རྩལ། །རི་བོ་ཏ་ལའི་རྩེ་མོ་རུ། །བཞུགས་ཚེ་འཕགས་པ་སྤྱན་རས་གཟིགས། །ཟངས་མདོག་དཔལ་རིའི་རྩེ་མོ་རུ། །བཞུགས་ཚེ་རིག་འཛིན་ཐོད་ཕྲེང་རྩལ། །ཤར་གྱི་ཕྱོགས་ཀྱི་ཞིང་ཁམས་ན། །བཞུགས་ཚེ་འཕགས་པ་སེང་གེ་སྒྲ། །ལྷོ་ཡི་ཕྱོགས་ཀྱི་ཞིང་ཁམས་སུ། །བཞུགས་ཚེ་ཡིད་བཞིན་འཁོར་ལོ་ཞེས། །ནུབ་ཀྱི་ཕྱོགས་ཀྱི་ཞིང་ཁམས་སུ། །བཞུགས་ཚེ་འཇིག་རྟེན་དབང་ཕྱུག་ཟེར། །བྱང་གི་ཕྱོགས་ཀྱི་ཞིང་ཁམས་སུ། །བཞུགས་ཚེ་དོན་ཡོད་ཞགས་པར་གྲགས། །འོག་མིན་འཐུག་པོ་བཀོད་པ་ན། །བཞུགས་ཚེ་རྣམ་པར་གངས་ཅན་མཚོ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་ན། །བསྐལ་བཟང་སངས་རྒྱས་བྱེ་བ་བརྒྱ། །བོད་ཡུལ་བྱེ་བ་ཕྲག་བརྒྱ་ན། །སྲོང་བཙན་སྒམ་པོ་བྱེ་བ་བརྒྱ། །འཇང་ཡུལ་རི་བོ་པོ་ཊ་ལར། །བཛྲ་དྷརྨ་དྷཱ་ཏུ་ཞེས། །ཚེར་ལུང་པར་གྲགས་ལ་སོགས་


CMR048_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གར་འདྲ་སྟོང་གི་འཁོར་དང་བཅས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་བདག་ལ་འབྲེལ་ཐོགས་རྣམས། །བདེ་བ་ཅན་དུ་ལམ་སྣ་དྲོངས། །ཞེས་པ་འདི་ནི་ལུག་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ལ་དུང་གཉིས་ཚར་བའི་དུང་སྟོན་དང་བསྔོ་བ་སྨོན་ལམ་ཚར་ནུབ། རྨི་ལམ་དུ་བཛྲ་དྷམཱ་དྷཱཏུ་སྐུ་མངོན་སུམ་ལྟ་བུ་ཞིག་མཇལ། བདག་ལ་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་གྱིས། ཕྱག་གཉིས་ཀྱིས་བདག་ལ་འཁྱུད་དེ། བདག་གི་ཁ་དང་དཔུང་པ་གཡོན་འོ་བསྐྱལ་བ་ཅིག་རྨིས། དེ་རྗེས་དྲུང་སྐྱིད་སྤྲུལ་སྐུས་བདག་ལ་ཐུགས་ཤིན་ཏུ་དགྱེས་པའི་གསུང་གླེང་འགའ་རེ་དང་། མི་གཞན་མང་པོ་འགའ་ལ། བླ་མ་འདི་ལ་འབྲེལ་པ་ཐོགས་ལ་བཀུར་སྟི་གྱིས་དང་། དོན་ཆེན་པོ་དང་ལྡན་པའི་བཀའ་བཀོད་འགའ་རེ་གནང་ཐལ་བ་ཞིག་རྨིས་པ་ལ་བརྟེན་ནས་ཨ་རྭགས་བྲིས་པའོ།། ༈ །།རི་པ་ཆོས་རྗེ་བག་ཡོད་ཀྱི་སྐུ་ཚེ་ཕྲིན་ལས་རྒྱས་པའི་ཆེད་དུ། རྩེ་གསུམ་ལ་གསོལ་འདེབས་བདེན་སྟོབས་ཀྱི་སྨོན་ལམ་བཞུགས་སོ། ། ༈ ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་འབའ་བྲོམ་པ། །རས་ཆེན་པ་དང་རས་པ་དཀར་པོའི་མཚན། །ལུས་མེད་རྡོ་རྗེ་ཁུ་དབོན་རྣམ་གཉིས་དང་། །མཆོག་ཐུན་དངོས་གྲུབ་གཉིས་ལ་མངའ་བརྙེས་པའི། །གྲུབ་ཆེན་


CMR048_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་རྫོངས་ཤཱཀྱ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །རིགས་རྒྱུད་ཆོས་བརྒྱུད་རྣམས་ལ་བྱིན་གྱིས་རློབས། །ཆོས་ཀྱི་དབང་ཕྱུག་ཆོས་དབྱིངས་རྡོ་རྗེ་དང་། །ཀུན་དགའ་རྣམ་རྒྱལ་ཀརྨ་བསྟན་སྐྱོང་སོགས། །འབྲེལ་ཐོག་བླ་མ་རྣམས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །འཇམ་དབྱངས་གྲགས་པ་བཀྲ་ཤིས་དཔལ་འབྱོར་དང་། །མགོན་དབང་བ་སོགས་ཀརྨ་ཚེ་དབང་སོགས། །བཀའ་བབས་རིག་འཛིན་བརྒྱུད་པའི་བླ་མ་རྣམས། །དེང་འདིར་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །དྲག་པོ་པདྨ་ཁྲོ་ཆུ་དུག་གདོང་དང་། །འཁོར་ལོ་སྡོམ་པ་རྡོ་རྗེ་ཕག་མོ་སོགས། །བཀའ་བབས་བརྒྱུད་པའི་ཡི་དམ་ཐམས་ཅད་ཀྱང་། །རིགས་ཀྱི་བུ་ལ་བརྒྱུད་པའི་ལྷ་འཁོར་ཕྱིར། །ལུས་ངག་ཡིད་གསུམ་སྲུང་ཞིང་བསྐྱབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བྱ་རོག་མཚན་ཅན་དུད་སོལ་ལྷ་མོ་སོགས། །བཀའ་བབས་རྒྱུད་པའི་ཆོས་སྐྱོང་སྲུང་མ་རྣམས། །སྔོན་གྱི་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ། །རིགས་རྒྱུད་ཆོས་བརྒྱུད་དར་ཞིང་རྒྱས་


CMR048_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པའི་སྡོང་གྲོགས་མཛོད། །དེ་ལྟར་བླ་མ་ཡི་དམ་ཆོས་སྐྱོང་ལ། །རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །རྡོ་རྗེ་འཛིན་པ་ཀརྨ་བག་ཡོད་སོགས། །རི་པ་རྫ་རི་བ་ཞེས་རབ་གྲགས་པའི། །རིགས་རྒྱུད་ཆོས་བརྒྱུད་བཅས་པ་འདི་རྣམས་ལ། །གལ་ཏེ་བག་མེད་བདུད་ཀྱིས་འཚེ་བ་ན། །བག་ཡོད་ཐུགས་རྗེ་ལྡན་པའི་ལྷ་སྲུང་གིས། །མི་མཐུན་གནོད་པའི་རྐྱེན་རྣམས་རབ་བསལ་ཏེ། །འཆི་མེད་རྡོ་རྗེའི་སྐུ་ལྟར་བག་ཡོད་ཤོག །བག་མེད་རྨོང་པའི་དྲི་མ་རབ་བསལ་ནས། །བག་ཡོད་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས། །མདོ་རྒྱུད་གསར་རྙིང་གཞུང་ལུགས་རྒྱ་མཚོ་ལ། །ཐོགས་མེད་འཇམ་པའི་དབྱངས་ལྟར་བག་ཡོད་ཤོག །བག་མེད་འཆལ་བའི་དྲི་མ་རབ་སྤངས་ནས། །བག་ཡོད་ཤེས་བཞིན་ལྡན་པའི་བཙུན་ཚུགས་ཀྱིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཁྲིམས་ཀྱི་གཞི། །ཉམས་མེད་ཉེ་བ་འཁོར་ལྟར་བག་ཡོད་ཤོག །བག་མེད་ཞེ་སྡང་གནོད་སེམས་རབ་སྤངས་ནས། །བག་ཡོད་བྱམས་དང་སྙིང་རྗེའི་ཕན་སེམས་ཀྱིས། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་གཉིས་པོ། །མཉམ་མེད་མི་ཕམ་མགོན་ལྟར་


CMR048_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཡོད་ཤོག །བག་མེད་ཉམས་ཆག་སྒྲིབ་པ་རབ་སྤངས་ནས། །བག་ཡོད་བསྐྱེད་རྫོགས་ཟུང་དུ་འཇུག་པའི་མཐུས། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་རྣམས། །ཉམས་ལེན་གསང་བའི་བདག་ལྟར་བག་ཡོད་ཤོག །བག་མེད་ཐ་མལ་སྣང་བ་རབ་སྤངས་ནས། །བག་ཡོད་བསྐྱེད་རིམ་བརྟན་པ་ཐོས་པའི་མཐུས། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི། །ཐོགས་མེད་པད་འབྱུང་ལྟ་བུར་བག་ཡོད་ཤོག །བག་མེད་ཐ་མལ་ལས་རླུང་དག་བྱས་ཏེ། །བག་ཡོད་རྩ་རླུང་གནད་དུ་བསྣུན་པའི་མཐུས། །དགའ་བཞིའི་ཡེ་ཤེས་བདེ་སྟོང་ཏིང་ངེ་འཛིན། །ཉམས་ལེན་ནཱ་རོ་པ་ལྟར་བག་ཡོད་ཤོག །བག་མེད་ཐ་མལ་འཁྲུལ་པ་རབ་སྤངས་ནས། །བག་ཡོད་ཡེངས་མེད་དྲན་པ་བརྟན་པའི་མཐུས། །སྣངསྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལས། །ཉམས་ལེན་ས་ར་ཧ་ལྟར་བག་ཡོད་ཤོག །བག་མེད་རང་དོན་ཞི་བདེའི་སེམས་སྤངས་ནས། །བག་ཡོད་སེམས་བསྐྱེད་སྨོན་ལམ་རྒྱ་མཚོའི་མཐུས། །འབྲེལ་ཚད་དོན་ལྡན་འགྲོ་དོན་རྒྱ་མཚོ་ལས། །ཉམས་མེད་སྤྱན་རས་གཟིགས་ལྟར་བག་ཡོད་ཤོག །ཀརྨ་བཀའ་བརྒྱུད་ཐར་པའི་ཁང་བཟང་


CMR048_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར། །བག་ཡོད་བསླབ་གསུམ་ངུར་སྨྲིག་རྒྱལ་མཚན་འཛིན། །ལུགས་གཉིས་རྣམ་སྤྱོད་རིན་ཆེན་འོད་འབར་བས། །ཐུབ་བསྟན་མི་ནུབ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་རིགས་རུས་རྣམ་སྤྱོད་ཕུན་སུམ་ཚོགས་པ། རི་པ་བླ་མ་ཀརྨ་བག་ཡོད་ཀྱིས་བཞེད་པ་ལྟར། རྣལ་འབྱོར་པ་ཀརྨ་ཨ་རཱ་གས་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བཅུ་གཉིས་པར། མེ་རླུང་འཕྲོད་པའི་བཀྲ་ཤིས་པའི་དུས་སྦྱོར་བཟང་པོ་ལ་སྦྱར་བའོ། །མངྒ་ལཾ།། ༈ རྟོགས་ལྡན་སངས་རྒྱས་དར་མཆེད་གྲོགས་ལ་གདམས་པའི་མགུར་ཚན་གཅིག་བཞུགས་སོ། །ན་མོ་གུ་རུ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །ཆོས་འབྲེལ་བ་ཐོབ་ཚད་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེ་རྫོགས། །དབུ་པད་ཞྭ་རྒོད་སྒྲོ་ཉི་ཟླས་བརྒྱན། །ཞལ་ཁྲོ་འཛུམ་སྤྱན་གཉིས་བདག་ལ་གཟིགས། །ཕྱག་རྡོ་རྗེ་བྷནྡྲ་ཁ་ཊཾ་འཛིན། །སྐུ་ཟབ་བེར་ཆོས་གོས་སྐུ་ལ་གསོལ། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དེ་ཐམས་ཅད་སྤྱན་དྲངས་དབྱེར་མེད་ཐིམ། །རྗེ་


CMR048_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཐུགས་ཆོས་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སྐྱབས་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །གསུང་ལོངས་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ངག་ལོངས་སྐུར་རྟོགས་པར་བྱིན་གྱིས་རློབས། །དཔལ་དགེ་འདུན་ཐམས་ཅད་འདུས་པའི་ཐུགས། །སྐུ་སྤྲུལ་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལུས་སྤྲུལ་སྐུར་རྟོགས་པར་བྱིན་གྱིས་རློབས། །ལུས་དལ་འབྱོར་མི་ལུས་རིན་ཆེན་འདི། །དཔེ་ལོ་བརྒྱ་ནང་གི་ཐོག་གཅིག་བཞིན། །དུས་ཡང་ཡང་མི་ཐོབ་ད་རེས་ཙམ། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་འདི་ཡི་ལོངས་སྤྱོད་སྙན་གྲགས་རྣམས། །དཔེ་ཁ་ཟས་དུག་དང་འདྲེས་པ་བཞིན། །འཕྲལ་སྐྱིད་ཀྱང་ཕུགས་སུ་གནོད་པ་ཆེ། །སྤྲང་བྱ་བ་ཐོངས་བར་བྱིན་གྱིས་རློབས། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་འདི། །ཚིག་རྣ་བས་ཐོས་ཀྱང་གློ་སྙིང་འདར། །འདི་ཐོག་ཏུ་བྱུང་ན་ཇི་ལྟར་བཟོད། །ལས་སྡིག་ལ་


CMR048_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འཛེམ་པར་བྱིན་གྱིས་རློབས། །ཚེ་མི་རྟག་རླུང་གསེབ་མར་མེ་འདྲ། །དགྲ་འཆི་བདག་ནམ་འོང་ཚོད་ཟིན་མེད། །དེ་བྱུང་ན་ཡུད་ཙམ་བཤོལ་ཐབས་མེད། །སྤྲང་དམ་ཆོས་འགྲུབ་པར་བྱིན་གྱིས་རློབས། །ཐར་དཀའ་བ་འཁོར་བའི་རྒྱ་མཚོ་ལས། །སྐྱོབས་ངེས་པའི་བླ་མ་དཀོན་མཆོག་གསུམ། །དེ་གཅིག་བསྡུས་པདྨ་འབྱུང་གནས་ལ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །གནས་འགྲོ་དྲུག་སེམས་ཅན་མ་ལུས་པ། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །དེ་ཐམས་ཅད་བདེ་ལ་འགོད་པའི་ཕྱིར། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྔོན་ཐོག་མེད་དུས་ནས་ད་ལྟའི་བར། །ལས་མི་དགེའི་སྡིག་པ་ཅི་བསགས་པ། །རྗེ་པད་འབྱུང་སྤྱན་སྔར་མཐོལ་ལོ་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་མཆིས་པ། །རྗེ་ཁྱེད་ཀྱི་སྤྱན་སྔར་མཆོད་པ་འབུལ། །བདག་ཚོགས་གཉིས་ཡོངས་སུ་རྫོགས་ནས་ཀྱང་། །དོན་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །སྙིང་རུས་པའི་གཏིང་ནས་གསོལ་བཏབ་པས། །ཕ་པདྨ་འབྱུང་གནས་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་དབང་བཞི་རྟན་ཐོག་གཅིག་ཏུ་ཐོབ། །ད་ཚུར་


CMR048_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་མི་མཐོང་དངོས་པོ་མེད། །ཆོས་སྟོང་པ་ཉིད་ཅེས་དེ་ལ་ཟེར། །སེམས་མེད་པ་མ་ཡིན་ཅི་ཡང་འཆར།། དོན་རང་རིག་འོད་གསལ་དེ་ལ་ཟེར། །སེམས་བཞག་པས་མི་འདུག་ཕྱོགས་བཅུར་རྒྱུག །དོན་ཡེ་ཤེས་ཟང་ཐལ་དེ་ལ་ཟེར། །སེམས་བཏང་ན་མི་འགྲོ་ཚུལ་ལ་འཁོར། །སེམས་གནས་པའི་ངོ་བོ་དེ་ལ་ཟེར། །རང་སེམས་ཀྱིས་སེམས་ལ་ལྟ་བ་འདི། །ཕ་པདྨ་འབྱུང་གནས་ལྟ་བ་ཡིན། །སྤྱང་བདག་ཀྱང་ལྟ་བ་དེ་ལ་བལྟ། །ད་ལྷག་ཆད་མེད་པས་ཉམས་རེ་དགའ། །སེམས་མ་ཡེངས་དྲན་པའི་རྒྱུངས་སོ་འདི། །རྗེ་པདྨ་འབྱུང་གནས་སྒོམ་པ་ཡིན། །སྤྲང་བདག་ཀྱང་ཉམས་ལེན་དེ་ལ་བྱེད། །ད་གོལ་ས་མེད་པ་ཉམས་རེ་དགའ། །སེམས་ཡེངས་མེད་དྲན་པས་སྡིག་པ་སྤངས། །རྗེ་པདྨ་འབྱུང་གནས་སྤྱོད་པ་ཡིན། །སྤྲང་བདག་ཀྱང་སྤྱོད་པ་དེ་ལྟར་བྱེད། །ད་ཉེས་ལྟུང་མེད་པ་ཉམས་རེ་དགའ། །རང་སེམས་ཆོས་སྐུ་མངོན་གྱུར་ན། །རྗེ་པདྨ་འབྱུང་གནས་འབྲས་བུ་ཡིན། །སྤྲང་བདག་ཀྱང་འབྲས་བུ་དེ་ལ་བྱེད། །རང་སེམས་སངས་རྒྱས་རྟོགས་པས་ཉམས་རེ་དགའ། །


CMR048_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་སྒོ་འགྲིམ་བསོད་སྙོམས་འདི། །རྗེ་མི་ལ་རས་པའི་འཚོ་བ་ཡིན། །སྤྱང་བདག་ཀྱང་འཕྲལ་ཕྱིར་འཚོ་བ་བསྟེན། །ད་ཟད་དོགས་མི་དགོས་ཉམས་རེ་དགའ། །ཡོན་བདག་རྒྱལ་ཁམས་ཕྱོགས་མེད་འདི། །དགེ་འདུན་རྣམས་ཀྱི་རྣམ་ཐར་ཡིན། །སྤྲང་བདག་ཀྱང་ཡོན་བདག་དེ་ལ་བྱེད། །ད་ངོ་སྲུང་མི་དགོས་ཉམས་རེ་དགའ། །མི་བདག་གིས་ཉམས་ལེན་སྐྱོངས་བ་སོགས། །དུས་གསུམ་དུ་བསགས་པའི་དགེ་བ་འདི། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །ཉམས་རྟོགས་པ་ཡར་ངོའི་ཟླ་བཞིན་འཕེལ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །གདན་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །གཞི་གདོད་ནས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་བ་མེད་པ་དང་། །རྗེ་རྒྱལ་བའི་ཐུགས་རྗེ་ཚད་མེད་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་རྟོགས་ལྡན་སངས་རྒྱས་དར་མཆེད་གྲོགས་གཉིས་ཀྱི་ཉམས་ལེན་རྒྱུར། ༧ ཨ་རཱ་གས་འཕྲལ་དུ་བྲིས་པའོ། །འདི་བློ་ལ་ཟུང་ལ་དོན་འདི་ཡིད་ལ་བསྒོམ་ཞིང་ཁ་ཐོན་མཛོད་དང་རྟོགས་པ་སྐྱེའོ། །མངྒ་ལཾ།། ༈ ། །།ཟུང་འཇུག་བརྒྱུད་པའི་བླ་


CMR048_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མར་གསོལ་བ་འདེབས་པའི་དུས་མིན་འཆི་བཟློག་གི་དམིགས་རིམ་ཁྱད་པར་ཅན་བཞུགས་སོ།། ༄༅། །རང་གི་སྤྱི་གཙུག་པདྨ་དང་ཟླ་བའི་གདན་ལ་རང་གི་ཆོས་འབྲེལ་ཐོབ་ཚད་ཀྱིས་དད་པ་གང་ཡོད་ཀྱི་བླ་མ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ལ། རྣམ་པ་སངས་རྒྱས་ཚེ་དཔག་མེད་དམར་པོ་མཉམ་བཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དཔེ་བྱད་འོད་འབར་བ། དེའི་དབུ་གཙུག་ནས་ཡར་ལ་བཀའ་བརྒྱུད་བླ་མ་ཐམས་ཅད་ཡར་ལ་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་ཐོ་ལྟར་བརྩེགས་པ། ཐམས་ཅད་ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་ཚེའི་བུམ་པ་བདུད་རྩིས་བཀང་བ་འཛིན་པར་བསྒོམས་ལ། རྡོ་རྗེ་འཆང་ལ་།གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ཏེ་ལོ་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ནཱ་རོ་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ལྷོ་བྲག་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་


CMR048_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མི་ལ་རྗེ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །སྒམ་པོ་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །རས་ཆེན་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །སྤོམ་བྲག་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ཨོ་རྒྱན་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །རང་བྱུང་བ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་


CMR048_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །གཡུང་སྟོན་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མཁའ་སྤྱོད་པ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །དེ་བཞིན་གཤེགས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །གནས་ལུག་མཆོག་གི་དོན་རྟོགས་ཤིང་། །ཉོན་མོངས་གཡུལ་ལས་རྒྱལ་བ་ཡི། །རཏྣ་བྷ་དྲ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མཐོང་བ་དོན་ལྡན་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་


CMR048_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །འཇམ་དཔལ་བཟང་པོ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །དཔལ་འབྱོར་དོན་གྲུབ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །བཀྲ་ཤིས་དཔལ་འབྱོར་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །དཀོན་མཆོག་འབངས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །


CMR048_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག ༈ །རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །མ་མགོན་གཉིས་ལ་གསོལ་བ་འདེབས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསམ་པ་བཞིན་དུ་འགྲུབ་པ་དང་། །ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱིས་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེས་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་བུ་གླིང་བདེ་བར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་ཐམས་ཅད་རྩ་བའི་བླ་མ་ཚེ་དཔག་མེད་ལ་ཐིམ། དེ་ཡང་རང་ལ་ཐིམ་པར་བྷོ་པས། རང་གི་སེམས་ལ་སེམས་ཀྱིས་ལྟོས། དེ་རྣམ་རྟོག་སྐྱེ་བའི་


CMR048_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་ལོ། །གསོལ་འདེབས་འདི་གྲུབ་ཐོབ་ཀརྨ་པཀི་ལ་རྒྱ་ནག་རྒྱལ་པོས་ཆད་པ་བཅད་དུས་གསུངས་པས། མེ་ཆུ་དུག་མཚོན་གང་གིས་མི་གནོད་པ་ཡིན་པས། བྱིན་རླབས་ཤིན་ཏུ་ཆེ་ཕྱིར་ཆོས་སྡེ་ཐམས་ཅད་དུ་ཐུགས་དམ་ཆག་མེད་ཡིན་ནོ། །བསྒོམ་བྱ་དམིགས་པ་དང་བཅས་བཙུན་པ་རྣམས་ཀྱི་བར་ཆད་ཞི་ཕྱིར། རཱ་ག་ཨ་སྱས་ཆོས་སྤྱོད་རབ་གསལ་ནས་བྲིས་སོ། །རྒྱུན་དུ་མ་ཆག་པར་འདོན་པར་གྱིས་ཤིག །མངྒ་ལཾ།། ༈ །ཡེ་ཤེས་རྡོ་རྗེའི་བརྟན་བཞུགས་དང་ཀརྨ་ཆགས་མེད་ཀྱི་གསུང་མགུར་བཞུགས་སོ། ༈ །མཁྱེན་བརྩེའི་རང་བཞིན་མཆོག་གི་བདག་ཉིད་ཅན། །རྒྱལ་བ་ཀུན་དང་ཕྲིན་ལས་མཉམ་པ་ལས། །ལྷག་པའི་ཐུགས་རྗེ་མངའ་བ་ཀརྨ་པ། ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །ཚོགས་གཉིས་རྫོགས་པ་མཚན་དཔེའི་སྐུ་མངའ་བ། །མཐོང་བ་ཙམ་གྱིས་མངོན་མཐོ་ངེས་ལེགས་ཀྱིས། །རྣམ་པར་གྲོལ་བའི་བདེ་བ་མཆོག་གཏེར་བ། །བསྐལ་མང་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །ཆོས་རྣམས་ཀུན་ལ་ཡེ་ཤེས་སྔོན་འགྲོ་ཞིང་། །ཡན་ལག་དྲུག་ཅུའི་ཆོས་སྒོ་མཐའ་ཡས་པ། །གཅིག་ཆར་སྟོན་ལ་འཇིགས་མེད་བསྙེངས་བྲལ་བ། །བསྐལ་མང་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །ཟག་མེད་ཆོས་


CMR048_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཟབ་ཅིང་ཡངས་པ་ལ། །བདེ་ཆེན་འགྱུར་བ་མེད་པས་སྤྲོས་དང་བྲལ། །མཁྱེན་པའི་ཡེ་ཤེས་ཆགས་ཐོགས་མི་མངའ་བ། །བསྐལ་མང་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །བྲལ་སྨིན་ཡོན་ཏན་བྱེ་བ་རང་བཞིན་ལ། །ལེགས་བྱས་དུ་མས་འབྱུང་བ་དབང་གི་རྒྱལ། །འགྲོ་བ་ཡོངས་ཀྱི་རེ་བ་སྐོང་མཛད་པ། །བསྐལ་མང་རྒྱ་མཚོར་བཞུགས་པར་གསོལ་བ་འདེབས། །ཕན་བདེ་མ་ལུས་འབྱུང་བའི་གནས་གཅིག་པུ། །གང་འདུལ་ཐབས་ཀྱིས་རྣམ་འཕྲུལ་ཅིར་ཡང་སྟོན། །འབད་མེད་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཅན། །བསྐལ་མང་རྒྱ་མཚོར་བཞུགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་བའི་བླ་མ་ཡེ་ཤེས་རྡོ་རྗེ་དེས། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་པ་དང་། །བདག་སོགས་གདུལ་བྱ་རྗེས་སུ་འཛིན་མཛད་གསོལ། །ཅེས་རྗེ་བཙུན་དཔལ་ལྡན་བླ་མ་རྒྱལ་དབང་མཆོག་གི་སྤྲུལ་པའི་སྐུའི་བརྟན་བཞུགས་གསོལ་འདེབས་སུ། །ཤཱཀྱའི་བཙུན་པ་ཡེ་ཤེས་སྙིང་པོའི་འོག་མིན་དཔལ་གྱི་མཚུར་ཕུ་ནས་གསོལ་བ་བཏབ་པའོ།། ༈ །།ལྷ་སའི་ཇོ་བོའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ། བསླུ་བ་མེད་པ་སྐྱབས་ཀྱི་


CMR048_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག ཤཱཀྱ་མུ་ནེ་འཛམ་གླིང་རྒྱན། །རྟེན་མཆོག་དེ་ལ་གསོལ་བ་འདེབས། །བར་ཆད་ཞི་བར་བྱིན་གྱིས་རློབས། །རང་བྱུང་སྤྲུལ་པའི་རྟེན་གྱི་མཆོག །ལྷ་ལྡན་ཇོ་བོ་བཅུ་གཅིག་ཞལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བར་ཆད་ཞི་བར་བྱིན་གྱིས་རློབས། །མི་བསྐྱོད་རྡོ་རྗེ་སྒྲོལ་མ་སོགས། །བཀྲ་ཤིས་དབུས་རིས་ལྷ་ས་ཡི། །རྟེན་དང་སྲུང་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །རྟེན་མཆོག་མ་ཧཱ་བོ་དྷི་དང་། །རྟ་མགྲིན་སྲིད་གསུམ་ཟིལ་གནོན་སོགས། །དཔལ་གྱི་བསམ་ཡས་གཙུག་ལག་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །ཁྲ་འབྲུག་ཀུན་བཟང་ནགས་ཁྲོད་དང་། །ཤེལ་བྲག་མཆིམས་ཕུ་ར་སྒྲེང་དང་། །མཚུར་ཕུ་ཟངས་རི་ཡེར་པ་སོགས། །གསོལ་བ་འདེབས་སོ་བར་ཆད་སོལ། །གཞན་ཡང་གནས་དང་གཙུག་ལག་ཁང་། །ཁྱད་པར་འཕགས་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བར་ཆད་རྐྱེན་ངན་ཐམས་ཅད་སོལ། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །མི་མཐུན་རྐྱེན་ངན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །


CMR048_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་བར་ཆད་ཞི་བར་མཛོད། །སྲོག་གི་བར་ཆད་ཞི་བར་མཛོད། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་ཇོ་མཇལ་བ་ཚོ་མགོ་ཐོན་དཀའ་བ་ཐོས་དུས་རཱ་ག་ཨ་སྱས་སྦྱར་བའོ།། ༈ །།མགོན་པོ་བེར་ནག་ཞལ་གཟིགས་པའི་དུས་བསྟོད་བསྐུལ་བཞུགས། ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། ཧཱུཾ། རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ཀརྨ་པ་ཉིད་ཁྲོ་སྐྱེ་བོའི་ཚུལ། །བྱིན་རླབས་ཀུན་གྱི་གཏེར་གྱུར་པ། །བླ་མ་མགོན་པོ་དབྱེར་མེད་ཁྱོད་ལ་བསྟོད། །ཡི་དམ་ཀུན་འདུས་སྤྱན་རས་གཟིགས། །གདུག་པ་འདུལ་ཕྱིར་དྲག་པོའི་གཟུགས། །དངོས་གྲུབ་མ་ལུས་སྩོལ་མཛད་པ། །ཡེ་ཤེས་མགོན་པོ་ཁྱོད་ལ་བསྟོད། །ཐུབ་པའི་བསྟན་པ་བསྲུང་བའི་ཕྱིར། །འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །ཕྱོགས་བཅུའི་མགོན་པོས་གཙོ་བོ་མཛད། །ལས་མགོན་ནག་པོ་ཁྱོད་ལ་བསྟོད། །གདུག་པའི་དགྲ་བགེགས་ཚར་གཅོད་ཕྱིར། །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད། །ཁམས་གསུམ་མ་ལུས་ཟ་བྱེད་པའི། །འཇིག་རྟེན་མགོན་པོ་ཁྱོད་ལ་བསྟོད། །རྡོ་རྗེ་འཆང་ངམ་ཤཱཀྱ་ཐུབ། །རྡོ་རྗེ་འཛིན་དང་ཌ་བྷི་པ། །རས་ཆེན་པ་དང་པཀི་སོགས། །


CMR048_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་སྤྱན་སྔར་ཞལ་བཞེས་དགོངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས། །བསྟན་པ་དར་ཞིང་རྒྱས་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ་ཉམས་ཀྱི་སྣང་བ་ལ་མགོན་པོ་བེར་ནག་ཅན་ཆེ་ཆུང་མདའ་ཚད་ཙམ་སྐུ་ཞལ་རས་སོགས་ཤིན་ཏུ་གསལ་བ་གཅིག་མཇལ་སྣང་བྱུང་ནས་རཱ་ག་ཨ་སྱས་བྲིས་པའོ།། ༈ བླ་མ་རིན་པོ་ཆེ་༧ རཱ་ག་ཨ་སྱས་མཛད་པའི་པདྨ་འབྱུང་གནས་བླ་མའི་རྣལ་འབྱོར་གསོལ་འདེབས་ཀུན་ཚང་བཞད་པ་ཞིག་བཞུགས་སོ། །འཚོ་མཛད་ཤེས་རབ་ལ་གནང་བའོ།། ན་མོ་གུ་རུ། མི་བདག་གི་སྤྱི་གཙུག་ནམ་མཁའ་ལ། །འཇའ་འོད་དཔུང་འཁྲིགས་པའི་གུར་ཁང་ན། །སྐྱབས་ཀུན་འདུས་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེ་རྫོགས། །དབུ་པད་ཞྭ་རྒོད་སྒྲོ་ཉི་ཟླས་བརྒྱན། །ཞལ་ཁྲོ་འཛུམ་སྤྱན་གཉིས་བདག་ལ་གཟིགས། །སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན། །ཡུམ་སྦས་ཚུལ་ཁ་ཊཾ་གྲུ་མོར་བརྟེན། །ཞབས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་གདན། །འོད་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །


CMR048_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་པད་འབྱུང་སྐུ་ལ་ཐིམ། །སྐྱབས་ཀུན་འདུས་གུ་རུ་རིན་པོ་ཆེ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་དེང་སང་སྙིགས་མ་ལྔ་ཡི་དུས། །ལྷ་གཞན་གྱི་ཐུགས་རྗེ་རྡུགས་པའི་དུས། །ཆོས་གཞན་གྱི་བྱིན་རླབས་ཡལ་་བའི་དུས། །བདུད་ལྷ་སྲིན་སྡེ་བརྒྱད་ཁ་འཕྱུར་དུས། །གདོན་ནད་མུག་མཚོན་གསུམ་འཚུབ་པའི་དུས། །ཁྱེད་ཐུགས་རྗེ་ཆེ་བར་གསུངས་ལག་ན། །ད་ཆེ་བའི་དུས་ལ་བབ་ནི་གདའ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །ད་མཐོ་བཏང་དམའ་བཏང་ཁྱེད་རང་ཤེས། །ད་ཐོབ་དཀའ་བའི་མི་ལུས་ཐོབ་ལགས་ཀྱང་། །དགྲ་འཆི་བདག་ནམ་འོང་ཏིག་ཏིག་་མེད། །བདག་དམ་ཆོས་འགྲུབ་པར་བྱིན་གྱིས་རློབས། །ལས་དགེ་སྡིག་གང་བྱས་རང་ལ་སྨིན། །ཁས་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །བདག་ངོ་གནོང་མེད་པར་བྱིན་གྱིས་རློབས། །དུས་དེང་སང་ཚེ་ཚད་བཞི་བཅུའི་མཐར། །དུས་ནམ་ཞིག་འདི་ནས་འཕོས་པའི་ཚེ། །མར་རིགས་དྲུག་གནས་སུ་མ་བཏང་བར། །ནུབ་བདེ་བ་ཅན་དུ་ལམ་སྣ་


CMR048_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དྲོངས། །དེ་དུས་ཀྱི་འཆི་བ་བཟློག་ཐབས་མེད། །རྐྱེན་དུས་མིན་འཆི་བ་ཁྱེད་ཀྱིས་ཟློག །ལུས་འདི་ལ་སྐུ་ཡི་བྱིན་གྱིས་རློབས། །ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ངག་འདི་ལ་གསུང་གི་བྱིན་གྱིས་རློབས། །ངག་ནུས་པ་འབར་བར་མཛད་དུ་གསོལ། །སེམས་འདི་ལ་ཐུགས་ཀྱི་བྱིན་གྱིས་རློབས། །སེམས་རྟོགས་པ་འཆར་བར་བྱིན་གྱིས་རློབས། །བདག་དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །རྗེ་པདྨ་འབྱུང་གནས་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །ད་ཚུར་ལྟོས་རང་གི་སེམས་ལ་ཟླུལྟོས། །སེམས་བལྟས་པས་མི་མཐོང་དངོས་པོ་མེད། །སེམས་མེད་པ་མ་ཡིན་ཅིར་ཡང་འཆར། །སེམས་ཡོད་མེད་མཐའ་བྲལ་དབུ་མའི་དོན། །སེམས་གར་ཤར་བཟོད་མེད་རང་ངོ་སྐྱོངས། །ཆོས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །སེམས་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །སེམས་མ་འགགས་རང་གསལ་ལོངས་སྤྱོད་རྫོགས། །སེམས་སྣ་ཚོགས་འགགས་མེད་སྤྲུལ་པའི་སྐུ། །དོན་སྐུ་གསུམ་རང་གི་སེམས་ལ་རྫོགས། །བཀའ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཡིན། །ལམ་ཐོད་རྒལ་འཇའ་འོད་ཐིག་ལེ་ལྟ། །དོན་གསལ་སྟོང་ཟུང་


CMR048_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དངོས་སུ་འཆར། །ཆོས་ཐེག་པ་དགུ་ཡི་ཡང་རྩེ་ཡིན། །མི་བདག་གིས་དུས་གསུམ་དགེ་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་བསོད་ནམས་ཡར་ངོའི་ཟླ་བཞིན་འཕེལ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་ནས་ཀྱང་། །རྟེན་དེ་ལ་མངོན་པར་བྱང་ཆུབ་ནས། །མ་འགྲོ་དྲུག་སེམས་ཅན་འདྲེན་པ་ལ། །ལྷ་སྤྱན་རས་གཟིགས་དང་དབྱེར་མེད་ཤོག །ཅེས་པ་རྟག་བྲལ་འཚོ་མཛད་ཤེས་རབ་ཀྱིས་བསྐུལ་བ་ལ་བརྟེན་ནས། རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། དགེ་སློང་སྦྱིན་པས་ཡི་གེར་བཀོད་པ་མངྒ་ལཾ།། ༈ །།མི་རྒན་བཅོས་པའི་བཅོས་གཏམ་ཡི་གེར་བྲིས་པ་འབྲས་མེད་ཤོག་བུ་ཆུད་ཟོས་སོ། ༈ །ན་མོ་གུ་རུ་དྷམཱ་ཤྭ་ར་ཡེ། དྲིན་ཅན་བླ་མ་རྗེ་བཙུན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཆོས་རྣམས་ཐམས་ཅད་མདོར་བསྡུས་ན། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ལྟ་བ་བཤད་ལུགས་མང་ན་ཡང་། །སེམས་ཀྱིས་སེམས་ལ་ལྟ་བ་འདི། །མི་ལ་རས་པའི་ལྟ་བ་ཡིན། །ཕྱག་རྫོགས་ལྟ་བ་དེ་ལ་འདུས། །ཁ་འབྱམས་ཚིག་གི་ལྟ་བ་དེ། །


CMR048_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་མཁས་ལ་དགོས་ལགས་ཀྱང་། །ཉམས་ལེན་བྱེད་ལ་དགོས་རྒྱུ་ཆུང་། །འབྲོག་པ་ཕྱུག་པོའི་རྟ་ལུག་གྲངས། །སྤྲང་པོས་བརྩིས་ཀྱང་རང་ལ་མེད། །དེ་ཡི་ལྟ་བ་མ་རྟོགས་ན། །ལྟ་བ་བཤད་ཀྱང་དགོས་པ་ཆུང་། །བསྒོམ་ལུགས་རྣམ་གྲངས་མང་ན་ཡང་། །མ་ཡེངས་དྲན་པའི་རྒྱངས་སོ་འདི། །མི་ལ་རས་པའི་བསྒོམ་ལུགས་ཡིན། །མ་བཅོས་བཞག་པའི་མན་ངག་ཡིན། །གང་ཤར་སྐྱོང་བ་གདམས་ངག་ཡིན། །སྤང་བླང་མེད་པ་གནད་འགགས་ཡིན། །སེམས་འཛིན་དམིགས་རིམ་མང་པོ་དེ། །ཁྲིད་སྟོན་རྣམས་ལ་མཁོ་ལགས་ཀྱང་། །ཉམས་ལེན་བྱེད་ན་དགོས་རྒྱུ་ཆུང་། །དམིགས་རིམ་མང་པོ་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་འཁྲུལ་པ་ཡིན། །དཔེར་ན་དར་གྱི་བཀྱིག་དང་འདྲ། །སྤྱོད་པའི་ས་མཚམས་མང་ལགས་ཀྱང་། །མ་ཡེངས་ངང་ནས་ཤུགས་འབྱུང་སྤྱོད། །མི་ལ་རས་པའི་སྤྱོད་པ་ཡིན། །སེམས་སྲུང་སྡོམ་པ་ཀུན་གྱི་མཆོག །རང་སེམས་འདུལ་ན་འདུལ་བ་ཡིན། །གནང་བཀག་ས་མཚམས་མང་པོ་དེ། །དགེ་སློང་རྣམས་ལ་མཁོ་ལགས་ཏེ། །ཉམས་ལེན་སྐྱོངས་ལ་དགོས་རྒྱུ་ཆུང་། །ཐབ་ཀྱི་མེ་ལ་ཆུ་བླུག་ན། །


CMR048_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྩེག་སེང་དུ་བ་ཐམས་ཅད་ཆད། །དེ་བཞིན་རང་སེམས་བསྲུང་བ་ན། །ཉེས་ལྟུང་ཐམས་ཅད་རང་འགགས་ཡིན། །འབྲས་བུ་ཐོབ་ལུགས་མང་བཤད་ཀྱང་། །རང་སེམས་རང་དབང་ཐོབ་པ་ན། །འབྲས་བུ་ཡིན་པར་བཀའ་བརྒྱུད་བཞེད། །ས་ལམ་འབྲས་བུའི་བཞེད་དགོངས་རྣམས། །བགྲོ་གླེང་མཁན་ལ་མཁོ་ལགས་ཏེ། །ཉམས་ལེན་མཁན་ལ་དགོས་རྒྱུ་ཆུང་། །ཕྱག་རྒྱ་ཆེན་པོའི་གཅིག་ཆོད་ལ། །ས་ལམ་རྩི་བ་རྨོངས་པ་འཁྲུལ། །དེ་སྐད་སྐྱེ་མེད་ཞང་གིས་གསུངས། །ལྟ་སྒོམ་སྤྱོད་པ་འབྲས་བུའི་གླུ། །འཕྲལ་དུ་ཉམས་ལ་ཤར་ནས་སྨྲས། །མཁས་པ་རྣམས་ཀྱིས་ཁྲེལ་ལགས་ཀྱང་། །ཉམས་ལེན་མཁན་འགའི་སེམས་ལ་འཕྲོད། །བཤད་པའི་གཞུང་དང་མི་མཐུན་ཀྱང་། །མན་་ངག་སྙན་བརྒྱུད་དོན་དང་མཐུན། །ཞེས་སྒོམ་ཆེན་༧ རཱ་ག་ཨ་སྱས་ཉམས་མགུར་དུ་གདམས་པའོ། །མངྒ་ལཾ།། ༈ །།བན་ཆེན་པད་སྲུང་ལ་གནང་བའི་ལྟ་སྒོམ་སྤྱོད་འབྲས་ཀྱི་སྨོན་ལམ་བཞུགས་སོ། །ཨོཾ་སྭ་སྟི། མཆོག་གསུམ་བླ་མ་བྱིན་རླབས་ལྡན་པའི་སྟོབས། །ཡི་དམ་ལྷ་ལ་བསྐྱེད་རྫོགས་བསྒོམ་པའི་སྟོབས། །མཁའ་འགྲོ་ཆོས་སྲུང་ཕྲིན་ལས་བསྒྲུབ་པའི་


CMR048_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས། །སྟོབས་གསུམ་རྣམ་དག་ལྡན་པའི་ཆོས་ཉིད་ཀྱིས། །སྔགས་འཆང་བན་ཆེན་པད་སྲུང་འདི་ཉིད་ཀྱི། །རྣམ་དཀར་ཡེ་ཤེས་ཐམས་ཅད་རྒྱས་གྱུར་ཅིག །ད་ལྟའི་རང་རིག་སྟོང་གསལ་རྗེན་པ་འདི། །དབྱིངས་སྣང་གཉིས་མེད་མ་བཅོས་རང་གསལ་བ། །ཀ་དག་ལྟ་བའི་ངོ་བོ་ཡིན་ཤེས་ནས། །དེ་ལ་སྤྲོ་བསྡུའི་བཟོ་བཅོས་མི་མཛད་པར། །རང་ཡན་འོད་གསལ་བསྒོམ་པ་རྟོགས་གྱུར་ཅིག །དེ་དང་སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །འབྲལ་མེད་རང་སེམས་ཡེངས་མེད་ངང་ནས་སྤྱོད། །དེ་ཚེ་འཛིན་རྟོགས་ཐམས་ཅད་དབྱིངས་ཐིམ་ནས། །སྤྲིན་མེད་དྭངས་པའི་མཁའ་དབྱིངས་ཅི་བཞིན་དུ། །རང་རིག་དྲི་བྲལ་ཀ་དག་མངོན་གྱུར་པའི། །ཀུན་བཟང་རང་རིག་འབྲས་བུ་ཐོབ་གྱུར་ཅིག །ཅེས་ལྟ་སྒོམ་སྤྱོད་འབྲས་ཀྱི་སྨོན་ལམ་དྲུག་ཚིག་མ་ཞེས་བྱ་བ་པད་སྲུང་གིས་བཀས་བསྐུལ་ངོར་བྱ་བྲལ་ཨ་རཱ་གས་བྲིས་པའོ།། ༈ བ་ཤ་བོན་ཆུང་ལ་གནང་བའི་༧ཨོ་རྒྱན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་བཞུགས་སོ།། ༈ །ན་མོ་གུ་རུ། གནས་སྤྱི་བོའི་གཙུག་གི་ནམ་མཁའ་ལ། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ན། །སྐྱབས་དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །ཞལ་དཀར་དམར་


CMR048_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལྡན་ཁྲོ་ཞིང་འཛུམ། །དབུ་པད་ཞྭ་རྒོད་ལྡེམ་ཉི་ཟླས་བརྒྱན། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན། །སྐུ་ཟ་བེར་ཆོས་གོས་རྣམ་གསུམ་གསོལ། །ཡུམ་སྦས་ཚུལ་ཁ་ཊཾ་མཆན་དུ་བཅུག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གཟི་བརྗིད་འབར། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་པད་འབྱུང་སྐུ་ལ་ཐིམ། །སྐྱབས་བསླུ་མེད་ཨུ་རྒྱན་རིན་པོ་ཆེ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །ད་རེ་ས་གཞན་མེད་ཁྱེད་རང་ཤེས། །དུས་དེང་སང་དུས་ངན་སྙིགས་མའི་མཐའ། །བདུད་ལྷ་སྲིན་སྡེ་བརྒྱད་ཁ་དར་ནས། །སྔར་མེད་པའི་ནད་མཚོན་མུ་གེ་དར། །རྐྱེན་བར་ཆད་རླུང་ལྟར་འཚུབ་པའི་དུས། །ལྷ་གཞན་གྱི་ཐུགས་རྗེ་རྡུགས་པའི་དུས། །ཆོས་གཞན་གྱི་བྱིན་རླབས་ཡལ་བའི་དུས། །འདྲེ་འབྱུང་པོ་མངོན་རྒྱུག་བྱེད་པའི་དུས། །ཚེ་ལོང་མེད་དགུན་ཉི་འདྲ་བའི་དུས། །བློ་ཕ་བུ་གཉིས་ཀྱང་མི་མཐུན་དུས། །མི་སུ་ལའང་ཡིད་ཆེས་མེད་པའི་དུས། །ཁྱེད་ཐུགས་རྗེ་བྱིན་རླབས་ཆེ་གསུངས་ན། །ད་ཆེ་བའི་དུས་ལ་བབ་ནི་གདའ། །མི་བདག་གི་ལུས་ལ་བྱིན་གྱིས་རློབས། །


CMR048_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ནད་མེད་བདེ་བའི་དངོས་གྲུབ་སྩོལ། །མི་བདག་གི་ངག་ལ་བྱིན་གྱིས་རློབས། །ངག་ནུས་པ་འབར་བར་བྱིན་གྱིས་རློབས། །མི་བདག་གི་སེམས་ལ་བྱིན་གྱིས་རློབས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་བསོད་ནམས་མངའ་ཐང་འཕེལ་ཞིང་རྒྱས། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་དུ་ལམ་སྣ་དྲོངས། །ཕ་ཨུ་རྒྱན་འོད་ཞུ་བདག་ཐིམ། །དོན་རང་སེམས་ཆོས་སྐུ་རྗེན་པར་རྟོགས། །མི་བདག་གི་དུས་གསུམ་དགེ་བསགས་མཐུས། །ལྷ་པདྨ་འབྱུང་གནས་འགྲུབ་གྱུར་ཅིག །དེ་བཛྲ་གུ་རུ་ཅི་འགྲུབ་བཟླས། ཞེས་བ་ཤ་བོན་ཆུང་གིས་བསྐུལ་ནས་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། མངྒ་ལཾ།། ༈ རྡོ་རྗེ་འཆང་གི་བླ་མའི་རྣལ་འབྱོར་གསོལ་འདེབས་ངོ་སྤྲོད་སྨོན་ལམ་བཞུགས་སོ། །སྐྱག་ལའི་ཨ་མཆོད་ལ་གནང་བའོ། །ན་མོ་མ་ཧཱ་མུ་དྲ་ཡེ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །རང་བཀའ་དྲིན་ཐོབ་པའི་བླ་མ་རྣམས། །དེ་གཅིག་བསྡུས་ཆོས་སྐུ་རྡོ་རྗེ་འཆང་། །སྐུ་མཐིང་གསལ་ནམ་མཁའ་དྭངས་བའི་མདོག །ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཞབས་རྡོ་རྗེ་


CMR048_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་མོ་ཀྲུང་གིས་བཞུགས། །མཚན་དཔེ་བྱད་དར་དང་རིན་ཆེན་བརྒྱན། །འོད་འོད་ཟེར་འཇའ་སྤྲིན་ཀློང་ན་བཞུགས། །རྗེ་དེ་ཡི་དབུ་གཙུག་ནམ་མཁའ་ལ། །ཆོས་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས། །དཔེ་མུ་ཏིག་སྟར་ལ་བརྒྱུན་པ་བཞིན། །ཆོས་སྒྲུབ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །ལྷ་དེ་དག་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་པས་ཞིང་ཁམས་རབ་འབྱམས་ནས། །ལྷ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དེ་རྒྱལ་བ་ཀུན་དང་དབྱེར་མེད་གྱུར། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །རྗེ་ཏེ་ལོ་སངས་རྒྱས་ལ་གསོལ་བ་འདེབས། །བྱང་པུལླ་ཧ་རའི་དགོན་པ་ན། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་སྨན་ལྗོངས་ན། །སྒྲ་བསྒྱུར་མར་པ་ལོ་ཙྪ་ལ་གསོལ་བ་འདེབས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་རས་པ་ཆེ་ཆུང་ལ་གསོལ་བ་འདེབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །རྗེ་ལྷ་རྗེ་ཁུ་དབོན་ལ་གསོལ་བ་འདེབས། །དཔལ་ཕག་མོ་གྲུ་ཡི་མཐའ་རྩ་ན། །བདེ་གཤེགས་


CMR048_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་པ་རྡོར་རྒྱལ་ལ་གསོལ་བ་འདེབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །རྗེ་ཁམས་པ་དབུ་སེ་ལ་གསོལ་བ་འདེབས། །འབྲུག་ར་ལུང་གཉིས་ཀྱི་དགོན་པ་ན། །གྲུབ་ཐོབ་གླིང་རྗེ་རས་པ་ལ་གསོལ་བ་འདེབས། །གནས་སྟག་ལུང་རྡོ་རྗེའི་གདན་སྟེང་ན། །ཆོས་སྐུ་སྟག་ལུང་ཐང་པ་ལ་གསོལ་བ་འདེབས། །འབྲི་ཁུང་དཔལ་གྱི་ཡང་དགོན་ན། །སྐྱོབ་པ་འཇིགས་རྟེན་གསུམ་མགོན་ལ་གསོལ་བ་འདེབས། །གནས་མར་ཐང་དཔལ་གྱི་རི་བོ་ཆེར། །ཆོས་སྐུ་ཨུ་རྒྱན་མགོན་པོ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་དུ། །འཇམ་དབྱངས་བཀྲ་ཤིས་དཔལ་གྲུབ་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་ཀྱི་གཞལ་ཡས་ན། །བསྟན་འཛིན་སྐྱེས་བུ་དམ་པ་ལ་གསོལ་བ་འདེབས། །རྗེ་བཀའ་བརྒྱུད་བླ་མ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །མིབདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་འདི། །དོན་མེད་སྟོང་ལོག་མི་བྱེད་པར། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་མི་རྟག་ནམ་བཞུགས་སྦྲང་མ་འདྲ། །ད་ཡུན་རིང་སྡོད་རྩིས་མི་བྱེད་པ། །


CMR048_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་རྒྱུ་འབྲས་མེ་ལོང་གཟུགས་བརྙན་བཞིན། །ཁས་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །བདག་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་སྡུག་བསྔལ་བཙོན་ར་ན། །སྐྱོབ་ངེས་པ་བླ་མ་དཀོན་མཆོག་གསུམ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །མ་འགྲོ་དྲུག་བདེ་ལ་འགོད་པའི་ཕྱིར། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྔོན་ཐོག་མེད་དུས་ཀྱི་སྡིག་སྒྲིབ་རྣམས། །རྗེ་ཁྱེད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་མཆིས་པ། །རྗེ་བཀའ་བརྒྱུད་རྣམས་ཀྱི་སྤྱན་སྔར་འབུལ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །བདག་དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །ཕ་བཀའ་བརྒྱུད་བླ་མ་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་འོད་གསལ་ཆོས་སྐུ་རྗེན་པར་འབུད། །ཆོས་ཀུན་གྱི་རྩ་བ་རང་གི་སེམས། །བུ་མ་ཡེངས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །ཆོས་སྟོང་ཉིད་ཟེར་བ་ལོགས་ན་མེད། །སེམས་


CMR048_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མ་ཡིན་གར་ཡང་འགྲོ། །དེ་རིག་ན་རང་རིག་ཡེ་ཤེས་ཡིན། །ལུས་ཕྱི་རུ་བཙལ་ཡང་སེམས་མ་མཆིས། །ཕྱི་སྟོང་པ་ཉིད་ཅེས་དེ་ལ་ཟེར། །ལུས་ནང་དུ་བཙལ་ཡང་སེམས་མ་མཐོང་། །ནང་སྟོང་པ་ཉིད་ཅེས་དེ་ལ་བཏགས། །འདི་ཤེས་ན་ཤེས་བྱ་ཀུན་གྱི་རབ། །བཀའ་ཤེས་རབ་ཕར་ཕྱིན་རང་གི་སེམས། །སེམས་གར་འགྲོ་ཐོངས་ལ་ཆངས་སོ་ཚུགས། །དོན་ཕྱག་རྒྱ་ཆེན་པོ་ལོགས་ན་མེད། །སེམས་གསལ་ན་གསལ་བའི་ངོ་བོ་ལྟོས། །དོན་གསལ་སྟོང་ཡེ་ཤེས་ཨེ་མ་ཧོ། །སེམས་བདེ་ན་བདེ་བའི་ངོ་བོ་ལྟོས། །དོན་བདེ་སྟོང་དབྱེར་མེད་ཨེ་མ་ཧོ། །སེམས་མི་འཕྲོ་འདུག་ལ་ངོ་བོ་ལྟོས། །དོན་མི་རྟོག་ཡེ་ཤེས་ཨེ་མ་ཧོ། །སེམས་འཕྲོ་ན་འཕྲོ་མཁན་ངོ་བོ་ལྟོས། །དོན་དྲན་སྟོང་ཡེ་ཤེས་ཨེ་མ་ཧོ། །བུ་འགྲོ་ཞིང་འགྲོ་ཞིང་སེམས་ལ་ལྟོས། །དོན་དམ་པའི་སྐོར་བ་ཨེ་མ་ཧོ། །བུ་ཟ་ཞིང་ཟ་ཞིང་སེམས་ལ་ལྟོས། །དོན་དམ་པའི་ཚོགས་འཁོར་ཨེ་མ་ཧོ། བུ་ཉལ་ཞིང་ཉལ་ཞིང་སེམས་ལ་ལྟོས། །གཉིད་འོད་གསལ་གདམས་པ་ཨེ་མ་ཧོ། །བདག་གསོལ་འདེབས་དགེ་སྦྱོར་སྐྱོང་བ་སོགས། །དུས་གསུམ་གྱི་དགེ་བ་ཅི་བསགས་


CMR048_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་འབྱོར་པའི་མཐུན་རྐྱེན་རབ་འཕེལ་ཞིང་། །དོན་འོད་གསལ་ཆོས་སྐུ་རྟོགས་པར་ཤོག །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་ནས་ཀྱང་། །ས་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །བདག་བྱང་ཆུབ་མངོན་དུ་བྱེད་པར་ཤོག །རྗེ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །གཞི་གདོད་ནས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་གྱུར་ཅིག །ཅེས་སྐྱག་ཟླའི་ཨ་མཆོད་སེར་གཟུགས་འཛིན་པས་བསྐུལ་ཕྱིར། ཨ་རཱ་གས་འཕྲལ་དུ་བྲིས་པའོ། །འདི་ཁྲིད་མ་ཐོབ་པ་ལ་དཔེ་སྐུང་བར་བྱའོ། །མངྒ་ལཾ།། ༈ པདྨ་འབྱུང་གནས་ཀྱི་བླ་མའི་རྣལ་འབྱོར་ཞལ་གདམས་མགུར་མ་བླ་མ་སྲུང་ལ་གནང་བ་བཞུགས་སོ། ༈ །ན་མོ་པྲ་ཝ་ཀ་ར་ཡེ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ན། །ཕ་དྲིན་ཅན་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་གསལ་མདངས་ལྡན་མཚན་


CMR048_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས་སྤྲས། །ཞལ་འཛུམ་མཛེས་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན། །ཡུམ་ཌཱཀྐི་སྦས་ཚུལ་ཁ་ཊཾ་བརྟེན། །བེར་ཕོད་ཁ་ཆོས་གོས་ངུར་སྨྲིག་གསོལ། །ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དེ་ཐམས་ཅད་སྤྱན་དྲངས་དབྱེར་མེད་ཐིམ། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །བཀའ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །ཚོགས་དགེ་འདུན་ཐམས་ཅད་འདས་པའི་སྐུ། །སྐྱབས་དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་དེང་སང་སྙིགས་མ་ལྔ་བརྒྱའི་མཐའ། །རྗེ་སངས་རྒྱས་ཀུན་གྱི་ཐུགས་རྗེ་རྡུགས། །བཀའ་དམ་ཆོས་ཀུན་གྱི་ངད་པ་ཡལ། །ལྷ་དཀར་ཕྱོགས་སྐྱོང་བ་ཐམས་ཅད་བྲོས། །བདུད་ནག་ཕྱོགས་གདོན་རིགས་རླུང་ལྟར་འཚུབ། །ཆར་དུས་སུ་མི་འབབ་ལོ་དགྲ་མང་། །དུས་མི་བདེ་མཐའ་དབུས་ཐམས་ཅད་འཁྲུག །སྤུན་ཉེ་དུ་མི་མཐུན་རྨེ་འཁྲུག་བྱེད། །དུས་འདི་འདྲ་ཁྱེད་ཉིད་ཐུགས་རྗེ་ཆེ། །དོན་དེ་ཕྱིར་ཁྱེད་ལ་གསོལ་བ་འདེབས། །སྟེང་གཟའ་སྐར་


CMR048_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་པས་ཐོག་སེར་རྒོད། །མི་ཕལ་ཆེར་གཟའ་ནད་ཧུར་ཐུམ་མང་། །འོག་ཀླུ་གདོན་འཁྲུག་པས་གཅོང་ནད་མང་། །མི་ཕལ་ཆེར་ཞ་གྲུམ་མཛེ་ཡིས་འཁྱེར། །གདོན་རྒྱལ་འགོང་དར་བས་ནང་འཁྲུག་མང་། །མི་ཕལ་ཆེར་སྨྱོ་འབོག་ཆག་འདྲེས་འདེབས། །མ་མཁའ་འགྲོ་འཁྲུག་པས་རིམས་ནད་མང་། །མི་ཕལ་ཆེར་བདུན་དྲུག་ནད་ཀྱི་འཆི། །གདོན་གནོད་སྦྱིན་དར་བས་ཁ་ལྕེ་རྒོད། །མི་ཉེས་མེད་བདེ་དབྱེན་སྲོག་བྲལ། །བདུད་སྣང་སྲིད་ལྷ་འདྲེ་ཟིང་ལང་དུས། །ཕ་ཁྱེད་ཀྱི་འདུལ་སྐལ་ཡིན་ལགས་པས། །དོན་དེ་ཕྱིར་ཁྱེད་ལ་གསོལ་བ་འདེབས། །བདག་དལ་འབྱོར་མི་ལུས་ཐོབ་ལགས་ཀྱང་། །ཆོས་བྱེད་བསམ་ངང་ལ་མི་ཚེ་ཟད། །དུས་སྙེམས་མེད་གཅིག་ལ་འཆི་བས་གཏུག །དགྲ་འཆི་བདག་གཤིན་རྗེས་ཟིན་པའི་དུས། །སྨན་རིམ་གྲོས་མི་ཕན་ཕྱིར་ཕྱིར་ཐུ། །གཉེན་ཉེ་དུ་ཟས་ནོར་ཤུལ་དུ་ལུས། །སེམས་དབང་མེད་བྱ་སྒྲོ་རླུང་ཁྱེར་བཞིན། །འགག་གཟུར་མེད་བར་དོའི་འཕྲང་ལ་འགྲིམ། །ལས་དགེ་སྡིག་གཤིན་རྗེའི་ཁྲིམས་ལ་གཏུག །རྫུན་སྨྲས་ཀྱང་མི་ཕན་མེ་ལོང་གསལ། །དུས་དེ་འདྲའི་དུས་


CMR048_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་བྱུང་ཙམ་ན། །སྐྱོབ་ངེས་པའི་བླ་མ་དཀོན་མཆོག་གསུམ། །དེ་གཅིག་བསྡུས་ཨུ་རྒྱན་རིན་པོ་ཆེ། །དུས་དེ་ཚེ་རེ་ས་གཞན་ན་མེད། །ཕ་ཐུགས་རྗེས་ཟུང་ཞིག་པདྨ་ལྟའབྱུང་། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །སྐྱབས་གཞན་ན་མ་མཆིས་ཁྱེད་རང་ཤེས། །བདག་གདུང་ཤུགས་དྲག་པོས་གསོལ་བཏབ་པས། །རྗེ་པདྨ་འབྱུང་གནས་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་དབང་བཞི་བྱིན་རླབས་ཅིག་ཆར་ཕོབ། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །སེམས་མེད་པ་མ་ཡིན་གར་ཡང་རྒྱུག །དེ་བལྟས་པས་མི་མཐོང་ངང་ལ་ཞོག །དོན་སེམས་ངོ་མཐོང་ཞེས་དེ་ལ་ཟེར། །སེམས་གནས་ན་གནས་པའི་ངང་ལ་ལྟོས། །སེམས་སྟོང་གསལ་ངང་ན་རྗེན་ནེར་ཞོག །སེམས་གར་འགྲོ་ལྷོད་ལ་རྒྱང་སྲུང་གྱིས། །དཔེ་ཆུ་ལ་ཆུ་རླབས་ཐིམ་པ་བཞིན། །སེམས་འཕྲོ་རྒོད་སྟོང་ཉིད་དབྱིངས་སུ་ཞི། །རང་སེམས་ཀྱིས་སེམས་ལ་ལྟ་བ་དེ། །རྗེ་པདྨ་འབྱུང་གནས་ལྟ་བ་ཡིན། །དེ་མ་ཡེངས་གོམ་འདྲིས་བྱེད་པ་དེ། །བསྒོམ་ཉམས་ལེན་མིང་དུ་བཏགས་པ་ཡིན། །ལས་དགེ་སྒྲུབ་སྡིག་


CMR048_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བྱེད་པ་དེ། །ལྷ་པད་འབྱུང་དགྱེས་པའི་སྤྱོད་པ་ཡིན། །དོན་ཚོགས་གཉིས་མཐའ་རུ་ཕྱིན་པ་དང་། །དུས་ནམ་ཞིག་འབྲས་བུ་སངས་རྒྱས་ཐོབ། །མི་བདག་གིས་གསོལ་འདེབས་དགེ་སྦྱོར་སོགས། །དུས་གསུམ་དུ་བསགས་པའི་དགེ་བ་འདིས། །ཚེ་འདི་ལ་ཆེ་རིང་ནད་མེད་ཅིང་། །དཔལ་འབྱོར་པ་ཡར་ངོའི་ཟླ་བཞིན་འཕེལ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་ནས་ཀྱང་། །རྟེན་དེ་ལ་ས་བཅུ་རབ་བསྒྲོད་ནས། །དོན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །གཞི་ཆོས་དབྱིངས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྐྱབས་པད་འབྱུང་ཐུགས་རྗེ་ཚད་མེད་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་བླ་མ་སྲུང་གི་ཐུགས་དམ་བྱ་ཕྱིར། ཨ་རཱ་གས་འཕྲལ་དུ་བྲིས་པའོ། །མངྒ་ལཾ།། ༈ ལུང་བསྟན་གདམས་པའོ། །དུལ་མོ་བ་ཀརྨ་དར་རྒྱས་ཕུན་ཚོགས་ས་ཐག་རིང་པོ་ནས་འོ་བརྒྱལ་ཆེ་བར་ཕེབས་ཀྱང་། ང་མཚམས་ཀྱི་བཅད་རྒྱ་དམ་པས། ངོ་གཏུག་པ་དང་ངག་འདྲེས་པའི་ཐབས་ནི་མ་བྱུང་། ཆགས་ཕེབས་ཀྱི་ཚུལ་དུ་རྡུལ་བྱང་


CMR048_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ནས་བྲེ་མོའི་གཏམ་འགའ་རེ་ཞུས་པས། ཆུང་ངུ་ནས་ལས་འཕྲོ་སད་པས་འཇིག་རྟེན་ཀྱི་བྱ་བ་མ་འདོད་པས། ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་། དེ་ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་སྲུང་ཞིང་བསྟན་པའི་མིག་རྐྱེན་ལ་ཕན་པ་ཅིག་མི་བྱེད་རེ་དབུ་བསྙུང་གིས་མཚོན་ནས་གསུངས་པས། ཁོ་བོ་ཡང་ས་ཐོབ་པ་ཙམ་དུ་དགའ། ད་ནི་ཉེ་བར་མཁོ་བའི་དབང་ལུང་། གནད་མན་ངག་རྣམས་ལ་མཁས་པར་རྩད་ཆོད་སོགས། རྫོགས་རིམ་རྩ་རླུང་ལ་ཡང་རས་རྐྱང་ཐུབ་ཅིང་ཉམས་ལེན་སྐྱོངས་བདེ་ཡོད། བླ་བརྒྱུད་བཟང་ཞིང་བཙུན་ཚུགས་བཟང་། བསྙེན་སྒྲུབ་འགའ་རེ་བྱས་པ་ལ་ཡང་རྟགས་མཚན་བཟང་པོ་ཐོན་འདུག །ད་བར་ཆད་བྱུང་ན་དབང་ལུང་ཁྲིད་སོགས་ཀྱི་བསྟན་པ་ལ་ཕན་པའི་བླ་མ་ཞིག་བྱུང་ཚར་བ་འདི་ག་ཡིན་པས། དགའ་བ་བསྒོམས། ཕར་འབྱོན་ཁ་ཐ་སྐར་ཟླ་བའི་ཚེས་བཞི་ལ་ཀརྨ་བཟང་དོ་བས། ངའི་བུ་ཆེན་དུལ་མོ་དར་རྒྱས་འདི་ལ་མཐར་ཅི་འདྲ་ཞིག་འོང་རྨི་ལམ་བརྟགས་པས་གཉིད་པ་མ་ཡིན་ཉམས་ཀྱི་སྣང་བ་ལ་སུས་ཟེར་མེད་པའི་སྐྱབས་སུ་མཆི་ཟེར་སྒྲ་ལན་གཉིས་གྲགས་པ་ཐོས་པས་བླ་མ་བཟང་པོ་ཀུན་གྱི་དད་འདུན་བྱེད་པ་ཞིག་འོང་བར་


CMR048_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་སྙམ། དེ་གཉིད་དུ་སོང་བའི་རྨི་ལམ་དུ། ང་ཡི་མདུན་དེར་ཕོ་རོག་གཞན་ལས་ཆེ་ཞིང་མདོག་བཟང་བ་གཅིག་ཕར་འགྲོ་ཚུར་འགྲོ་བྱེད་དོ། །ཕོ་རོག་འདི་ཙམ་ཆེ་བ་དང་མདོག་ལེགས་པ་མཐོང་མ་མྱོང་། འདི་མགོན་པོའི་བླ་རྟགས་རེད་སྙམ་ནས་སེམས་རབ་ཏུ་དགའ། དེ་ནས་འབྲོག་པའི་དཔོན་རིགས་གཅིག་ཡིན་སྙམ་པའི་མི་རྒན་ཐོར་ལྕོག་ཅན་ཨམ་ཚོམ་ཆེ་བ། ཚར་ཙག་རིས་ཤན་འདྲ་བའི་གོས་སྔོན་རྙིང་པ་གོན་པ་གཅིག་ངའི་མདུན་དུ་བྱུང་ནས་ད་ང་རྒས་ནས་ཡོད་དེ་ངའི་ནང་ཟོག་རྩིས་ཆེན་འདི་བཞག་པ་རྒྱུ་ཡིན་ཟེར་ནས་ང་ལ་ངོམས་དོ་བས། གྲི་གུག་ཤིན་ཏུ་ལེགས་པ་ཕོ་གྲི་མོ་གྲི་གཉིས་ཆེ་ཆུང་གྲུ་གང་ཙམ་པ། གཞན་གྲི་གུག་ཕོ་གྲི་མོ་གྲི་ཡིད་ལ་མེད་པ་གཅིག་དང་གསུམ་བསྟན་བྱུང་། འདི་ཚོ་ཤིན་ཏུ་རྣོ་ཞིང་སྤུ་འདེད་པ་འདུག །རྩིས་ཆེན་རེད་སྙམ་པ་ཞིག་རྨིས་པས་ཁྱེད་ཀྱི་མགོན་པོ་འགྲུབ་ཅིང་མཐུ་ནུས་ཆེན་པོ་འོང་བར་གོ །དེ་ནས་ཀཿཐོག་གི་བླ་མ་རེད་སྙམ་པའི་རལ་པ་ཅན་ཞིག་གིས་གནམ་ཆོས་ཀྱི་ལོ་མ་ཅན་དེ་ལ་རྫོགས་ཆེན་གྱི་ཚིག་གཅིག་གདའ་སྟེ་ཆ་ཚང་པོ་མི་འདུག་ཟེར་ནས་ཅུང་ཟད་མི་འགུ་མགུ་བྱེད་དོ་བ་རྨིས་པས། ཁྱེད་


CMR048_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མ་ལ་མཁས་པའི་གྲགས་པ་ཐོབ་པ་མི་འོང་བ་འདྲ་བསམ། དེ་ནས་ཀར་ལུགས་ཀྱི་བནྡེ་དྲུག་བདུན་ཙམ་ཞིག་འདུག་པ་ལ་གཅིག་ལ་ཁྱོད་བསྙེན་རྫོགས་ཞུས་པ་ཡིན་ནམ་བྱས་པས་ཡིན་ཟེར། འོ་ན་བསྙེན་རྫོགས་ཞུས་པ་ལ་རྟགས་ཆབ་རིལ་སོགས་མེད་པ་འོ་སྐོར་ཀར་ལུགས་འདི་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གསུམ་བསྲུང་བྱ་དང་ཆ་ལུགས་ཁྱད་མེད་པ་འདི་མི་ལེགས་པ་རྨིས་པས་ཁྱེད་ཀྱི་གྲྭ་སློབ་རྣམས་ཧ་ཅང་བཙུན་ཚུགས་བཟང་བ་རང་མི་འོང་ངམ་སྙམ། ཁྱེད་སློབ་མ་བརྒྱུད་པར་བཅས་པ་ཆོས་མགོ་ཐོན་ཅིང་བསྟན་པའི་རྒྱན་དུ་འགྱུར་བར་བདག་གིས་བླ་མ་ཡི་དམ་རྣམས་ལ་གསོལ་བ་འདེབས་སོ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྲིན་ལས་བཅོལ་ལོ། །དུལ་མོ་བཀྲ་ཤིས་འོད་ཟེར་གྱི་བསྟན་པ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཅེས་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གསོལ་འདེབས།next