Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོ་སྡེ་མཛངས་བླུན་ནས་བཏུས།
   
   
   
   
   
   
   


 
previousམདོ་སྡེ་མཛངས་བླུན་ནས་བཏུས།next

མདོ་སྡེ་མཛངས་བླུན་ནས་བཏུས།


CMR048_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་མཛངས་བླུན་ནས་བཏུས་སོ།


CMR048_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྔོན་སངས་རྒྱས་འོད་སྲུང་གི་བསྟན་པའི་མཇུག་ཏུ། བྲམ་ཟེ་གཉིས་ཀྱིས་བསྙེན་གནས་གཅིག་བསྲུང་བ་ལ་གཅིག་གིས་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པས་རྒྱལ་པོར་སྐྱེས། གཅིག་གིས་ལྷར་སྐྱེ་བའི་སྨོན་ལམ་བཏབ་ཀྱང་དེ་ནུབ་ཆུང་མས་དགོང་མི་ཟ་ཁ་མེད་བྱས་ནས་ཟོས་པས་ཀླུར་སྐྱེས། རྒྱལ་པོ་དེས་གཡོག་བཟའ་ཤིང་གི་ར་བ་བསྲུང་མཁན་གཅིག་ཡོད་པས་ཆུ་མགོ་ནང་ནས་ཤིང་ཏོག་ཤིན་ཏུ་ཆེ་ཞིང་མངར་བ་རྙེད་ནས། རྒྱལ་པོའི་སྒོ་སྲུང་ལ་ཕུལ། དེས་བཙུན་མོ་དེས་རྒྱལ་པོ་ལ་ཕུལ་བས་དེར་རྒྱལ་པོས་བརྩད་


CMR048_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ནས་འདི་རྙེད་མཁན་དེས་འདི་འདྲ་བ་མང་དུ་ཕུལ་ཅིག །མ་ཕུལ་ན་གསོད་ཟེར་བས། མི་དེ་ངུ་ཞིང་ཆུ་མིག་རྩར་བསྡད་པས་ཀླུ་དེ་མིར་སྤྲུལ་ནས་ཅི་ཡིན་ཟེར། ལོ་རྒྱུས་བཤད་པས། ཀླུ་དེས་ཤིང་ཏོག་གཞོང་པ་གང་བཀུར་ནས་རྒྱལ་པོ་ཁྱོད་དང་ང་གཉིས་གྲོགས་ཡིན་པས། ཁྱོད་བསྙེན་གནས་གཙང་མ་གཅིག་བསྲུང་བས་རྒྱལ་པོར་སྐྱེས། ང་མ་གཙང་བས་ཀླུར་སྐྱེས། ང་ལ་བསྙེན་གནས་ཡན་ལག་བརྒྱད་པའི་དཔེ་གཅིག་བྱིན། དེ་མི་སྦྱིན་ན་ངས་ཡུལ་འདི་མཚོ་རུ་བསྒྱུར་ནས་རླག་པར་བྱེད་ཅེས་ཕྲིན་བསྐུར་བས་བསྟན་པ་ནུབ་ནས་དཔེ་རྙེད་པ་མེད་ནས་རྒྱལ་


CMR048_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བློན་པོ་ལ་ཚོལ། མ་རྙེད་ན་ཁྱོད་གསོད་ཟེར། བློན་པོས་ཕ་རྒན་པོ་ཞིག་ཡོད་པ་ལ་དྲིས་པས། ཁྱིམ་གྱི་ཀ་བ་འདི་ལ་རྟག་ཏུ་འོད་འབྱུང་དོ་བ་ལྟོས་ཟེར། ཀ་བ་བཤགས་པས་ནང་དུ་རྟེན་འབྲེལ་འབྱུང་བཅུ་གཉིས་ཀྱི་མདོ་དང་། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་བྱུང་། རྒྱལ་པོས་གསེར་གྱི་སྒྲོམ་བུར་བཅུག་ནས་ཀླུ་ལ་བསྐུར། ཀླུ་དགའ་ནས་རྒྱལ་པོ་ལ་རིན་པོ་ཆེ་མང་དུ་ཕུལ་ལོ། ཀླུ་རྒྱལ་པོ་གཉིས་བསྙེན་གནས་བསྲུང་ཞིང་གཞན་ལ་ཡང་བསྐུར་བས་ཁོང་གཉིས་ལྷར་སྐྱེས་ཏེ། ཤཱཀྱ་ཐུབ་པ་མཇལ་དུ་འོང་ནས་ཆོས་ཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །ནམ་ཡང་ངན་སོང་དུ་མི་ལྟུང་ཞིང་ལྷ་མིའི་བདེ་སྐྱིད་མྱོང་སྟེ་མཐར་མྱང་འདས་པ་ཐོབ་པར་ལུང་བསྟན་ཏོ། །ཀུན་དུ་རྒྱུས་ཚུལ་ཁྲིམས་བསྲུང་བའི་ལེའུ་སྟེ་གསུམ་པའོ།། །།སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་རྒྱལ་པོ་ཚངས་སྦྱིན་འཁོར་དང་བཅས་པ་སྐྱེད་མོས་ཚལ་དུ་བྱོན་པའི་ར་བའི་རྒྱབ་ནས་མི་གཅིག་སྐད་ཆེན་པོའི་གླུ་བླངས་པས་རྒྱལ་པོ་ཁྲོས་ཏེ་བཙོན་དུ་བཟུང་ནས་བསད་པར་ཤོམ་པ་བློན་པོས་རྒྱལ་པོ་ལ་ཞུས་ནས་མ་བསད་དེ་གཡོག་བྱེད་བཅུག །ཕྱིས་རབ་ཏུ་བྱུང་ནས་རང་


CMR048_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སུ་གྱུར་པ་ལ་བློན་པོས་བསྙེན་བཀུར་བྱས་སྨོན་ལམ་བཏབ་པས། བློན་པོ་སྐྱེ་བ་ཐམས་ཅད་དུ་རིགས་མཐོ་ཤིང་ཕྱུག་ལ་ཚེ་རིང་བའི་ལྷ་དང་མིའི་ལུས་གཞན་བས་བརྒྱ་སྟོང་འགྱུར་གྱི་ལྷག་པ་ཁོ་ནར་སྐྱེས། ཕྱིས་བློན་པོ་ཆེན་པོ་ཕྱུག་ཅིང་བུ་མེད་པ་གཅིག་གི་བུར་སྐྱེས་པ་ཕས་རབ་ཏུ་བྱུང་མ་བཅུག་པས། རིགས་དམའ་བ་གཅིག་ཏུ་སྐྱེས་ན་རབ་ཏུ་བྱུང་ཆོག་སྙམ་ནས་བྲག་མཐོན་པོ་ལ་འཕྱོངས་ཀྱང་མ་གནོད། ཆུ་ལ་ལྕེབ་ཀྱང་མ་ཁྱེར། བཙན་དུག་ཟོས་ཀྱང་མ་གནོད། རྒྱལ་པོས་ཁྲིམས་བཤིགས་པས་རྒྱལ་པོས་མདའ་ལན་གསུམ་འཕང་བས་མདའ་ཚུར་ལ་ལྷུང་། དེར་རྒྱལ་པོས་ཁྱོད་ལྷ་འདྲེ་ཡིན་ནམ་ཟེར་བས་ཤི་འདོད་ཚུལ་ཞུས་པས། རྒྱལ་པོས་རབ་ཏུ་བྱུང་བར་གནང་སྟེ། ཤཱཀྱ་ཐུབ་པའི་དྲུང་དུ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། །དེ་ལྟར་སྲོག་སྐྱབས་བྱས་པས། བློན་པོ་དེ་གར་སྐྱེས་ཀྱང་ཚེ་ལ་བར་ཆད་ཀྱིས་མ་ཚུགས་མཐར་དགྲ་བཅོམ་ཐོབ་བོ། །ཡང་སྔོན་ཁྱིམ་བདག་ཕྱུག་པོ་གཅིག་ལ་བླ་མཆོད་རང་སངས་རྒྱས་ཞིག་ཡོད་པ་དེའི་ཞལ་མདོག་ཤིན་ཏུ་མི་སྡུག་ལྤགས་པ་རྩུབ་པ་གཅིག་ཡོད་པ་ལ། ཁྱིམ་བདག་གི་བུ་མོ་གཅིག་གིས་


CMR048_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བརྙས་ཤིང་རེ་བཙོག་ཅེས་ཚིག་ངན་སྨྲས། ཕྱིས་རང་དེ་འདས་ཁ་ནམ་མཁའ་ལ་འཕུར་བ་སོགས་ཆོ་འཕྲུལ་བསྟན་པས་མོས་འགྱོད་དེ་བཤགས་པ་བྱས་སོ། །དེར་རང་སངས་རྒྱས་ལ་བཀུར་བསྟི་བྱས་པས་ཚེ་རབས་ཐམས་ཅད་རིགས་མཐོ་ཞིང་ལོངས་སྤྱོད་ཅན་དུ་གྱུར། སྐུ་ལ་འཕྱས་པས་གར་སྐྱེས་ལུས་མི་སྡུག་པར་གྱུར་ཏེ། ཕྱིས་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་ཞེས་བྱ་བར་སྐྱེས་ཏེ་ལུས་ངན་པ་སྟེ་མི་རུང་བར་གྱུར་པས་གསང་བས་གསོས། ན་སོ་བབ་ནས་རུས་ཆེ་བའི་མི་སྤྱང་པོ་གཅིག་དམག་པར་བསྐོས་ནས་མོ་ཁྱིམ་དགུ་རིམ་མུན་པའི་ནང་དུ་བསྐུང་ནས་འཇོགས་པ་ལ། མོས་ང་ནི་རྒྱལ་པོའི་བུ་མོ་ཡིན་ཀྱང་ཉི་ཟླའི་ཟེར་མཐོང་དབང་མེད་པ་སྡུག་བསྔལ། སྡུག་ལས་སྐྱོབ་པ་ནི་སངས་རྒྱས་ཡིན་སྙམ་ནས་ཤཱཀྱ་ཐུབ་པའི་མཚན་ནས་བོས་ཤིང་སྐྱབས་འགྲོ་བྱས་པས། སངས་རྒྱས་ཞལ་མཐོང་ནས་མོ་ལྷའི་ལུས་ལྟར་གྱུར། ཆོས་གསུངས་པས་རྒྱུན་དུ་ཞུགས་པ་ཐོབ་སྟེ་གྲོལ་ལོ། །དེ་ན་སེམས་ཅན་སུ་ལ་ཡང་བརྙས་པས་སྨྲ་བར་མི་བྱའོ། །ཡང་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན། མི་དབུལ་པོ་གཅིག་གིས་ཤིང་བཙོང་ནས་གསེར་གྱི་དོང་ཙེ་གཉིས་ཐོན་དེ་སངས་


CMR048_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསེར་ཐུབ་དགེ་འདུན་དང་བཅས་པ་ལ་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་མིར་སྐྱེས་ཤིང་། གར་སྐྱེས་ལག་ཏུ་གསེར་གྱི་དོང་ཙེ་ཡོད་པར་གྱུར། ནོར་ཕྱུགས་ཤིང་ལོངས་སྤྱོད་ཟད་པ་མེད་པར་གྱུར་ཏེ། ཕྱིས་རྒྱལ་པོའི་ཁབ་ན་ཁྱིམ་བདག་མོ་གཅིག་ལ་བུ་སྐྱེས་པ་བུ་ལྟ་བས་ཆོག་མི་ཤེས་པ་ཁུ་ཚུར་བཅངས་བ་གཅིག་སྐྱེས། ཁུ་ཚུར་གཉིས་ཕྱེས་པས་གསེར་གྱི་དོང་ཙེ་གཉིས་གདའ། དེ་བླངས་བས་ཀྱང་རེ་རེ་བྱུང་ནས་གསེར་གྱི་བང་མཛོད་གང་བས་བུའི་དོང་ཙེ་མ་ཟད། ཕྱིས་སྟོན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་སྟེ་དགེ་སློང་གསེར་གྱི་དབྱིག་གོ ༧ །ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་མི་དབུལ་པོ་ཞིག་གིས་དགེ་འདུན་ལ་དད་པས་ཕྱགས་དར་བྱས་མེ་ཏོག་བཏུས་ཏེ་གཏོར་ནས་སྨོན་ལམ་བཏབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་པ་དང་། བཟའ་བཏུང་ཁྲི་སྟན་ཕུན་སུམ་ཚོགས་པར་གྱུར་ཏེ། ཕྱིས་མཉན་ཡོད་ན་ཁྱིམ་བདག་ཆེ་ཞིང་མཐོ་བའི་བུར་སྐྱེས་ཏེ། གཟུགས་བལྟ་བས་ཆོག་མི་ཤེས་པར་གྱུར་ཏེ་སྐྱེས་མ་ཐག་ལྷ་རྫས་མེ་ཏོག་གི་ཆར་བབས་པས་མིང་ལྷའི་


CMR048_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་བཏགས། ཕྱིས་བུ་དེས་ཤཱཀྱ་ཐུབ་པ་འཁོར་བཅས་སྤྱན་དྲངས་ནས་བསྙེན་བཀུར་བ་ལ། ཁྱིམ་དུ་རིན་པོ་ཆེའི་གདན་དང་ཞལ་ཟས་ཐམས་ཅད་བསམ་པ་ཙམ་ནས་བྱུང་། དེ་ནས་རབ་ཏུ་བྱུང་བས་དགྲ་བཅོམ་ཐོབ་བོ། །དེ་ནས་སྦྱིན་པ་ཆུང་ངུ་ལ་ཡང་བསོད་ནམས་མེད་དོ་སྙམ་ནས་མ་བརྙས་ཤིག་གསུངས་སོ། ༧ །ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། དགེ་འདུན་རྣམས་ཁྱིམ་བདག་སོ་སོའི་བསྙེན་བཀུར་བ་ལ་མི་དབུལ་པོ་ཞིག་ཡིད་རང་ཞིང་རྡེའུ་དཀར་པོ་ལ་བྱས་པའི་ནོར་བུ་སྤར་གང་དགེ་འདུན་ལ་གཏོར་ཞིང་སྨོན་ལམ་བཏབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ནོར་བུ་དང་ཟས་གོས་ལོངས་སྤྱོད་ལྷུན་གྱིས་གྲུབ་པར་གྱུར། དེ་ནས་མཉན་ཡོད་དུ་ཁྱིམ་བདག་ཞིག་གི་བུར་སྐྱེས་མ་ཐག་ནམ་མཁའ་ལས་རིན་པོ་ཆེའི་སྣ་བདུན་ཆར་བཞིན་བབས་ནས་ཁྱིམ་གང་བུ་ལྷའི་རིན་པོ་ཆེ་བཏགས། ཕྱིས་རབ་ཏུ་བྱུང་ནས་ཐུབ་པའི་དྲུང་དུ་དགྲ་བཅོམ་ཐོབ་བོ། ༧ །ཡང་སྔོན་འདས་པའི་དུས་ན་རྒྱལ་པོའི་ཞལ་ལྕེ་བ་གཅིག་ཡོད། ཡུལ་དེའི་ཆས་ཀ་བྱིན་པ་ལ་དཔང་པོར་བྱེད་ལ་དེའི་ཚ་བོ་ལ་མེ་ཡི་བུ་ལོན་མང་པོ་དགོས་པ་ལ། བློན་པོས་ཆུང་མ་ལ་ལྐོག་རྔན་བྱིན་ནས་


CMR048_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མས་བློན་པོ་བསྐུལ་ཏེ། བུ་ལོན་པ་གཉིས་བློན་པོ་ལ་གཏུག་པས་བློན་པོས་རྫུན་སྨྲས་ཏེ་བུ་ལོན་མི་དགོས་སྨྲས་འཇལ་བཅུག་གོ །དེའི་རྣམ་སྨིན་གྱི་བློན་པོ་དེ་དམྱལ་བར་སྐྱེས་སོ། །དེ་ནས་སྐྱེ་བ་ལྔ་བརྒྱར་མིག་རྣ་བ་སོགས་དབང་པོ་མེད་པའི་ཤའི་གང་བུར་སྐྱེས་སོ། །དེ་ནས་མཉན་ཡོད་དུ་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ནོར་རྒྱལ་པོས་བཞེས་གྲབ་ཡོད་པ་གཅིག་གི་བུར་མཚན་མ་མ་གཏོགས་ཅི་ཡང་མེད་པ་གཅིག་བྱུང་བས། བུག་པ་དང་ཁ་ཡོད་པས་གསོས་ནས་ནོར་རྒྱལ་པོས་མ་བཞེས་སོ། །དེ་ཅི་ལས་བྱུང་བཅོམ་ལྡན་འདས་ལ་ཞུས་པས་སྔོན་བྱུང་གསུངས་སོ། །དེ་ཡང་བློན་པོ་དེ་སྦྱིན་པ་ལ་དགའ་བས་རྟག་ཏུ་ཕྱུག་པོར་སྐྱེས་ཀྱང་། རྫུན་གཅིག་སྨྲས་པས་དབང་པོ་མ་ཚང་བར་འགྱུར་རོ། །ཡང་སྔོན་སངས་རྒྱས་བསོད་སྐྱབས་བཞུགས་པའི་ཚེ་དགེ་སློང་གཅིག་གིས་ཡུལ་ཐམས་ཅད་དུ་དགེ་བསྐུལ་ལ་བྱོན་ནོ། །དེར་བུད་མེད་འདའ་ནི་ཀ་བྱ་བ་ཤིན་ཏུ་དབུལ་ཕོངས་ཏེ་ཁྱོ་ཤུག་གཉིས་ལ་རས་ཡུག་གཅིག་ལས་མེད་དོ། །སྒོ་ན་སུ་འགྲོ་དེས་གྱོན་རེས་བྱེད་གཅིག་གཅེར་བུར་འདུག་གོ །དེར་དགེ་སློང་གི་བུད་མེད་དེ་ལ་སྦྱིན་པའི་ཕན་ཡོན་གསུངས་


CMR048_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པས། མོས་མི་བདག་ལ་ཡང་བསྟུན་ནས་རས་ཡུག་ཕུལ་ཏེ་གཉིས་གཅེར་བུར་ཁྱིམ་ན་ཡིབ་སྟེ་བསྡད་དོ། །དགེ་སློང་གི་རས་ཡུག་སངས་རྒྱས་ལ་ཕུལ་བས་དྲི་མ་ཅན་དེ་ཕྱག་ཏུ་བསྣམས་ནས། སྦྱིན་པ་རྣམ་པར་དག་པ་ནི་འདི་ན་ཡིན་ནོ་གསུངས་པས། རྒྱལ་པོ་དང་བཙུན་མོས་ལུས་གོས་དང་རྒྱན་ཕུད་དེ་ཁོང་གཉིས་ལ་བཀུར་རོ། །ཁོང་གཉིས་འོང་ནས་སངས་རྒྱས་ལ་ཆོས་ཉན་ནོ། །དེ་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་རས་གོས་དང་བཅས་ཏེ་སྐྱེས་ནས་ལོངས་སྤྱོད་ཆེན་པོ་དང་ལྡན་ནོ། །ཕྱིས་མཉན་ཡོད་ན་ཁྱིམ་བདག་པོ་ཞིག་ལ་བུ་མོ་བལྟ་བས་ཆོག་མི་ཤིས་པ་གཅིག་རས་དཀར་པོ་འཇམ་པོ་གྱོན་པ་གཅིག་སྐྱེས་པས་དཀར་མོ་བཏགས། བུ་མོ་ཚར་བཞིན་དུ་རས་ཡང་ཚར་ཏེ་གོས་གཞན་མ་དགོས། དེ་ནས་ཐུབ་པའི་དྲུང་དུ་དགེ་སློང་མ་ཞུས་པས་དགེ་སློང་མའི་གོས་ཐམས་ཅད་རས་དེ་ལ་རང་གྲུབ་ཏུ་བྱུང་ངོ་། །དེ་ནས་དགྲ་བཅོམ་པ་ཐོབ་བོ། ༧ །སྔོན་ཡུལ་ཨ་པ་དེ་ན་ཁྱིམ་བདག་ལོངས་སྤྱོད་ཆེ་ལ་སེར་སྣ་ཆེ་ཞིང་སྙིང་རྗེ་མེད་པ་གཅིག་ལ། གཡོག་མོ་རྒན་མོ་གཅིག་ཡོད་པས་མི་ཚེར་ལས་ཀ་བྱས་ཀྱང་གོས་ཀྱི་ལུས་མི་ཐུམ། ཟས་ཀྱང་མ་མྱོང་


CMR048_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ད་ང་ཟས་གོས་ནི་མེད་རྒས་གྲགས་ཀྱང་ལས་ཀ་ནི་དགོས་འཆི་རྒྱུ་མེད་པ་སྙམ་པས་ཆུ་ལེན་ནས་ངུ་འབོད་བྱེད་ཅིང་ཡོད་ཙ། དེར་འཕགས་པ་ཀཱ་ཏྱཱ་ཡ་བྱོན་ནས། ཁྱོད་དབུལ་ཞིང་སྡུག་བསྔལ་འདི་ཨེ་བཙོང་གསུངས། ཅི་ལྟར་བྱ་ཞུས་པས། ཁྱོད་སང་ཁྲུས་གྱིས་ལ་ང་ལ་ཆུ་ལྷུང་བཟེད་གང་ཕུལ། དེ་ལ་བསྔོ་བ་ཤོ་ལོ་ཀ་མཛད། །བསླབ་པའི་ཚིག་ཀྱང་གཅིག་གནང་། སངས་རྒྱས་ཀྱི་མཚན་ནས་བརྗོད་དུ་བཅུག་གོ །དེར་མོ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མོར་སྐྱེས་སོ། །དེ་ནས་ལྷ་མོ་དེ་འཁོར་ལྔ་བརྒྱ་བཅས་ནས་རྒན་མོའི་རུས་བུ་ལ་མཆོད་པ་བྱེད་པས་ཡུལ་དེའི་མི་རྣམས་ཀྱིས་ཀྱང་མཐོང་ནས། ཅི་ཡིན་དྲིས་པས་ལོ་རྒྱུས་བཤད་ལྷ་དེ་དག་ཀཱ་ཏྱཱ་ཡ་ན་ལ་ཆོས་ཞུས་པས་སོ་སོ་ནས་འབྲས་བུ་ཐོབ་བོ། ༧ །ཡང་སྔོན་སངས་རྒྱས་རྣམ་པར་གཟིགས་མྱ་ངན་ལས་འདས་རྗེས་དགེ་སློང་མང་པོ་ལ་ཁྱིམ་བདག་རྣམས་བསྙེན་བཀུར་བྱེད་པ་ལ། མི་དབུལ་པོ་ཁྱོ་ཤུག་གཉིས་ལ་འབུལ་རྒྱུ་མེད་པས་མི་དེ་ངུས་པས། བུད་མེད་དེས་ཁྱིམ་དང་མཛོད་རྣམས་ཉུག་དང་ཅུང་ཟད་ཅི་གདའ་འབུལ་ཟེར། བཙལ་བས་གསེར་གྱི་དོང་ཙེ་གཅིག་


CMR048_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གདའ་བ་བུམ་པ་ནང་དུ་བཅུག་སྟེ་ཆུ་གཙང་མས་བཀང་མེ་ལོང་གིས་བཀབ་ནས་ཕུལ་ལོ། །དེའི་དགེ་བས་དེ་གཉིས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཏེ། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་མཛེས་ཤིང་བལྟ་ན་སྡུག་པ་གསེར་གྱི་ཁ་དོག་ཏུ་གྱུར། ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་གཅིག་ལ་བུ་གསེར་གྱི་མདོག་ཅན་གཅིག་དང་། ཡུལ་རྩམ་པ་ན་བུ་མོ་དེ་འདྲ་བ་གཅིག་སྐྱེས་ཏེ། དེ་གཉིས་སྐྱེས་མ་ཐག་ཁྱིམ་དུ་ཁྲོན་པ་གཅིག་བྱུང་བ་ནས་ཆུ་བཅུས་ན་རིན་པོ་ཆེ་དང་ཟས་གོས་ཡིད་ལ་ཅི་བསམ་པ་འོང་བར་འགྱུར་རོ། །དེ་གཉིས་ཕ་མས་གཉེན་བྱས་ཏེ་བསུས་པ་ན་བཅོམ་ལྡན་འདས་སྤྱན་དྲངས་ནས་ཆོས་ཉན་ཏེ་གཉིས་ཀ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། །དགེ་སློང་གསེར་ལྷའོ། །དབུལ་པོ་དེས་ཅུང་ཟད་སྦྱིན་པའི་བསོད་ནམས་དེ་ལྟར་རོ། ༧ །ཡང་སྔོན་སངས་རྒྱས་རྣམ་པར་གཟིགས་དུས་ཁྱིམ་བདག་གཅིག་གིས་གསེར་གྱི་དོང་རྩེ་གཅིག་ཕུལ་བསླབ་ཚིག་གསུམ་མནོས་ཏེ་སྲོག་བཅད་སོགས་སྤངས་བས། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ལོངས་སྤྱོད་ཆེ་ཞིང་ཚེ་རིང་ངོ་། །ཕྱིས་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་


CMR048_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མེད་པ་གཅིག་གི་བུར་སྐྱེས་པ་པང་ནས་ལྷུང་སྟེ་ཆུ་ལ་ཤོར་བས་ཉ་ཆེན་པོ་གཅིག་གིས་མིད། ཉ་དེ་གྲོང་ཁྱེར་འོག་མའི་ཉ་པས་སོད་པའི་ཁོག་ནས་བུ་མ་ཤི་བར་བྱུང་བ་དེར་ཁྱིམ་བདག་ཕྱུག་པོ་བུ་མེད་པ་གཅིག་གི་བུ་བྱས་པ། ཁྱིམ་བདག་གཉའ་མས་ཐོས་ཏེ་ངའི་བུ་ཡིན་པས་གཏོད་ཟེར། འོག་མས་ངས་ལྷ་མཆོད་པས་ལྷས་གནང་ནས་ཉའི་ཁོག་ནས་བྱུང་ཟེར་མ་འཆམས་ནས་རྒྱལ་པོ་ལ་གཏུགས་པས་ཁྱེད་གཉིས་ཀའི་ཐུན་མོང་གྱིས་གསུངས། གཉིས་ཀ་ཕྱུག་པས་བུ་དེ་ལོངས་སྤྱོད་ཕུན་སུམ་ཚོགས་པས་གསོས་ཏེ་ཆེར་སྐྱེས་ནས་ཕ་མ་གཉིས་ལ་ང་རབ་ཏུ་བྱུང་དགོས་ཟེར་ནས། ཕ་གཉིས་ཀྱི་བུ་གཅེས་དྲག་པས་ངོ་མ་ཆོག །ཤཱཀྱ་ཐུབ་པའི་དྲུང་དུ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་པ་དགེ་སློང་རིགས་གཉིས་པའོ། །གསེར་ཕུལ་བས་ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཆེ། སྲོག་བཅད་སྤངས་བས་ཆུར་བྲུལ་ནས་ཉས་མིད་ཀྱང་མ་ཤི། སྐྱབས་སྡོམ་ཞུས་པས་དགྲ་བཅོམ་ཐོབ་པ་ཡིན་གསུངས་སོ། ༧ །སྔོན་འདས་པའི་དུས་ན་མི་སུམ་ཅུ་སོ་གཉིས་ཀྱི་བ་གླང་གཅིག་བརྐུས་ནས་རྒན་མོ་གཅིག་གི་ཁྱིམ་དུ་ཁྲིད་པས་བ་གླང་དེས་ཀྱང་གསོད་པར་ཤེས་ནས་ཁྱེད་རྣམས་གསོད་


CMR048_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། བ་གླང་བཤས་ཏེ་རྒན་མོ་དང་མཉམ་དུ་ཟོས་སོ། །ཡང་རྒན་མོ་ཞིག་གིས་སྤོས་ཉོས་ནས་མར་དང་སྦྱར་ཏེ་མཆོད་རྟེན་ལ་བྱུག་པའི་རོག་མི་སུམ་ཅུ་སོ་གཉིས་ཀྱིས་བྱས་ཏེ་སྐྱེ་བ་ཐམས་ཅད་དུ་མ་བུར་སྐྱེས་ཤིང་ཆོ་རིགས་བཙུན་ལ་ཕྱུགས་པར་སྨོན་ལམ་བཏབ་བོ། །དགེ་སྡིག་དེ་དག་སོ་སོར་སྨིན་ཏེ། སྐྱེ་བ་ཐམས་ཅད་དུ་སྨོན་ལམ་བཏབ་བཞིན་སྐྱེས་ཀྱང་དུས་གཅིག་ཏུ་བ་གླང་གི་སྐྱེ་བ་དེས་གསོད་པ་ལན་ལྔ་བརྒྱ་བྱུང་ཞིང་། ཕྱིས་མཉན་ཡོད་ན་རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རི་དྭགས་ཞེས་པའི་བུ་བདུན་གྱི་ཐ་ཆུང་ལ་མནའ་མ་ལྷ་མཚམས་མ་ཞེས་བྱ་བ་རིག་པ་ཅན་ཞིག་ཡོད་པ་རྒྱལ་པོས་ཀྱང་ཐུགས་གཅེས། དེ་ལ་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་བ་ལས་བུ་དཔལ་རྩལ་དང་ལྡན་པ་སུམ་ཅུ་རྩ་གཉིས་ཚར་བ་ལ། བློན་པོ་གཞན་ཞིག་གིས་རྒྱལ་པོ་གསོད་པར་འདུག་གོ་ཞེས་དབྱེན་བྱས་པས་རྒྱལ་པོས་གྱད་སྟོབས་པོ་ཆེ་རྣམས་གཏང་ནས་དུས་གཅིག་ལ་བསད་དོ། །ལྷ་མཚམས་མ་ནི་བཅོམ་ལྡན་འདས་ཀྱི་དགེ་སློང་མར་གྱུར་ཏོ། །རྒྱལ་པོ་ནི་བ་ལང་གི་སྐྱེ་བ། མ་དེ་ནི་རྒན་མོ་དེ་བུ་སུམ་ཅུ་སོ་གཉིས་ནི་རྐུན་མ་དེ་རྣམས་ཡིན་པར་གསུངས་སོ། །དེ་


CMR048_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བ་གཅིག་བསད་པའི་འབྲས་བུ་ནི་དེ་ལྟར་རོ། ༧ །སྔོན་སངས་རྒྱས་འོད་སྲུང་འདས་ནས་ཁྱིམ་བདག་གཅིག་གིས་མཆོད་རྟེན་བརྩེགས་དགེ་འདུན་གྱི་འདུ་ཁང་བྱས་ནས་ཡུན་རིང་འཚོ་བ་སྦྱར་བ་ལ། ཕྱིས་དེ་རྣམས་ཞིག་ཅིང་འཚོ་བ་ཆད་པ་ལས། ཁྱིམ་བདག་དེའི་བུ་དགེ་སློང་ཞིག་ཡོད་པས་ཞིག་གསོས་སྔར་བཞིན་བྱས་ནས་སྨོན་ལམ་བཏབ་པས། ཕྱིས་ལྷོ་ཕྱོགས་ཡུལ་གསེར་སའི་རྒྱལ་པོ་ཀ་པི་ན་ཆེན་པོར་སྐྱེས་ཏེ། ཡོ་བྱད་བཏང་བ་ནི་འཁོར་རྒྱལ་ཕྲན་ཁྲི་བརྒྱད་སྟོང་དུ་སྐྱེས་ནས་ཤིན་ཏུ་སྟོབས་ཆེ་ནས་ཡུལ་དབུས་ཀྱི་རྒྱལ་པོ་གསལ་རྒྱལ་ཞབས་སུ་བཅུག་པར་ཤོམ་པ་ལ་བཅོམ་ལྡན་འདས་འཁོར་ལོ་སྒྱུར་རྒྱལ་དུ་སྤྲུལ་ནས་བཏུལ་ཏེ། རྒྱལ་པོ་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་བོ། །དེ་ལྟར་ཞིག་གསོས་ཀྱི་བསོད་ནམས་ཀྱི་ནི་རྒྱལ་པོ་སྟོབས་ཆེན་དུ་སྐྱེ་ཞིང་འབྲས་བུ་ཐོབ་བོ། ༧ །སྔོན་མི་ཕྱུག་པོ་གཅིག་ལ་བུ་མེད་ནས་ཆུང་མ་བཞག་པ་ལ་བུ་ཡོད་པ་ཆེན་མས་ཚངས་སྨེ་ལ་ཁབ་བཙུགས་ནས་བསད། མོས་མ་བསད་ཟེར་ནས་སྨོན་ཚུལ་ལོག་པའི་མནའ་བསྐྱལ་ལོ། །ཡང་རང་སངས་རྒྱས་གཅིག་ལ་བསོད་སྙོམས་ཕུལ་བས་དེ་ནམ་མཁའ་ལ་འཕུར་བ་


CMR048_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས་མོ་དད་པ་སྐྱེས་ཏེ། ང་ཡང་ཁྱོད་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེར་བུ་བསད་པས་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་དཔག་མེད་མྱོང་སྟེ། ཕྱིས་མཉན་ཡོད་ན་བུད་མེད་མཆོག་ཏུ་གྱུར་པ་གཅིག་ཏུ་སྐྱེས་ནས་བག་མ་ལ་སོང་ནས་བུ་གཉིས་ཡོད་པ་ལ་མི་དེ་དུག་སྦྲུལ་གྱིས་བསད། བུ་གཅིག་ཆུས་ཁྱེར་གཅིག་སྤྱང་ཀིས་ཟོས། ཕ་མིང་ལ་མེ་མཆེད་ནས་ཕ་མ་མིང་པོ་ཐམས་ཅད་ཚིག །ཡང་གཞན་མི་ཞིག་དང་མཉམ་དུ་བསྡད་ནས་བུ་གཅིག་ཡོད་ཛ་མི་དེ་ཆང་བཟི་བྱས་ནས་བུ་བསད་ནས་ཤ་མོ་ལ་མི་ཟ་དབང་མེད་བྱས། དེར་མོ་སྡུག་ནས་བྲོས་སོང་བས་མི་གཞན་ཞིག་གིས་བུད་མེད་ཤི་བ་དང་ཕྲད་པས་མོ་བཞག་པ་ལ་མི་དེ་ཤི། དེ་ས་ཆའི་སྲོལ་ཡིན་པས་མོ་རོ་དང་མཉམ་དུ་དོང་ནང་དུ་བཅུག་པ་དང་། །རྐུ་མས་དུར་སློག་པས་མོ་ཁྱེར་ནས་ཆུང་མ་བྱས་པ་ལ་རྐུན་མ་ལ་ཁྲིམས་ཕོག་ནས་རྒྱལ་པོས་བསད་དེ་ཡང་རོ་དང་མཉམ་དུ་དུར་དུ་བཅུག་པ་དུར་སྤྱང་ཀུས་སློག་ནས་མོ་ཐར་ཏེ་བཅོམ་ལྡན་འདས་མཇལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་ཀྱང་ལྕགས་སྲེག་གི་ཐུར་མ་སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་དུ་ཟུག་ནས་དུས་རྟག་ཏུ་ཟུག་གཟེར་ཆེ་བ་བྱུང་ངོ་། །དེ་ནི་ཁབ་བཙུགས་


CMR048_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ལྷག་མ་དང་། ཡུགས་སར་ལན་མང་དུ་ལུས་པ་སྨོན་ཚུལ་ངན་པ་དང་། དགྲ་བཅོམ་ཐོབ་པ་རང་སངས་རྒྱས་ལ་བསྙེན་བཀུར་བ་སྟེ་སོ་སོར་ལུས་གཅིག་ལ་སྨིན་ནོ། ༧ །སྔོན་བསྐལ་པ་གྲངས་མེད་པའི་གོང་དུ་རི་གཅིག་ན་དྲང་སྲོང་ཉིས་སྟོང་བཞུགས་པ་ལ་ལོ་བཅུ་གཉིས་ལ་ཆར་མི་འབབ་པ་ཐོས་ནས་ཁྱིམ་བདག་ཕྱུག་པོ་གཅིག་མི་ལོ་བཅུ་གཉིས་ལ་ཡོན་བདག་བྱེད་པར་ཁས་བླངས། མི་ལྔ་བརྒྱ་འཚོ་བ་སྦྱར་བར་བསྐོས་པས་མ་འཁྱོངས་ནས། རྒྱུན་དུ་དཀའ་ལས་འདི་སྤྲང་པོ་འདི་ཚོའི་དོན་ཡིན་ཞེས་ཚིག་ངན་སྨྲས། གུང་ཚིག་དུས་མི་གཅིག་གདན་འདྲེན་ལ་བཏང་བའི་རྗེས་སུ་ཁྱི་གཅིག་ཀྱང་རྒྱུན་དུ་འགྲོ་བ་ལ་ཉིན་གཅིག་གདན་འདྲེན་བརྗེད་ཀྱང་ཁྱི་དེ་ཡོངས་ནས་ཟུག་པས་བྱོན། །ལོ་བཅུ་གཉིས་སོང་ནས་ཆར་འབབ་པས་སོ་ནམ་གྱིས་གསུངས་ནས་ཞིང་རྨོས་པས་ཀུ་བ་ཁོ་ན་སྐྱེས་པ་འབྲས་བུས་གང་ནས་བང་མཛོད་ཐམས་ཅད་གང་། དེར་མི་ལྔ་བརྒྱ་དད་པ་སྐྱེས་ནས་སྔར་ཚིག་ངན་སྨྲས་པ་ལ་བཤགས་པ་བྱས་སོ། །སྤྲང་པོ་ཚོ་སྨྲས་པས་སྐྱེ་བ་ལྔ་བརྒྱ་སྤྲང་པོར་སྐྱེས་ཏེ། ཕྱིས་མཉན་ཡོད་ན་སྤྲང་པོ་ལྔ་བརྒྱར་གྱུར་པ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་


CMR048_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བཤད་པའི་ཕན་ཡོན་ཏེ། རྒྱལ་པོ་བློན་པོ་རྣམས་ཀྱིས་ཐུབ་པ་འཁོར་བཅས་སྤྱན་དྲངས་ཀྱང་སྤྲང་པོ་རབ་ཏུ་བྱུང་བ་མི་འབོད་ཟེར་བས་ཐུབ་པས་བཀའ་གནང་སྟེ་སྒྲ་མི་སྙན་ནས་མ་རྨོས་ལོ་ཐོག་གི་འབྲས་ལྷུང་བཟེད་རེ་བླངས་ནས་ནམ་མཁའ་ལ་བྱོན་ནས་ཐུབ་པ་དང་མཉམ་དུ་གུང་ཚིག་གསོལ་བས་ཐམས་ཅད་དད་ཅིང་དེ་ཕྱིས་མཉམ་དུ་གདན་དྲངས་སོ། ཁྱིམ་བདག་དེ་ནི་བཅོམ་ལྡན་འདས། བང་མཛོད་བསྲུང་བ་ནི་རྒྱལ་བུ་རྒྱལ་བྱེད། སྤྱན་འདྲེན་པ་ནི་རྒྱལ་པོ་ཨུ་པ་ན། ཁྱི་དེ་ནི་ཁྱིམ་བདག་སྐད་སྙན་ཏེ་སྐྱེ་བ་ཐམས་ཅད་དུ་སྐད་སྙན་ནོ། ༧ །མཉན་ཡོད་ན་བུད་མེད་སྙན་དགའ་མོ་ཞེས་བྱ་བ་དབུལ་ཞིང་ཕོངས་པ་ཞིག་སྤང་སྤྱང་པས་མར་ཅུང་ཟད་ཅིག་རྙེད་པ་བཅོམ་ལྡན་འདས་ལ་མར་མེ་ཆུང་ཆུང་གཅིག་བྱས་ཏེ་ཕུལ་བ་མར་མེ་འཛིན་ནས་ཕྱིར་ནངས་ཡང་མ་དམའ། དེ་མོའུ་འགལ་གྱི་བུ་ཉིན་པར་མར་མེ་མི་དགོས་སྙམ་ནས་བསད་ཀྱང་མ་སོད། དེར་བཅོམ་ལྡན་འདས་ཀྱི་བུད་མེད་མ་འོངས་གྲངས་མེད་གཉིས་འདས་པ་ན་སངས་རྒྱས་མར་མེའི་འོད་དུ་ལུང་བསྟན་ཏོ། །དེ་ཡང་སྔོན་སངས་རྒྱས་འོད་སྲུང་འཁོར་བཅས་བུད་མེད་ཕྱུག་མོ་གཅིག་དང་དབུལ་མོ་གཉིས་ཀྱི་


CMR048_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་དུས་གཅིག་བྱུང་བས། སྔོན་ལ་དབུལ་མོའི་སར་བྱོན་པ་ལ། མོ་རིགས་མཐོ་ཞིང་ཕྱུག་པའི་ང་རྒྱལ་གྱིས་ངའི་སར་སྔོན་ལ་མི་གཤེགས་པར་སྤྲང་མོ་སར་གཤེགས་ཞེས་ཚིག་ངན་སྨྲས་པས་མོ་སྐྱེ་བ་ལྔ་བརྒྱ་སྤྲང་མོར་སྐྱེས་ཏེ། ཕྱིན་ཉིན་མཆོད་ཅིང་དད་པས་ཐུབ་པ་དང་མཇལ་ཏེ་བྱང་ཆུབ་ལུང་བསྟན་ཐོབ་པའོ། །ཞེས་གསུངས་པས་ཐམས་ཅད་ཀྱི་བཅོམ་ལྡན་འདས་ལ་མར་མེ་དཔག་ཏུ་མེད་པ་ཕུལ་ལོ། །དེ་ཡང་སྔོན་སངས་རྒྱས་རིན་ཆེན་གཙུག་ཕུད་ཀྱི་དྲུང་དུ་དགེ་སློང་འཕགས་པའི་བཤེས་གཉེན་གྱིས་ཟླ་བ་པ་གསུམ་དུ་མར་མེ་ཕུལ་བའི་ཕྱིར་བསོད་སྙོམས་བྱས་པ་ལ་རྒྱལ་པོས་བུ་མོ་ཞིག་གིས་མར་མང་པོ་བྱིན་ནས། བསོད་སྙོམས་མི་དགོས་པར་ཟླ་བ་གསུམ་མར་མེ་ཕུལ་རྒྱུ་རྙེད་པས། བསྐལ་པ་གྲངས་མེད་པར་ཁོང་གཉིས་ལྷ་དང་མིའི་བདེ་སྐྱིད་མྱོང་སྟེ་གཟུགས་ཀྱང་ཁྱད་པར་འཕགས། མཐར་དགེ་སློང་དེ་སངས་རྒྱས་པ་མར་མེ་མཛད། བུ་མོ་ཤཱཀྱ་ཐུབ་པ་ཡིན་ཅིང་སངས་རྒྱས་ནས་མར་མེ་འབུལ་མཁན་མང་བ་ཡིན་གསུངས། ༧ སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་གསར་པ་དགེ་སློང་ཞིག་ཡུར་བ་ལ་འཕྱོངས་བ་ལ་འཕྱོངས་


CMR048_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་སྤྲེའུ་འདྲའོ་སྨྲས་པས། ང་ནི་དགྲ་བཅོམ་པ་ཡིན་པས་ངག་འཁྱལ་མ་སྨྲ་གསུངས་པས། དེས་བཤགས་པ་བྱས་ཀྱང་སྐྱེ་བ་ལྔ་བརྒྱ་སྤྲེའུ་སྐྱེས་ཏེ། རྒྱབ་རེས་བཤགས་པ་བྱས་པས་ཤཱཀྱ་ཐུབ་པ་མཇལ་ནས་སྦྲང་རྩི་ཕུལ་ཏེ་ཚེ་འཕོས་ནས་མིར་སྐྱེས་མ་ཐག་ཁྱིམ་སྦྲང་རྩིས་གང་ཕྱིས་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པ་དགེ་སློང་སྦྲང་རྩི་མཆོག་གོ །དེ་ལྟར་ངག་འཁྱལ་བསྲུང་བ་གལ་ཆེ་གསུངས་སོ། ༧ །སྔོན་སངས་རྒྱས་འོད་སྲུང་གི་མཆོད་རྟེན་མཇལ་དུ་མི་གཅིག་འོང་བས་མཆོད་རྟེན་དེ་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་འཕོ་དུས་ཀྱི་གླང་པོ་ཆེའོ་གཟུགས་ཆུང་ངུ་གཅིག་ཡོད་པ་ཅུང་ཟད་ཅིག་འདུག་པ་གསོས་ཏེ་སྡོང་རོས་བྱུགས་པས་མི་དེ་སྐྱེ་བ་ཐམས་ཅད་དུ་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་མི་ཟད་པར་གྱུར། །ཕྱིས་མཉན་ཡོད་ན་ཁྱིམ་བདག་གཅིག་ལ་བུ་གཅིག་ཡོད་མ་ཐག་མཛོད་ནང་ན་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་གཅིག་རང་བྱུང་དུ་སྣང་བུ་ཚར་བ་བཞིན་གླང་པོ་ཡང་ཚར། དེའི་གཅིན་སྡུག་ཡང་གསེར་དུ་བྱུང་། དེ་ལ་རྟག་ཏུ་ཆིབས་ཏེ་འགྲོ་བ་རྒྱལ་པོ་མ་སྐྱེས་དགྲས་འཕྲོག་ཀྱང་རྒྱལ་པོའི་རྩར་མེད་ཅིང་ཁོང་གི་རྩར་ཕྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་སྟེ་


CMR048_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་གླང་པོ་སྐྱོང་ཞེས་བྱ་སྟེ། གླང་པོ་ཆེ་ལྟ་མཁན་མང་བས་སོ་མ་གསོད་དེ་ད་ཁྱོད་མི་དགོས་སོ་ལན་གསུམ་སྨྲས་པས་ས་འོག་ཏུ་ནུབ་བོ། ༧ །སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པའི་མཇུག་གཟུགས་བརྙན་གྱི་ཆོས་ལ་སྤྱོད་པ་ན་དགེ་སློང་ལྔ་བརྒྱ་དབེན་པ་བརྟེན་པ་ན། དགེ་སློང་གཅིག་གིས་བསོད་སྙོམས་བྱས་ཏེ་འཚོ་བ་སྦྱར་བས་དེའི་དགེ་སློང་བདེན་བཞིའི་འབྲས་བུ་ཐོབ་ནས་མཚམས་བརྒྱག་སྤྲད་མཁན་ལ་སྨོན་ལམ་བཟང་པོ་བཏབ་པས། བསོད་སྙོམས་པ་དེ་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ལྷ་དང་མིའི་ལོངས་སྤྱོད་ཆེན་པོར་གྱུར་ཕྱིས་ཡུལ་ཀོ་ས་ལ་ན་ཁྱིམ་བདག་ཏུ་སྐྱེས་པ་ཡང་རིན་པོ་ཆེའི་སྣ་བདུན་གྱི་ཁང་པ་བདུན་བརྩེགས་པ་དང་ལྷའི་བུ་མོའི་འཁོར་མང་པོ་སོགས་ལྷའི་ལོངས་སྤྱོད་ཅི་འདྲ་བ་ཡོད་པར་གྱུར་ཏེ། ཕྱིས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་བོ། ༧ །སྔོན་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་མཆོད་རྟེན་མང་པོ་ཡོད་པའི་གཅིག་ཞིག་པ་ལ་རྒན་མོ་གཅིག་གི་གསོ་བའི་རོགས་མི་བཅུས་བྱས་ནས་སྨོན་ལམ་བཏབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ལྷ་དང་མིར་སྐྱེས་ཏེ་གཟུགས་བཟང་ཞིང་ལོངས་སྤྱོད་མཛེས་པ་དང་།


CMR048_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་བཀུར་བ་དང་། ནམ་ཡང་དམྱལ་བར་མི་ལྟུང་བར་གྱུར་ཏེ། ཕྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བུ་མོ་ཆུང་བ་སུ་ན་མ་ཞེས་བྱ་བར་གྱུར་ཏེ་ལྟ་ན་སྡུག་པར་གྱུར་པ་རྒྱལ་པོའི་བུ་གཅིག་གིས་བླངས་བ་ལ་སྒོ་ང་བཅུ་བྱུང་བ་ལ་བུ་བཅུ་བྱུང་བ་ཕྱིས་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ལ་རྒན་མོ་ནི་བུ་མོ་དེ་དང་མི་བཅུ་ནི་དགྲ་བཅོམ་བཅུའོ། ༧། ཡང་བཅོམ་ལྡན་འདས་ཀྱི་ཆོས་གསུངས་པའི་ཚེ་ནམ་མཁའ་ལ་ངང་པ་ལྔ་བརྒྱ་འཕུར་བས་ཐོས་ནས་ཡིད་དགའ་སྟེ་འབབ་འདོད་པ་རྔོན་པས་རྒྱ་བྲེས་ཏེ་ཟིན་ནས་བསད་མ་ཐག་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཏེ་སྐྱེ་བ་དྲན་ནས་བཅོམ་ལྡན་འདས་ལ་མཇལ་དུ་འོང་སྟེ་རྒྱུན་ཞུགས་ཐོབ་བོ། །དེ་ནས་སངས་རྒྱས་ཀྱི་བསྟན་པའི་ཆོས་ལ་ནན་ཏན་གྱིས་ཤིག་གསུངས་སོ། །དགེ་སློང་གོས་ངུར་སྨིག་གྱོན་པ་ལ་ངན་སེམས་དུས་གསུམ་གྱི་འཕགས་པ་ཐམས་ཅད་ལ་ངན་སེམས་བསྐྱེད་པ་ཡིན་པས་སྡིག་པ་ཚད་མེད་ལ། དད་པ་སྐྱེད་ན་བསོད་ནམས་ཚད་མེད་པར་གསུངས་ནས། སེང་གེ་ཡི་དམ་བརྟན་གྱི་བརྔོན་པ་ངུར་སྨྲིག་ཅན་ལ་གུས་པར་བྱས་པས་སྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་བས་མཐར་སངས་རྒྱས་ཚུལ་


CMR048_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གསུངས་སོ། ༧ །སྔོན་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ་དགེ་སློང་སྟོང་ཕྲག་བཅུ་འབྲས་བུ་ཐོབ་ཙེ་དགོན་པ་གཅིག་ན་བཞུགས་པ་ལ་ཚོང་པ་རྣམས་ཀྱིས་རིན་པོ་ཆེ་ཞིག་ཕུལ་བ་ལས་བྱེད་པའི་དགེ་སློང་ལ་གཏད་ནས་ཕྱིས་འཚོ་བ་སྲབ་ནས་བཙོང་བསམ་པ་ལ། འདི་ང་ལ་བྱིན་པ་ཡིན་ཁྱེད་སྤྱི་ལ་མིན་ཟེར། ཡིན་ཚུལ་སྨྲས་པས་འདི་ང་ཡིས་ཡིན་ཁྱེད་སྐྱག་པ་ཟའམ་ཟེར་བས། དེ་ཉིད་དམྱལ་བ་ཆེན་པོར་ཚེ་འཕོས་མ་ཐག་སྐྱེས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ངན་སྐྱུག་གི་ནང་དུ་སྐྱེས། འདས་པའི་སངས་རྒྱས་མང་པོའི་རིང་ལ་ཡང་ངན་སྐྱུག་གི་ནང་དུ་སྐྱེས། དེ་ནས་བྱ་རྒོད་ཕུང་པོའི་ཉེ་ལོག་གྲོང་ཁྱེར་མཚོ་ཆུང་གཅིག་ལ་མི་ཐམས་ཅད་བཤང་གཅི་འདོར་ཞིང་དྲི་ང་བའི་ནང་དུ་སྲིན་བུ་ཆེན་པོ་སྦྲུལ་འདྲ་བ་རྐང་ལག་བཞི་དང་མིའི་ཁ་མིག་ཅན་ལ་སྲིན་བུ་ཆུང་བ་མང་པོས་ཟ་ཞིང་མཚོའི་ནང་ནས་ཟུག་ཟེར་གྱིས་སྟེང་འོག་ཏུ་རྒྱུག་གོ །དེ་རྒྱུག་པ་ན་ཡང་མི་གཙང་གི་དྲི་ངད་ཁྱབ་སྟེ། ལོ་ཁྲི་ཕྲག་དུ་མ་ན་ཤི་ཡང་དེ་ཉིད་དུ་སྐྱེས་ཏེ་སངས་རྒྱས་སྟོང་མ་རྫོགས་བར་དུ་དེར་གནས་དགོས་པར་གསུངས་སོ། །དགེ་སློང་ཀུན་ཏེའི་ལེའུའོ།། །


CMR048_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་གྲངས་མེད་པའི་གོང་དུ་ཡུལ་ཝཱ་རཱ་ཎ་སཱིར་མི་ཞིག་གི་ནོར་ཐམས་ཅད་གསེར་དུ་བསྒྱུར་ནས་གསེར་བུམ་བདུན་སར་སྦས་སོ། །ཕྱིས་ཤི་ཁ་དེ་ལ་སེམས་ཐོག་ནས་སྤྲུལ་དུ་སྐྱེས་ཏེ་གསེར་དེ་བསྲུང་ཞིང་ལོ་དུ་མ་ནས་གནས་གྲོང་ཁྱེར་ཞིག་ནས་ས་སྟོང་དུ་གྱུར་ཀྱང་སྦྲུལ་དེ་ཡང་ཡང་སྐྱེས་ཏེ་འདུག་པ་ལ་མི་ཞིག་འོང་བ་ལ་སྦྲུལ་དེས་བོས་ནས། ང་ལ་གསེར་ཡོད་པ་དགེ་འདུན་ལ་སྟོན་མོ་གྱིས་དེ་ཉིན་ང་ཡང་སུས་དེ་ལྟར་མི་བྱེད་ན་གནོད་པ་བྱེད་ཟེར་བས། མིས་ཀྱང་གསེར་བུམ་གཅིག་ཁྱེར་ནས་བཙོང་སྟེ་དགེ་འདུན་ལ་སྟོན་མོ་བྱེད་ཅིན་སྨྱུག་གཟེབ་ཁྱེར་ནས་སྦྲུལ་བསུས། སྦྲུལ་ལ་དགེ་འདུན་གྱིས་ཆོས་བཤད་པས་གསེར་བུམ་དྲུག་ཡང་ཕུལ་ལོ། །སྤྲུལ་ལྷར་སྐྱེས་སོ། །སྦྲུལ་ཤཱ་རིའི་བུ་དང་མི་དེ་སྟོན་པ་ཡིན་པར་གསུངས་སོ། ༧ །སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་དགྲ་བཅོམ་པ་རྒན་པོ་སྐད་མི་སྙན་པ་གཅིག་དང་གཞོན་ནུ་སྐད་སྙན་པ་གཉིས་འདོན་པ་དབྱངས་བྱེད་པ་ལ། གཞོན་པས་ཁྱོད་ཀྱི་དབྱངས་ནི་ཁྱི་ཟུག་པ་འདྲའོ་སྨྲས་པ་ལ། དེ་སྐད་མ་སྨྲ་ང་ནི་དགྲ་བཅོམ་པའོ་གསུངས་པས་འགྱོད་ནས་བཤགས་པ་བྱས་ཀྱང་། སྐྱེ་བ་ལྔ་བརྒྱར་ཁྱིར་སྐྱེས་ཏེ། ཕྱིས་མཉན་ཡོད་ན་


CMR048_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་གཅིག་ཏུ་སྐྱེས་པས་ཚོང་པའི་ཤ་བརྐུས་པས་རྐང་པ་བཅག་ནས་ས་སྟོང་དུ་བསྒྱུར་བ་ལ་ཤཱ་རིའི་བུས་ཟས་བྱིན་ཞིང་ཆོས་བཤད་པས་ཚེ་འཕོས་ནས་བྲམ་ཟེའི་བུར་སྐྱེས་པ་ཤཱ་རིའི་བུས་དགེ་ཚུལ་བྱས་དགྲ་བཅོམ་ཐོབ་བོ། །མཛངས་བླུན་ལེའུ་ང་གཅིག་སྣང་ངོ་། །ཞེས་པ་ནི་རང་གི་བརྗེད་ཐོ་ཙམ་དུ་དགེ་སློང་༧ རཱ་ག་ཨ་སྱས་བསྡུས་པའོ། །མངྒ་ལཾ།། ༈ །།ཆོ་འཕྲུལ་ཆེན་པོ། སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཅོམ་ལྡན་འདས་ལ་གུས་པས་བསྙེན་བཀུར་བྱེད། ནུ་བོ་ནི་སྟོན་པ་དྲུག་ལ་བསྙེན་བཀུར་བ་ལ། རྒྱལ་པོས་སྟོན་པ་ལ་བསྙེན་བཀུར་གྱིས་ཞེས་ནན་གྱིས་བསྐུལ་བས། ཁས་བླངས་ཀྱང་སྟོན་པ་དྲུག་ལ་ངག་བྱས་པས་སྔོན་ལ་གྲལ་མགོར་བསྡད་པ་ལ། སྟོན་པ་འཁོར་བཅས་དེའི་མཇུག་ཏུ་བཞུགས་ཙམ་ནས་སྟོན་པ་དྲུག་གྲལ་མཇུག་ཏུ་གྱུར། སླར་གྲལ་མགོར་ལན་གསུམ་སོང་ཡང་མ་ཚོར་བར་གྲལ་མཇུག་ཏུ་སླེབས། ཆབ་སྔོན་ལ་བཏང་བས་ཆབ་དྲིལ་འགགས། སྔོན་ལ་ཟས་འདྲེན་སྙམ་པ་རྩམ་ཟས་ནམ་མཁའ་ལ་ལྡིང་བས་འདྲེན་རྒྱུ་མ་རྙེད། སྨོན་ལམ་དང་ཆོས་བཤད་སྔོན་ལ་བཅུག་ཀྱང་ཁ་འཐམས་ནས་སྐད་མ་ཐོན། །


CMR048_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྔོན་ལ་སངས་རྒྱས་ཀྱི་མཛད་ཅིང་ཆོས་གསུངས་པས་རྒྱལ་པོ་ཅུང་པོ་ཆོས་ཀྱི་མིག་ཐོབ། གཞན་མང་པོ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེར་སྟོན་པ་དྲུག་མ་དགའ་སྟེ་དབེན་པར་འདུག་ན་བདུད་ཀྱི་རྫོགས་བྱེད་དུ་སྤྲུལ་ནས། རྫུ་འཕྲུལ་སྣ་ཚོགས་བསྟན། སྟོན་པ་དྲུག་གཅིག་གིས་གཅིག་ལ་རྫུ་འཕྲུལ་ཐོགས་པ་མེད་པར་མཐོང་སྟེ། སོ་སོ་ནས་ང་མ་གཏོགས་རོགས་རྣམས་རྫུ་འཕྲུལ་དང་ལྡན་སྙམ་སྟེ། དགེ་སྦྱོང་ཤཱཀྱའི་བུ་འདིས་རང་རེའི་བཀུར་བསྟི་ལ་གནོད་པས་ཆོ་འཕྲུལ་ཁོང་གི་ཅི་བསྟན་པའི་ལོག་པོ་སྟོན་པར་བྱ་ཞེས་བསྒོས་ནས། གཟུགས་ཅན་སྙིང་པོ་ལ་ཞག་བདུན་ནས་ཆོ་འཕྲུལ་འདྲེན་དགོས་ཞེས་ཟེར་རོ། །སྟོན་པ་རྒྱལ་པོས་ཞུས་པས་གནས་བྱི་དོར་མཛོད་གསུངས་ནས་སྟོན་པ་ཡུལ་གྲུ་ཕྲུག་ཏུ་རིམ་གྱིས་བྱོན་པས་ཁོང་རྣམས་ལ་བྲོས་སོ་ཞེས་བསྒྲགས་ནས་ཕྱི་བཞིན་དུ་བསྙགས་པས་ཡུལ་དྲུག་གི་རྒྱལ་པོ་ཆེན་པོ་དྲུག་ཀ་འཁོར་དང་བཅས་པ་ཡང་ཆོ་འཕྲུལ་བལྟ་ཕྱིར་འབྲང་ངོ་། །སྟོན་པ་དྲུག་གི་རྒྱལ་པོ་རྣམས་ལ་ཡང་ཡང་བསྐུལ་ནས་ཐུབ་པ་ལ་ནན་ཏན་གྱི་ཞུས་པ་ལ། བསྟེན་ནས་འཁོར་དཔག་ཏུ་མེད་པའི་དབུས་སུ།


CMR048_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ར་བའི་ཚེས་གཅིག་ནས་བཟུང་སྟེ་རྒྱལ་པོ་དྲུག་དང་རྒྱལ་བྱིན་ཚངས་པ་རྒྱལ་པོ་བཞི་སོགས་ཉིན་རེ་བཞིན་སྦྱིན་བདག་བྱས་ཏེ། དང་པོ་ཚེམས་ཤིང་ས་ལ་བཙུགས་མ་ཐག་ཡལ་འདབ་རྒྱས་པ་དཔག་ཚད་ལྔ་བརྒྱ་པ་ཤིང་ཐོག་བྲེ་ལྔ་ཤོང་བའི་བུམ་པ་ཙམ་དྲི་རོ་ཕུན་སུམ་ཚོགས་སོ། །གཉིས་པ་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་མཐོ་ལ་མཛེས་པ་ཁ་དོག་སྣ་ཚོགས་ཤིང་སྣ་ཚོགས་མེ་ཏོག་འབྲས་བུ་སྒྲ་སྙན་བྲག་རི་གཅིག་གི་རྩེ་ནས་འབྲས་བུ་རོ་བརྒྱ་དང་ལྡན་པས་མི་མང་པོ་ཚིམ། གཅིག་གི་རྩེ་ནས་རྩྭ་འཇམ་པོས་དུད་འགྲོ་རྣམས་ཚིམ་པར་སྤྲུལ་ལོ། །གསུམ་པ་ཞལ་བསིལ་བའི་ཆབ་བོར་བས་རིན་པོ་ཆེའི་རྫིང་བུ་དཔག་ཚད་ཉིས་བརྒྱ་རིན་ཆེན་སྣ་བདུན་གྱིས་སྤྲས་པ་འོད་ཟེར་འཕྲོ་ཞིང་ཡན་ལག་བརྒྱད་དང་ལྡན་རིན་པོ་ཆེའི་བྱེ་མ་པདྨ་ཤིང་རྟའི་འཕང་ལོ་ཙམ་ཁ་དོག་སྣ་ཚོགས་འོད་ཟེར་ཐམས་ཅད་གསལ་ལོ། །བཞི་པ་རིན་པོ་ཆེའི་རྫིང་ངོས་བཞི་པ་ན་ཡུར་བ་བརྒྱད་འབབ་པ། ཆུ་སྒྲ་ལ་ཆོས་ཀྱི་སྒྲ་སྣ་ཚོགས་ཅན་སྤྲུལ་ལོ། །ལྔ་པ་ཞལ་ནས་གསེར་མདོག་གི་འོད་ཟེར་སྤྲོས་ཏེ་ཆེན་པོའི་འཇིག་རྟེན་ཀུན་སྣང་བར་བྱས་ནས་ཐམས་ཅད་སྡུག་བསྔལ་དང་བྲལ་བདེ་བ་


CMR048_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ནོ། །དྲུག་པ་ལ་འཁོར་ཐམས་ཅད་འཁོར་ལོའི་སྒྱུར་རྒྱལ་དུ་བསྒྱུར་ནས་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་རྒྱལ་ཕྲན་བློན་པོ་རྣམས་ཀྱིས་བསྙེན་བཀུར་བྱེད་པར་སྤྲུལ་པས་ཐམས་ཅད་སྤྲོའོ། །བདུན་པ་ལ་རྒྱལ་བྱིན་གྱིས་སེང་ཁྲི་བཤམས་གཡོན་ནས་མཆོད། ཚངས་པས་གཡས་ནས་མཆོད་པ་ལ། ཕྱག་གཡས་ཁྲི་ལ་མནན་པས་སྒྲ་ཆེན་པོ་གྲགས་ཏེ་སྲིན་པོ་ལྔ་བྱུང་ནས་སྟོན་པ་དྲུག་གི་ཁྲི་བཤིགས། །ཕྱག་ན་རྡོ་རྗེའི་རྡོ་རྗེ་མེ་འབར་བས་སྟོན་པ་དྲུག་ལ་གཟིར་བས་སྟོན་པ་དྲུག་སྐྲག་ནས་བྲོས་ཏེ་ཁ་གཅིག་ཆུར་འཕྱོངས་ཏེ་ཤིའོ། །སྟོན་པ་དྲུག་འཁོར་སྟོང་ཕྲག་དགུ་བཅུ་ནི་སངས་རྒྱས་ལ་སྐྱབས་སུ་སོང་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། །དེ་ནས་སྐུ་ལས་འོད་ཟེར་ནམ་མཁའ་གང་འོད་ཟེར་རེ་རེ་ལ་པདྨ་རེ་རེ། པདྨ་རེ་རེ་ལ་སངས་རྒྱས་འཁོར་བཅས་རེ་རེ་སྤྲུལ་ལོ། །བརྒྱད་པ་ལ་སྐུ་ཚངས་ལྷ་ལ་ཐུག་གི་བར་དུ་མཐོ་བ་ལྷང་ངེར་བཞུགས། འོད་ཟེར་ཆེན་པོ་གནས་ཐམས་ཅད་སྣང་ངོ་། །ཐམས་ཅད་ཀྱི་གསུངས་པ་ཡང་ཐོས་སོ། །དགུ་པ་ལ་སྐུས་སྲིད་རྩེ་བར་གང་བ་འོད་ཟེར་ཆེན་པོ་བཞི་འབྱུང་མཛད་དོ། །བཅུ་བྱམས་པའི་ཏིང་ངེ་འཛིན་གྱིས་སྐུ་མི་སྣང་བ་


CMR048_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཆེན་པོ་བཀྱེ་ཞིང་གསུང་གི་ཆོས་སྟོན་ནོ། །བཅུ་གཅིག་བྱམས་པའི་ཏིང་ངེ་འཛིན་སྟོང་ཆེན་པོའི་འཇིག་རྟེན་འོད་ཀྱིས་གང་བས་ཐམས་ཅད་བྱམས་པའི་སེམས་དང་ལྡན་ནོ། །བཅུ་གཉིས་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་བ་ལ་པདྨ་རེ་རེའི་སྟེང་ན་སངས་རྒྱས་རེ་རེ། དེ་གཉིས་ལྟེ་བ་ནས་དེ་བཞིན་ཏེ་དེའི་མུ་ལ་སྟོང་གསུམ་གང་བར་སྤྲུལ་ལོ། །བཅུ་གསུམ་བཅོམ་ལྡན་འདས་ལ་རྒྱལ་པོ་ཨུ་དྲ་ཡ་ནས་མེ་ཏོག་གཏོར་བ་རིན་པོ་ཆེའི་ཤིང་ལྔ་སྟོང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་ཀུན་སྣང་བར་བྱས་སོ། །བཅུ་བཞི་སྣོད་ཀུན་ཟས་རོ་བརྒྱ་པས་གང་ནས་ཐམས་ཅད་ཚིམས་ཤིང་ལུས་སེམས་བདེ་བས་ཁྱབ་པ་དང་ཕྱག་གཡས་དར་ལ་སར་བས་དམྱལ་ཁམས་བཅོ་བརྒྱད་དངོས་སུ་མཐོང་སྟེ། དེ་དག་སོ་སོ་ནས་བདག་ཅག་སྔོན་སྡིག་པ་འདི་ལྟ་བུ་བྱས་པས་སྡུག་བསྔལ་འདི་ལྟ་བུ་བྱུང་ངོ་ཞེས་སྨྲས་པས་འཁོར་དེ་དག་གིས་མཐོང་ཞིང་ཐོས་ནས་སྙིང་རྗེ་ཞིང་བ་སྤུ་ལྡང་ངོ་། །དམྱལ་བ་དེ་སངས་རྒྱས་མཐོང་ཞིང་གསུངས་ཐོས་པས་ཚེ་འཕོས་ནས་ལྷ་དང་མིར་སྐྱེས་སོ། །དེ་ནས་གཟུགས་ཅན་སྙིང་པོའི་བཅོམ་ལྡན་འདས་ཀྱི་མཚན་སུམ་ཅུ་རྩ་གཉིས་མངའ་བ་གཞན་ལྟར་སྣང་ན་


CMR048_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་མཐིལ་འཁོར་ལོ་བསྟན་དུ་གསོལ་ཞུས་པས་འཁོར་ལོ་བྲིས་པ་ལྟ་བུ་བསྟན་ནོ། །དེ་ནས་མཚན་གྱི་རྒྱུ་དང་སྟོན་པ་དྲུག་དང་ལྷས་བྱིན་གྱི་སྔོན་ཡང་གསུངས་སོ། །ཞེས་པ་མཛངས་བླུན་ནས་བརྗེད་ཐོ་ཙམ་དུ་༧ ཨ་རཱ་གས་བྲིས་པའི་དགེ་བས་བདག་ཅག་དང་འབྲེལ་ཐོགས་ཐམས་ཅད་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བདུད་དང་བདུད་ཀྱི་རིགས་ཀྱིས་གླགས་མི་རྙེད་ཅིང་ལོག་འདྲེན་གྱི་གཡུལ་ལས་རྣམ་པར་རྒྱལ་ནས་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་འགོད་པ་ལ་མཐུ་ཐོགས་པ་མེད་པར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམདོ་སྡེ་མཛངས་བླུན་ནས་བཏུས།next